Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རིག་བྱེད་ལྷ་མོའི་གསང་སྒྲུབ་བསྡུས་པ་འདོད་འབྱུང་ནོར་བུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརིག་བྱེད་ལྷ་མོའི་གསང་སྒྲུབ་བསྡུས་པ་འདོད་འབྱུང་ནོར་བུ།next

རིག་བྱེད་ལྷ་མོའི་གསང་སྒྲུབ་བསྡུས་པ་འདོད་འབྱུང་ནོར་བུ།

རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ རིག་བྱེད་ལྷ་མོའི་གསང་སྒྲུབ་བསྡུས་པ་འདོད་འབྱུང་ནོར་བུ་བཞུགས་སོཿ

ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག །དེ་ལ་སྦྱོར་དངོས་རྗེས་གསུམ་ལས༔ དང་པོ་གཡང་གཏོར་པདྨའི་མཚན༔ དེ་དྲུང་དཀར་བགེགས་ལ་སོགས་བཤགས༔ དམིགས་གནད་དང་བཅས་འདི་སྐད་དོ༔ ན་མོཿ དཀོན་མཆོག་ཀུན་འདུས་དབྱིངས་ཀྱི་སྐུ༔ རིག་བྱེད་ལྷ་མོར་སྐྱབས་སུ་མཆི༔ བདག་གཞན་སངས་རྒྱས་སར་འགོད་ཕྱིར༔ རིག་གསུང་ལྷ་མོར་བསྒྲུབ་པར་བྱ༔ དེ་ནས་བགེགས་བསྐྲད་བསྲུང་འཁོར་བསྒོམ༔ ཧཱུྃཿ ང་ནི་རྟ་མཆོག་ཧེ་རུ་ཀ༔ བཀའ་ལས་བྱེད་ལྟོག་འགོང་པོའི་སྡེ༔ མགོ་བོ་ཚལ་བ་བརྒྱར་བཀས་ནས༔ སྡིགས་བསྐྲད་རྡོ་རྗེའི་གུར་ཁང་བརྡལ༔ དེ་ནས་བྱིན་ཕེབས་པ་ནི༔ ཧྲཱིཿ རིག་བྱེད་ཡེ་ཤེས་ལྷ་མོ་ཁྱོད༔ དབུལ་ཕོངས་སྡུག་བསྔལ་སེལ་བ་དང་༔ ཡི་དྭགས་སྐྱེ་སྒོ་དགགས་པའི་ཕྱིར༔ གནས་འདིར་བྱིན་ཆེན་དབབ་དུ་གསོལ༔ དེ་ནས་མཆོད་པ་ནི༔ ཧྲཱི༔ མཆོད་རྫས་དཔག་མེད་བཀོད་ལེགས་པ༔ འཁོར་འདས་ཀུན་གྱི་ཆེ་ཐང་ཚོགས༔ ཟག་མེད་ཡེ་ཤེས་སྟོབས་ཀྱི་བརླགས༔ གཟུངས་དང་ཏིང་འཛིན་ནུས་པས་སྤེལ༔ དེ་ནས་ལྷ་བསྐྱེད་ནི༔ ཧཱུྃཿ ནམ་མཁའ་ཁྱབ་བརྡལ་སྤྲོས་པ་བྲལ༔ ཡེ་ཤེས་སྙིང་རྗེའི་ཉི་མ་ཤར༔ སྟོང་དང་སྙིང་རྗེ་ཟུང་འཇུག་གི༔ རང་མདངས་པདྨའི་གཞལ་ཡས་ཁང་༔ ཟླ་གམ་རྒྱན་དང་བཀོད་པ་རྫོགས༔ ཕུན་སུམ་ཚོགས་པའི་མཆོད་སྤྲིན་དབུས༔ རང་རིག་པདྨ་མཁའ་འགྲོ་མར༔ ཎི་པདྨ་ཊཱཀྐི་ནི་སྥ་ར་ནི་ཕཊ༔ སཾ་ཧ་ར་ནི་ཧཱུྃཿ དམར་མོ་གར་གྱི་ཆས་སུ་ཞུགས༔ ཕྱག་གཡས་པདྨའི་ལྕགས་ཀྱུ་དང་༔ གཡོན་པས་པདྨ་བྷཉྫ་ནི༔ དབང་གི་རྒྱལ་པོའི་གང་བར་གཏམས༔ རིན་པོ་ཆེ་ཡི་སྲོག་ཞུ་ཅན༔ རྟོག་མེད་བམ་གྱི་ནུ་ཕྲག་ཏུ༔ ཞབས་གཡོན་བརྫིས་ཏེ་གཡས་པ་ཡི༔ སྐྱེ་གནས་པདྨོ་དགག་པའི་གཟུགས༔ ཉི་མ་པདྨ་ཟླ་བ་བཅས༔ ཕྱོགས་བཞིར་པད་རྐྱང་གདན་སྟེངས་སུ༔ ཤར་དུ་རྡོ་རྗེ་རིག་བྱེད་དཀར༔ ལྷོ་རུ་རཏྣ་རིག་བྱེད་སེར༔ ནུབ་ཏུ་བུདྡྷ་རིག་བྱེད་མཐིང་༔ བྱང་དུ་ཀརྨ་རིག་བྱེད་ལྗང་༔ བར་མཚམས་ཤུགས་འགྲོ་ཆེན་མོ་བཞི༔ དཀར་སེར་སེར་མཐིང་མཐིང་ལྗང་ནག༔ ལྗང་དཀར་ཕྱག་ནི་ལྕགས་ཀྱུ་དང་༔ གཡོན་ཀུན་པདྨ་བྷཉྫ་འཛིན༔ མཐའ་བསྐོར་འབུམ་ཕྲག་མཁའ་འགྲོ་དམར༔ སྐུ་མདོག་ཕྱག་མཚན་གཙོ་མོ་བཞིན༔ མ་འདྲེས་ཡོངས་སུ་རྫོགས་པ་ལ༔ དུས་གསུམ་རྒྱལ་བ་སྲས་བཅས་དང་༔ ངོ་བོ་དབྱེར་མེད་ཆེནཔོར་བཞུགས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་ལས༔ འོད་འཕྲོས་པདྨ་གསུང་གི་ལྷ༔ མ་ལུས་སྤྱན་དྲངས་དབྱེར་མེད་གྱུར༔ དེ་ནས་སྤོས་དམར་ཙནྡན་བསྲེགས༔ མདའ་དར་དམར་པོའི་གཡབ་ལ་དྲངས༔ ཧྲཱི་ནིཿ གོས་དཀར་དབྱིངས་ཀྱི་ལྷ་མོ་ནི༔ འཁོར་ལོ་སྡོམ་པ་ཆགས་བྲལ་སྐུ༔ རིག་བྱེད་ལྷ་མོར་འདུ་འབྲལ་མེད༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་པདྨ་ཊཱཀྐི་ནི་ནི་ལ་ཨ་ཝེ་ཤ་ཡ་ཛ༔ དེ་ནས་བཞུགས་གསོལ་ཕྱག་འཚལ་ནི༔ ནིཿ འགྲོ་བ་གནས་སྐབས་མཐར་ཐུག་གི༔ དབུལ་སེལ་ལྷ་མོ་རིག་བྱེད་མ༔ འཁོར་བཅས་འབུལ་བས་གདན་ལ་བཞུགས༔ སྒོ་གསུམ་གུས་པས་བདག་ཕྱག་འཚལ༔ ནི་པདྨ་ཊཱཀྐི་ནི་ཏིཥྛ་ན་མོ་ཧོ༔ དེ་ནས་མཆོད་པའི་བྱེ་བྲག་ནི༔ ཧཱུྃཿ ཡན་ལག་བརྒྱད་ལྡན་མཆོད་ཡོན་དང་༔ དྲི་མེད་ཡིད་འོང་ཕྱག་ཞབས་བསིལ༔ བསྒྲལ་ ༼ བཀོད་དཔྱད། ༽ ལེགས་མེ་ཏོག་ཆུན་པོ་མཆོད༔ གཡང་ལྷ་འཁོར་བཅས་མཉེས་གྱུར་ཅིག༔ དྲི་ཞིམ་སྤོས་ཀྱི་རེང་བུ་སྟོང་༔ ཉི་ཟླ་གསལ་བའི་སྒྲོན་མེ་དང་༔ དྲི་བཟང་ངད་པས་ལྡན་པའི་ཆབ༔ བརྡའ་དགུའི་ཞལ་ཟས་སྣ་ཚོགས་པ༔ གཡང་ལྷ་འཁོར་བཅས་མཉེས་གྱུར་ཅིག༔ གཟུགས་སྒྲ་དྲི་རོ་རེག་བྱ་འཇམ༔ སྣང་སྟོང་ཆོས་ཀྱི་བྱེ་བྲག་དང་༔ གཞན་ཡང་མཆོག་གི་བླ་མེད་མཆོད༔ སྨན་གཏོར་རཀྟ་ཚར་དུ་བསྒྲེང་ ༼ དངར་དཔྱད། ༽ ཿ ལྷག་པར་དཀར་དམར་བདུད་རྩི་སྤྲིན༔ རྒྱལ་ཀུན་བདེ་སྐྱེད་བརྡ་དང་བཅས༔ ཨ་སིད་ཧཾ་པན་བདེ་སྒྲ་དབྱངས༔ བདེ་ཆེན་བྱང་ཆུབ་སེམས་སུ་འབུལ༔ མཉེས་ནས་བདག་ཅག་འཁོར་བཅས་ལ༔ རྒྱུ་འབྲས་དབུལ་བ་ཀུན་སེལ་ཏེ༔ སྦྱིན་པས་ཕར་ཕྱིན་མཐར་ཕྱིན་ཏེ༔ ནམ་མཁའ་མཛོད་ལ་གཏེར་དབང་ཉིད༔ ཟག་མེད་འཕགས་ནོར་གྱིས་ཕྱུག་ཤོག༔ སརྦ་པཱུ་ཛ་ཧོཿ དེ་ནས་བསྟོད་པ་གླུས་མཆོད༔ ཀྱཻཿ དུས་གསུམ་རྒྱལ་བའི་བདེ་སྟོང་ཡུམ༔ སྒྲོལ་བྱེད་ཆེན་མོ་པདྨའི་ངང་༔ རིགས་ཀྱི་ལྷ་མོ་སྐུ་མདོག་དམར༔ ཆགས་མེད་མཛོད་ལ་ཕྱག་འཚལ་བསྟོད༔ ཞེས་བརྗོད་དོཿ དེ་ནས་མཁའ་འགྲོའི་འཛབ་བཟླས་ནི༔ ཛཿ མཁའ་འགྲོའི་ཐུགས་ཀར་པདྨའི་དཀྱིལ༔ ཉི་ཟླའི་གའུ་ཁ་སྦྱོར་ནང་༔ ནི་ལ་རྩ་བའི་སྔགས་ཀྱི་བསྐོར༔ བཟླས་པས་རྒྱལ་བའི་དཀྱིལ་འཁོར་ཀུན༔ འོད་ཟེར་དམར་པོའི་ལྷ་མོ་མཆོད༔ མར་འཕྲོས་ཡི་དྭགས་བཀྲེས་སྐོམ་བསལ༔ ཁམས་གསུམ་ཐམས་ཅད་པདྨར་སྦྱོར༔ ཚུར་འདུས་བདག་ལ་ཐིམ་པ་ཡི༔ འཁོར་འདས་ལྟ་བས་ཕྱག་རྒྱར་བསྡུས༔ ཨོཾ་པདྨ་ནི་ལ་སརྦ་སིདྡྷི་ཕ་ལ་ཧཱུྃཿབྷྲཱུཾཿ ཞེས་བྱའོ༔ སྐབས་སུ་དབང་གི་སྔགས་ནི༔ རང་གི་ཐུགས་ཀའི་ནི་ལས་ཡི་གེ་ཕྲ་མོ་གྲངས་མེད་པ་འཕྲོས་པས་སྣོད་བཅུད་ཐམས་ཅད་ཀྱི་ཞིང་ཁམས་ཀྱི་དཔལ་ཡོན་ཏན་བཅུད་དང་དྭངས་མ་བསྡུས་ཏེ་བདག་གནས་ཡོ་བྱད་ཐམས་ཅད་བྱིན་གྱི་བརླབས་པས་བདེ་བ་ཅན་ལྟར་སྣོད་བཅུད་ཀྱི་ཡོན་ཏན་རྫོགས་པར་མོས་ལ༔ ཨོཾ་པདྨ་ཊཱཀྐི་ནི་ལ་ར་མ་མ་མ་སརྦ་ཏི་ལ་བསྡུས་བསྡུས༔ ཞེས་ཅི་མང་བཟླའོ༔ དེ་ནས་གཡང་འབོད་ནི༔ ཀྱཻ༔ རྒྱལ་བ་ཀུན་གྱི་པདྨའི་གསུང་༔ ཁམས་གསུམ་དབང་དུ་སྡུད་པའི་ཕྱིར༔ རིག་བྱེད་ལྷ་མོར་རྣམ་རོལ་བསྒྱུར༔ ཁྱེད་ལ་ཕྱག་འཚལ་གསོལ་བ་འདེབས༔ གཡང་གི་དངོས་གྲུབ་སྩལ་དུ་གསོལ༔ ཀྱཻ༔ དཀོན་མཆོག་གསུམ་གྱི་ཐུགས་རྗེ་ཁུག༔ བླ་མ་རྣམས་ཀྱི་བྱིན་རླབས་གཡང་༔ ཡི་དམ་ལྷ་མི་དངོས་གྲུབ་གཡང་༔ མཁའ་འགྲོ་རྒྱ་མཚོའི་ཕྲིན་ལས་གཡང་༔ དམ་ཅན་སྲུང་མའི་མཐུ་སྟོབས་གཡང་༔ དཀར་པོ་ལྷ་ཡི་དགའ་སྐྱིད་གཡང་༔ ནཱ་ག་ཀླུ་ཡི་ནོར་བུའི་གཡང་༔ ཉི་ཟླ་སྐར་གསུམ་གསལ་བའི་གཡང་༔ ནམ་མཁའ་ཡངས་བའི་རྟག་བརྟན་གཡང་༔ རྒྱ་མཚོ་ཆེན་པོ་འཁྱིལ་བསིལ་གཡང་༔ མཐའ་བཞིའི་རྒྱལ་ཁམས་ཐུག་གི་གཡང་༔ རྡོ་རྗེའི་ཕ་ལམ་སྲ་བའི་གཡང་༔ དཔག་བསམ་ལྗོན་པས་རྒྱས་པའི་གཡང་༔ པེ་ཏིང་ཀེ་ཡི་རྒྱ་བཀྲག་གཡང་༔ ས་གཞི་སེར་བོའི་ཁ་ཞིང་གཡང་༔ བརྟན་གཡོའི་དྭངས་མ་བཅུ་ཡི་གཡང་༔ ལྟོག་ཕོངས་སེལ་བ་ཟས་ཀྱི་གཡང་༔ འབྱོར་གུད་བྲལ་བ་ནོར་བུའི་གཡང་༔ མ་ལུས་ཐམས་ཅད་གཡང་ཁུག་ཅིག༔ སངས་རྒྱས་ཐམས་ཅད་མཁྱེན་བརྩེ་ཟབ༔ རིག་བྱེད་འཁོར་བཅས་ཐུགས་བསྐྱེད་གཉན༔ རྟེན་འབྲེལ་ཕྱྭ་རྫས་ནུས་པ་ཆེ༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ བདག་ཅག་དུས་ཀུན་དགེ་ལེགས་ཤོག༔ ཞེས་བརྗོད༔ དེ་ནས་བརྟན་བཞུགས་བཀྲ་ཤིས་ནི༔ འཁོར་བ་མ་སྟོང་བར་དུ་སངས་རྒྱས་རྣམས༔ འགྲོ་ཁམས་ཡལ་བར་དོར་བ་བཟོད་མེད་པས༔ ཐུགས་རྗེ་ཆེན་པོ་བཅོམ་ལྡན་འོད་དཔག་མེད༔ ཐབས་ཤེས་འདུ་འབྲལ་མེད་དེ་ཏིཥྛ་ལྷན༔ ཀྱཻ༔ དེ་རིང་བཀྲ་ཤིས་རྒྱལ་བའི་དབྱངས༔ ཡོན་ཏན་དྲུག་ལྡན་དབྱངས་ཀྱི་མཆོག༔ དཀྱིལ་འཁོར་ངག་གི་དབང་ཕྱུག་མ༔ ཡོད་དེ་རྣལ་འབྱོར་ཡོན་མཆོད་སྟོན༔ སྟོན་འདི་གཞན་ལ་ཡོད་མིན་ཏེ༔ དེ་ཕྱིར་རང་སྐལ་རང་གི་ལེན༔ སྐྱོན་དེ་ཕུང་བས་སྤྲིན་ཀྱི་བྱོལ༔ བྱོལ་ཏེ་རྣལ་འབྱོར་ཡོན་མཆོད་སྟོན༔ སྟོན་འདི་གཞན་ལ་ཡོད་མིན་ཏེ༔ དེ་ཕྱིར་རང་སྐལ་རང་གི་ལེན༔ བླང་བ་ཐམས་ཅད་ཐོབ་པ་ཀྱཻ༔ སངས་རྒྱས་རྣམས་ལ་འབྱོར་མི་དམན༔ རང་ཉིད་གཞི་ཡི་རྣལ་འབྱོར་བས༔ བསྒོམ་པའི་ལམ་འདི་ཐབས་ལ་མཁས༔ གཟུར་གནས་ཡང་དག་སྤྱོད་སྟོབས་ལེན༔ བཀྲ་ཤིས་དེས་ཀྱང་བདེ་ལེགས་ཤོག༔ ཅེས་བརྗོད་དོ། །ག་གཱ་ཨ་བྷྱེས་སོ། །དགེའོ། །བཀྲ་ཤིས་ཤོག །སརྦ་མངྒ་ལཾ། །


previousརིག་བྱེད་ལྷ་མོའི་གསང་སྒྲུབ་བསྡུས་པ་འདོད་འབྱུང་ནོར་བུ།next