Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མ་ཅིག་ཁྲོས་མའི་བྱིན་རླབས་དབང་གི་རིམ་པ་བསྡུས་པ་ཐུགས་རྗེའི་ཉི་གཞོན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམ་ཅིག་ཁྲོས་མའི་བྱིན་རླབས་དབང་གི་རིམ་པ་བསྡུས་པ་ཐུགས་རྗེའི་ཉི་གཞོན།next

མ་ཅིག་ཁྲོས་མའི་བྱིན་རླབས་དབང་གི་རིམ་པ་བསྡུས་པ་ཐུགས་རྗེའི་ཉི་གཞོན།

མ་ཅིག་ཁྲོས་མའི་བྱིན་རླབས་དབང་གི་རིམ་པ་བསྡུས་པ་ཐུགས་རྗེའི་ཉི་གཞོན་བཞུགས་སོ༔

བཛྲ་ཀྲོ་དྷི་ཀ་ལི་ཧ་རི་ནི་ས་བྷྱེ༔ འདི་ལ་རྒྱས་བསྡུས་མང་ན་ཡང་༔ སྤྲོས་མེད་རྣལ་འབྱོར་ལྟ་དགོངས་ཅན༔ སློབ་མ་མཚན་ལྡན་འཛོམ་པ་ཡི༔ སྐུ་དང་གསུང་དང་ཐུགས་ཕྱག་མཚན༔ ཡོན་ཏན་རྣལ་འབྱོར་ཆས་བཅུ་གསུམ༔ ཕྲིན་ལས་མཐར་ཕྱིན་རྡོ་རྗེ་ལྔ༔ བུམ་པ་གསང་བ་ཤེས་རབ་དང་༔ བཞི་བ་ལས་སུ་བསྡུས་བའོ༔ དེ་ཡང་ལས་གཞུང་བསྙེན་སྒྲུབ་ཀྱི༔ ཡན་ལག་མཐར་ཕྱིན་དབང་ཐོབ་མཐར༔ ཁྲུས་དང་བགེགས་བསྐྲད་བསྲུང་འཁོར་བསྒོམ༔ མིག་དར་མེ་ཏོག་གཏད་པའི་རྗེས། ཆོས་བཤད་ལོ་རྒྱུས་ཅུད་ཟད་བརྗོད། འོཿ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཆོས་སྐུ་ཡུམ་ཆེན་མོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བདུད་གཅོད་ཟབ་མོ་ཉམས་སུ་བླངས་བར་བྱའོ་སྙམ་དུ་སེམས་བསྐྱེད་པ་དང་། ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་རྣམས་བླངས་དོར་ཚུལ་བཞིན་བགྱིས་ཏེ་ལེགས་པར་གསན་འཚལ། ༧འདིར་གང་ཉན་བྱའི་ཆོས༔ བདག་དང་ཡུལ་གྱི་འཕྱང་བ་ཆེན་པོ་རང་མལ་དུ་ཞིག་པས་བདག་མེད་བདེན་པ་མངོན་མཐོང་རྩོལ་མེད་ཐད་གྲོལ་དུ་ཕྱམ་བརྡལ་བའི་གསང་བའི་ནམ་མཁའ༔ བདེ་ཆེན་ཀུན་ཏུ་བཟང་མོའི་བྷ་ག་ཡངས་པའི་ཀློང་དུ་ཨེ་ཝཾ་ཟུང་འཇུག་གི་བཀོད་པ་ངོམས་བའི་གནས་རང་སྣང་དོན་གྱི་འོག་མིན་དེ་རུ༔ སྟོན་འཁོར་རྒྱུ་འཕྲུལ་རོལ་པའི་རྒྱལ་བོ་ས་ར་ཧ་དང་༔ རོལ་རྩལ་འཁོར་དུ་ངོམས་པའི་ཐོག་མ་ཛྙཱ་ན་སུརྱ་དང་༔ པྲཛྙཱ་ཙནྡའི་དབང་པོ་ལ་བཀའ་བསྒོས་ཏེ་ཆོས་ཉིད་ཀློང་གི་ཡངས་མཛོད་ཆེན་པོའི་སྒོ་ཕྱེས་ནས༔ རིན་པོ་ཆེ་མི་ཟད་རྒྱན་འཁོར་ཞེས་བྱ་བའི་གབ་བྱང་ཆེན་པོ་བདག་ཀློང་གྲོལ་རྡོ་རྗེ་མི་འགྱུར་བ་ལ་གཅེས་ནོར་དུ་གནང་བ་ཡིན༔ དེའི་ཚེ་དེའི་དུས་ན་འོད་གསལ་བརྡལ་ཁྱབ་ཆེན་པོའི་གསལ་སྒྲོན་རང་ཤར་ནས་བྱ་ཞིང་བྱེད་རྩོལ་མེད་པའི་འོད་ཀྱི་མདངས་གདངས་འདི་ཡང་ཡུལ་ངོས་བཟུང་དང་བྲལ་བ་ཚོགས་སྨོན་ལས་འཕྲོ་འཛོམ་པའི་གདུལ་བྱ་གང་དེའི་ཟ་ཐང་དུ་རང་བྱུང་བའོ༔ དེའི་ཕྱིར་ཁྱེད་ཅག་རྣམས་ཆོས་འདིའི་སྒོ་མཐོང་བ་ལ་སྤྲོ་བ་བསྐྱེད་དེ་ཕ་རོལ་ཕྱིན་པ་དྲུག་ཉམས་སུ་ལེན་པ་དང་། བླ་མ་དང་གཙོ་བོ་ཐ་མི་དད་པའི་དྲུང་དུ་ཞིང་ཁམས་རྒྱ་མཚོའི་བཀོད་པ་འབུལ་བ་ཐུགས་ལ་བཏགས་པར་ཞུ། མཎྜལ། དེའི་ཚོགས་བསགས་པ་ཐམས་ཅད་ཀྱི་འཇུག་སྒོ་མཎྜལ་ཕུལ་བ་སོང་ནས། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་བཟློས་མཛོད། ཀྱཻཿ སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ༔ པྲཛྙཱ་པ་ར་མི་ཏ་ནི༔ འགྲོ་བའི་དོན་སླད་ཟོལ་གྱིས་སྣང་༔ བསམ་ཡས་དཀྱིལ་འཁོར་མཁའ་རུ་སྦྲུམ༔ སྐུ་གསུམ་བཀོད་པའི་ཁྱད་པར་གྱི༔ སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་གཙོ༔ རྡོ་རྗེའི་བླ་མ་རིན་པོ་ཆེ༔ རྣམ་ཐར་གསུམ་ལྡན་དོན་གྱི་དབང་༔ བྱམས་དང་སྙིང་རྗེ་རྟགས་ཀྱི་དབང་༔ རྣམ་པ་བཅུ་དྲུག་སྟོང་པ་ཉིད༔ གཞན་དོན་ལྷུན་གྲུབ་ཕྲིན་ལས་དབང་༔ ཡོངས་རྫོགས་བདག་ལ་སྩལ་དུ་གསོལ༔ ལན་གསུམ་གནང་བ་སྦྱིན་པ་ནི། ཀྱཻཿ སྐལ་ལྡན་སེམས་ཀྱི་ཁྱེའུ་ཆུང་༔ དབང་མཆོག་དམ་པ་སྦྱིན་པ་ལ༔ རྡོ་རྗེ་སེམས་དཔའ་མཆོག་གང་གི༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ སྦ་བསྐོང་ ༼ སྐུང་དཔྱད། ༽མེད་པར་བསྲུང་ནུས་སམ༔ རང་ཉིད་ཞི་ལ་མི་གཞོལ་བར༔ གཞན་ཕན་སྲིད་མཐར་སྐྱོལ་ནུས་སམ༔ འཇིགས་སུ་རུང་བས་སྟོང་པ་ཉིད༔ བཟོད་པར་དཀའ་བ་བཟོད་ལགས་སམ༔ བརྟུལ་ཞུགས་སྤྱོད་པས་གཞན་དོན་དུ༔ རེ་དོགས་སྙེམས་འཁྲུགས་ཁྱོད་ལགས་སམ༔ བཟོད་ན་དབང་མཆོག་དམ་པ་སྦྱིན༔ ཞེས་པའི་མཐར༔ སློབ་བུའི༔ ཅི་གསུངས་པ་བཞིན་བཟོད་ལགས་ཏེ༔ བརྩེ་བ་ཆེན་པོའི་བཟུང་དུ་གསོལ༔ ཕ་རོལ་ཕྱིན་དང་ཡང་དག་མཐའ༔ བདག་ཅག་རྣམས་ལ་གསལ་བར་མཛོད༔ ཅེས་པའི་མཐར། སྐྱབས་སུ་འགྲོ་བ་འདིའི་རྗེས་བཟློས་གྱི། ཧོཿ ཡོད་པ་མ་ཡིན་མེད་མ་ཡིན༔ གཉིས་གཉིས་མཐའ་ལས་རྣམ་འདས་པ༔ ཤེས་རབ་ཕ་རོལ་ཕྱིན་མ་ལ༔ རྣམ་པ་ཀུན་ཏུ་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད། ཧོཿ ཟབ་ཞི་སྒྲོ་འདོགས་སོ་གཉིས་བྲལ༔ འཕགས་བཞི་བསྐྱེད་པའི་ཡུམ་ཆེན་མོར༔ མཐའ་ཡས་འགྲོ་བའི་ཚོགས་ཐམས་ཅད༔ ད་ལྟ་ཉིད་དུ་སྦྱོར་བར་བྱཿ ལན་གསུམ། ཚོགས་བསགས་པ་ནི། ཨོཾ་ཨཱཿཧཱུྃ༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྡིག་པ་མི་དགེ་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་ཚོགས་ཟག་མེད་ཆེན་པོར་བསྔོ། །ལན་གསུམ་དེ་ནས་དམ་ཆུ། ཧོཿ དམ་ཚིག་ཆེན་པོ་རྡོ་རྗེའི་ཆུ༔ དམ་བསྲུང་བར་ཆད་སེལ་བ་དང་༔ དངོས་གྲུབ་མཆོག་སྩོལ་ཉམས་གྱུར་ན༔ སྙིང་བསྲེགས་ན་རཀ་དམྱལ་བར་ལྟུང་༔ དེ་བས་ནན་ཏན་དམ་ཚིག་བསྲུང་༔ ས་མ་ཡ་ཨི་ཏན་ན་ར་ཀན༔ ལན་གསུམ་གྱིས་དུང་ཆོས་ཀྱི་ཆུ་བཏུང་། དམ་བསྒྲགས། ཧོཿ བུ་ཁྱོད་ཉོན་དང་རྡོ་རྗེའི་དམ༔ ཕྱི་རུ་སོ་སོར་ཐར་བ་དང་༔ ནང་ལྟར་བྱང་ཆུབ་སེམས་དཔའ་ཆེ༔ གསང་བ་སྔགས་འཆང་དམ་ཚིག་སྡོམ༔ མ་ལུས་ཡོངས་སུ་བཟུང་དགོས་ཏེ༔ བརྩོན་པ་མཆོག་གིས་བསྒྲིམ་དེ་བྱ༔ ཤེས་རབ་དམ་པས་བཟོད་པར་གྱིས༔ སློབ་བུའི། ཀྱེ་ཧོ་ངོ་མཚར་མཆོག་གི་གནས༔ ཟབ་དགུའི་རང་བཞིན་ཐེག་མཆོག་གིས༔ སྡོམ་གསུམ་ཅིག་ཆར་ཐོབ་པ་ལ༔ དགའ་ཞིང་གུས་པས་བསྲུང་བར་བྱ༔ ཉིས་བརྒྱ་ལྔ་བཅུ་ཕྱི་ཡི་དབང་༔ ཉི་ཤུའི་གྲངས་ལྡན་ནང་གི་སྟེ༔ བསྲུང་དུ་ཡོད་དང་མེད་པ་སོགས༔ ཐམས་ཅད་དུ་ནི་སྡོམ་པ་བཟུང་༔ ཞེས་ལན་གསུམ། སློབ་མ་ལྷར་བསྐྱེད་ནི། སྭཱ་བྷ་ཝས་སྟོང་བར་སྦྱངས། སློབ་མ་སྐད་ཅིག་དྲན་རྫོགས་སུ༔ པདྨ་ཉི་ཟླ་རོ་གདན་སྟེང་༔ ཀུན་ཤེས་རང་བཞིན་ཁྲོས་མ་ནག༔ ཇི་སྙེད་མཁྱེན་བའི་ཡེ་ཤེས་རྩལ༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཅན༔ སྤྱན་གསུམ་ཀུན་མཁྱེན་ཀུན་ཏུ་སྣང་༔ ཀུན་གཟིགས་འགྱུར་མེད་སྐུ་མདོག་མཐིང་༔ གར་སྟབས་རུས་རྒྱན་གར་ཆས་ཅན༔ ཤིན་ཏུ་འཇིགས་པའི་ཉམས་ཀྱིས་བརྗིད༔ ཞབས་གཉིས་གར་སྟབས་ཚུལ་དུ་བཞེངས༔ མེ་དཔུང་འབར་བའི་ཀློང་ན་འགྱིང་༔ སྤྱི་གཙུག་ཕག་ཞལ་ནག་པོ་ངུར༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ༔ དེ་ཡི་རྡོ་རྗེ་ཕུང་པོའི་གྲོང་༔ སྐུ་གསུམ་དཀྱིལ་འཁོར་བསམ་ཡས་རྫོགས༔ ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས༔ ཡེ་ནས་དབྱེར་མེད་རྫོགས་སངས་རྒྱས༔ གནས་གསུམ་རྡོ་རྗེའི་སྙིང་པོ་ནས༔ འོད་འཕྲོས་ཡེ་ཤེས་མཁའ་འགྲོའི་ཚོགས༔ སྤྱན་འདྲེན་གནས་འདིར་ས་མ་ཛ༔ བྱིན་དབབས་ནི་ཌཱ་དྲིལ་དང་རྐང་གླང་བཅས། ཕཊ་ཕཊ་ཕཊཿ ཡེ་ནས་སྤྲོས་བྲལ་གཉུག་མ་ཆེ༔ དམ་པ་དོན་གྱི་ཡུམ་ཆེན་མོ༔ འགགས་མེད་རྩལ་གྱི་སྒྱུ་འཕྲུལ་གར༔ རྡོ་རྗེ་གསུམ་གྱི་བྱིན་ཕོབ་ཅིག༔ རྩ་སྔགས་མཐར༔ ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ བརྟན་བཞུགས་ནི། དབྱིངས་ནས་དབབ་པའི་ཡེ་ཤེས་པ། །ཐམས་ཅད་དབྱེར་མེད་བདེ་ཆེན་དང་། །ཆུ་ཉིད་ལ་ནི་ཆུ་ཐིམ་ལྟར། །དུ་མར་སྣང་ཡང་ཡེ་ཤེས་གཅིག །ཕཊ་ཕཊ་ཕཊཿ ཅེས་བརྗོད་མེ་ཏོག་སྤྱི་བོར་བཀོད། དེ་ནས་དཀྱིལ་འཁོར་སྒོ་ཕྱེས་ལ། ཧོཿ དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ནས༔ སྒྲིབ་བྱེད་དྲི་མ་རྣམ་སངས་བའི༔ ཚོགས་བསགས་ཞིང་སྦྱོངས་སེམས་ཅན་སྨིན༔ དོན་གཉིས་མཐར་བྱིན་སླད་དུའོ༔ པྲ་ཝེ་ཤ་ཡ་ཕཊ༔ དེ་ནས། ཧོཿ རིག་པ་དོན་གྱི་པུཥྤེ་ཀཿ ཡེ་ཤེས་བྱིན་ཆེན་བབས་ལས་བྱུང་༔ དེ་མཐུས་སྔོན་འབྲེལ་གཉུག་མའི་ལྷ༔ གང་ཡིན་དེ་ལ་བབས་པར་ཤོག༔ པུཥྤེ་པྲ་ཏི་ཙ་ཧོ༔ མིག་དར། ཧོཿ མ་རིག་མཚོན་པའི་མིག་དར་འདི༔ ཡེ་ཤེས་གསེར་གྱི་ཐུར་མས་བསལ༔ བརྡའ་རྟགས་ཉོན་མོངས་རབ་རིབ་དག༔ ཡེ་ཤེས་ལྷ་ཡི་ཞལ་མཐོང་ནས༔ འགྲོ་ཀུན་སྐུ་གསུམ་བཅུད་སྨིན་ཤོག༔ ཕཊ་ཕཊ་ཕཊཿ མཐོང་བསྟན། ཧོཿ སེམས་ཉིད་མ་བཅོས་རྣལ་མ་འདི༔ ཤེས་རབ་ཕ་རོལ་ཕྱིན་པ་སྟེ༔ ཡེ་ཤེས་རང་བྱན་ཆུད་པ་ཡི༔ ཐེ་ཚོམ་ཟག་པ་ཀུན་ཆོད་ཅིག༔ དེ་ཡི་རྒྱན་གྱི་འཁོར་ལོ་ཀུན༔ ཝ་ར་ཧི་ཡི་རང་བཞིན་ཏེ༔ ཡེ་ཤེས་མ་བཅོས་གྱད་དུ་ཤར༔ རང་དབང་འབྱོར་ན་རྣལ་འབྱོར་བ༔ སྤྲིན་མེད་དག་པའི་ནམ་མཁའ་འདྲ༔ རྡོ་རྗེ་ཁྲོས་པའི་རང་བཞིན་ཉིད༔ སྒོ་གསུམ་སྐུ་གསུང་ཐུགས་རྡོ་རྗེ༔ སྐུ་གསུམ་རང་ངོ་མཐོང་བར་བསྟན༔ དངོས་གྲུབ་ཡིད་བཞིན་སྤྲིན་ཆེན་པོ༔ ཡོངས་སུ་ཐོབ་པའི་སྐལ་བཟང་ཡིན༔ བརྩོན་པ་མཆོག་ཏུ་བསྐྱེད་དེ་ཟུངས༔ དེང་ནས་ཉེས་ཟད་ལམ་དུ་དབང་༔ ཕཊ་ཕཊ་ཕཊཿ བྱིན་དབབས་འདིར་བཏགས་པའི་ཕྱག་ལེན་ཀྱང་ཡོད་པས་ཤེས་རབ་ཀྱི་མིག་གིས་ལྟོས། དེ་ནས་སྐུ་གསུང་ཐུགས་ཀྱི་དབང་དང་ཡོན་ཏན་ཕྲིན་ལས་ཀྱི་དབང་རྣམས་སློབ་དཔོན་རྡོ་རྗེ་སྐུ་གསུམ་གྱི་མཁའ་འགྲོར་གསལ་བ་དང་མདུན་བསྐྱེད་ལྷའི་སྤྱི་མགྲིན་སྙིང་ག་ལྟེ་བ་གསང་གནས་རྣམས་ནས་འོད་ཟེར་གྱི་ཚུལ་དུ་འབྱུང་ནས༔ སློབ་མའི་གནས་ལྔར་ཐིམ་པས་མཆོག་ཐུན་གྱི་དངོས་གྲུབ་ཐོབ་པར་བསྒོམ་ལ༔ ཐོག་མར། ཧཱུྃ༔ བུམ་པ་སྟོང་གསལ་སྐུ་ཡི་གདངས༔ དུས་གསུམ་རྒྱལ་བའི་དཀྱིལ་འཁོར་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཆོས་བདུན་རྡོ་རྗེའི་རང་བཞིན་ཅན༔ གཞོམ་མེད་སྐུ་ཡི་ཆོས་ཉིད་དུ༔ སྨིན་ནས་རྩ་ཁམས་རྣམ་དག་པ༔ བུམ་དབང་ཡོངས་སུ་རྫོགས་པར་ནི༔ ལྷ་སྐུ་བསྒོམ་པའི་སྣོད་རུང་གྱུར༔ རྩ་སྔགས་མཐར་ཀ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མ་ལུས་པའི་དབང་རྫས་རྣམས་རིམ་པར་འགྲིམ་ལ༔ ཨོཾ་ཨཱཿཧཱུྃ༔ གནས་ལུགས་དོན་དམ་སྤྲོས་པའི་སྒྲོ༔ རྣམ་པར་འདོགས་པ་སུམ་ཅུ་གཉིས༔ གྲོལ་བའི་རང་བཞིན་རྣམ་ཐར་གསུམ༔ ཡོངས་ལྡན་རྡོ་རྗེ་ཕག་མོ་ཡི༔ རྡོ་རྗེའི་སྐུ་ཡི་དབང་བསྐུར་རོ༔ རྣམ་པར་སྨིན་པའི་རིག་འཛིན་ཐོབ༔ མཐོང་བའི་ལམ་ལ་གྲུབ་ཐོབ་ཤོག༔ རྩ་སྔགས་མཐར། དྷརྨ་ཀ་ཡ༔ སམ་བྷོ་ཀ་ཡཿ ནིརྨ་ཀ་ཡཿ བཾཊཱཀྐི་ནི་ཀ་ཡ་ཨ་བྷི་ཥིཉྩ་ཨོཾཿ དེའི་སྐུ་གསུམ་གྱི་མཁའ་འགྲོའི་དབང་བསྐུར་རོ། ཧཱུྃ༔ མེ་ལོང་ཡེ་ཤེས་མཆོག་གི་རྒྱན༔ ཐུགས་ཀྱི་ཡེ་ཤེས་མཆོག་གི་ལྷ༔ རྡོ་རྗེ་མཁའ་འགྲོའི་དབང་བསྐུར་བས༔ ཞེ་སྡང་རྣམ་དག་སྐུ་ཐོབ་ཤོག༔ རྩ་སྔགས་དང་། ཧ་བཛྲ་ཊཱཀྐི་ནི་ཨ་བྷི་ཥཉྩ་ཨོཾ༔ ཧཱུྃཿ མཉམ་ཉིད་ཡེ་ཤེས་མཆོག་གི་རྒྱན༔ ཡོན་ཏན་ཡེ་ཤེས་མཆོག་གི་ལྷ༔ རིན་ཆེན་མཁའ་འགྲོའི་དབང་བསྐུར་བས༔ ང་རྒྱལ་རྣམ་དག་སྐུ་ཐོབ་ཤོག༔ རྩ་སྔགས་དང་། རི་རཏྣ་ཊཱཀྐི་ནི་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སོར་རྟོགས་ཡེ་ཤེས་མཆོག་གི་རྒྱན༔ གསུང་གི་ཡེ་ཤེས་མཆོག་གི་ལྷ༔ པདྨ་མཁའ་འགྲོའི་དབང་བསྐུར་བས༔ འདོད་ཆགས་རྣམ་དག་སྐུ་ཐོབ་ཤོག༔ རྩ་སྔགས་དང་། ནི་པདྨ་ཊཱཀྐི་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བྱ་གྲུབ་ཡེ་ཤེས་མཆོག་གི་རྒྱན༔ ཕྲིན་ལས་ཡེ་ཤེས་མཆོག་གི་ལྷ༔ ཀརྨ་མཁའ་འགྲོའི་དབང་བསྐུར་བས༔ ཕྲག་དོག་རྣམ་དག་སྐུ་ཐོབ་ཤོག༔ རྩ་སྔགས་དང་། ས་ཀརྨ་ཊཱཀྐི་ཨ་བྷ་ཥིཉྩ་ཨོཾ༔ ཧཱུྃ༔ ཞི་བའི་ལས་གྲུབ་ཕྱི་ཡི་གདངས༔ གར་མཛད་སྒྱུ་འཕྲུལ་རོལ་མོའི་དཔྱིད༔ རྡོ་རྗེ་ཤུགས་འགྲོའི་དབང་བསྐུར་རོ༔ ཞི་བའི་ཕྲིན་ལས་ལ་དབང་ཤོག༔ རྩ་སྔགས་དང་། བཛྲ་ཨཾ་ཀུ་ཤ་ཛཿཨ་བྷ་ཥིཉྩ་ཨོཾ༔ ཧཱུྃ༔ རྒྱས་པའི་ལས་གྲུབ་ཕྱི་ཡི་གདངས༔ གར་མཛད་སྒྱུ་འཕྲུལ་རོལ་མོའི་དཔྱིད༔ རིན་ཆེན་ཤུགས་འགྲོའི་དབང་བསྐུར་རོ༔ རྒྱས་པའི་ཕྲིན་ལས་ལ་དབང་ཤོག༔ རྩ་སྔགས་དང་། རཏྣ་པ་ཤ་ཧཱུྃ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ དབང་གི་ལས་གྲུབ་ཕྱི་ཡི་གདངས༔ གར་མཛད་སྒྱུ་འཕྲུལ་རོལ་མོའི་དཔྱིད༔ པདྨ་ཤུགས་འགྲོའི་དབང་བསྐུར་རོ༔ དབང་གི་ཕྲིན་ལས་ལ་དབང་ཤོག༔ རྩ་སྔགས་དང་། པདྨ་སྥོ་ཊ་བཾ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔དྲག་པོའི་ལས་གྲུབ་ཕྱི་ཡི་གདངས༔ གར་མཛད་སྒྱུ་འཕྲུལ་རོལ་མོའི་དཔྱིད༔ ཀརྨ་ཤུགས་འགྲོའི་དབང་བསྐུར་རོ༔ དྲག་པོའི་ཕྲིན་ལས་ལ་དབང་ཤོག༔ རྩ་སྔགས་དང་། ཀརྨ་གྷནྜེ་ཧོ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གསུང་དབང་ལ་༔ པདྨ་རཀྟ་བདེ་ཆེན་རྫས༔ སྲིད་པའི་རྩི་དམར་ཀུན་བརླབས་ལ༔ ཨཿ ཆགས་བྲལ་གིརྟི་དམར་པོ་ཡི༔ འཁོར་འདས་སྟོང་བར་རྒྱས་འདེབས་ཤིང་༔ སྟོང་བ་བདེ་བ་ཆེན་པོར་གྲོལ༔ ཐབས་ཀྱི་མཆོག་གསང་ཟབ་པའི་རྒྱས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཤེས་རབ་ཆེན་པོའི་མཐའ་བྲལ་བ༔ རྣམ་པ་ཉི་ཤུའི་སྟོབས་ཚན་པོའི༔ རླུང་ཁམས་རྣམ་དག་གསང་དབང་ཐོབ༔ ཚེ་དབང་རིག་འཛིན་ཉེར་ཐོབ་ནས༔ སྒོམ་པའི་ལམ་གྱི་བར་ཆད་པ༔ མེད་དང་ལོངས་སྤྱོད་རྫོགས་པ་ཡི༔ སྐལ་བ་བཟང་པོའི་དཔལ་ཐོབ་ཤོག༔ རྩ་སྔགས་དང་། པདྨ་རཀྟ་པཉྩ་ཝཀྐཱ་ཨ་བྷ་ཥིཉྩ་ཨཱཿ ཐུགས་ལ༔ ཧཱུྃ༔ གྲི་གུག་རྒྱུད་དྲུག་དབྱིངས་སུ་སྒྲོལ༔ བྷནྡྷ་ཁམས་གསུམ་ཁྲག་ཏུ་རོལ༔ རྡོ་རྗེ་རིན་ཆེན་པདྨ་དང་༔ རྒྱ་གྲམ་ཕྱག་རྒྱ་བཞི་ཡི་མཚན༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཤེས་རབ་ཡེ་ཤེས་མཆོག་གི་མཐུས༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ༔ ཟག་པ་འབྲས་བཅས་ཟད་པ་དང་༔ མི་སློབ་ལམ་གྱི་ཉེ་རྒྱུར་འབྱོར༔ སེམས་ཀྱི་སྒྲིབ་དག་ཆོས་སྐུར་གྲོལ༔ བདག་འཛིན་མ་རིག་རྩད་བྱུང་དེ༔ ཡུམ་ཆེན་ཐུགས་ཀྱི་དབང་ཐོབ་ཤོག༔ ཐིག་ལེ་རྣམ་དག་ཨེ་མ་ཧོ༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་ནི། ཧཱུྃ༔ ཡོན་ཏན་རང་བཞིན་མཐར་ཕྱིན་པ༔ བརྟུལ་ཞུགས་ཀྱིས་ནི་ཆས་བཅུ་གསུམ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕན་གནོད་མཚང་ལ་རྣམ་པར་རྒོལ༔ རྐྱེན་ཐོག་གིས་ནི་གནད་ངོ་འཕྲོད༔ རིག་པ་རྗེན་པ་ཟང་མ་ཐལ༔ རྩེར་ཡན་དྲི་མེད་རང་གསལ་བ༔ རྣམ་པ་རྟགས་འདིའི་རང་ཞལ་ལ༔ མཚོན་ན་སྣང་གསུམ་བག་ཆགས་དག༔ ཟུང་འཇུག་ངོ་བོ་ཉིད་ཐོབ་པའི༔ ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ནས༔ ཡེ་ཤེས་རྨད་བྱུང་ལ་དབང་ཤོག༔ རྩ་སྔགས་དང་། སརྦ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃཿ ཞེས་པའི་མཐར་རྩལ་དབང་རྒྱས་བའང་བྱའོ། །ཧཱུྃ༔ ཕྲིན་ལས་མཐར་ཕྱིན་རྡོ་རྗེའི་དབང་༔ སྐལ་བ་ལྡན་པའི་བུ་ལ་སྦྱིན༔ སྲ་ཞིང་ཁོང་སྟོང་བྲལ་བ་ཡི༔ གཞོམ་གཞིག་མེད་པའི་རྟེན་འབྲེལ་གྱིས༔ རང་དོན་མཐར་ཕྱིན་བར་ཆད་མེད༔ ཆོས་སྐུ་དམ་པའི་གནས་ཐོབ་ཤོག༔ རྩ་སྔགས་དང་། ཨོཾ་བཛྲ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མཐའ་བརྟེན་གྱི་དབང་། ཧཱུྃ༔ སྐུ་དང་གསུང་དང་རྡོ་རྗེའི་ཐུགས༔ ཡོན་ཏན་ཕྲིན་ལས་ཡོངས་རྫོགས་པའི༔ རང་བྱུང་ལྷུན་གྲུབ་བྷ་ལིངྟ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གཞན་དོན་གཟུགས་སྐུ་འགགས་པ་མེད༔ མཚན་དཔེ་རྫོགས་པའི་རང་བཞིན་གྱིས༔ ལྷ་འདྲེའི་འགྲོ་དོན་ནུས་པ་དང་༔ ནམ་མཁའི་མཐར་ཐུག་སེམས་ཅན་གྱིས༔ གཅོད་ཡུལ་མཐར་ཕྱིན་བདུད་བཞི་བཅོམ༔ ཡུམ་ཆེན་ས་ལ་འགོད་ནུས་ཤོག༔ རྩ་སྔགས་མཐར། མ་ཧཱ་བྷ་ལིངྟ་བཛྲ་ཀརྨ་ལཀྵིཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་དུ་བསྲུང་ངོ་སྙམ་དུ་འདིའི་རྗེས་བཟློས་ཀྱིས། རྩ་བ་སྐུ་གསུང་ཐུགས་མཆོག་དང་། །ཡན་ལག་དམ་ཚིག་ཉི་ཤུ་ལྔ། །མེད་དང་གཅིག་པུ་ཕྱལ་བ་སོགས། །ཆོ་ག་བཞིན་དུ་བསྲུང་བར་བགྱི། །ལན་གསུམ། གཏང་རག་མཎྜལ་ཕུལ། སླར་ལུས་ལོངས་སྤྱོད་བླ་མའི་ཕྱོགས་སུ་ཕུལ་བ་ནི། དམ་ཚིག་གི་ཐ་ཚིག་ཡིན་པས་འདིའི་རྗེས་ཟློས་གྱིས། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། ཁྱོད་ལ་བདག་ཀྱང་ཡོངས་སུ་འབུལ། །སློབ་མར་བཟུང་ནས་སྤྱད་དུ་གསོལ། །ལན་གསུམ། རྗེས་ལ་དགེ་བ་བསྔོ་ཞིང་བཀྲ་ཤིས་ཀྱིས་མཐའ་རྒྱན་པར་བྱའོ། །ཅེས་པའང་ག་གཱ་པས་སོ། །སླད་ཀྱི་ཆོག་ཁྲིགས་སུ་སྡེབ་པ་པོ་ནི་སྣང་སྲིད་དབང་དུ་སྡུད་པའི་རྡོ་རྗེ་ཞེས་བྱའོ། །དགེའོ། །


previousམ་ཅིག་ཁྲོས་མའི་བྱིན་རླབས་དབང་གི་རིམ་པ་བསྡུས་པ་ཐུགས་རྗེའི་ཉི་གཞོན།next