Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡང་ཟབ་རྟ་ཕྱག་ཁྱུང་གསུམ་གྱི་དྲིལ་སྒྲུབ་འབྲེལ་ཚད་རྣམ་གྲོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡང་ཟབ་རྟ་ཕྱག་ཁྱུང་གསུམ་གྱི་དྲིལ་སྒྲུབ་འབྲེལ་ཚད་རྣམ་གྲོལ།next

ཡང་ཟབ་རྟ་ཕྱག་ཁྱུང་གསུམ་གྱི་དྲིལ་སྒྲུབ་འབྲེལ་ཚད་རྣམ་གྲོལ།

ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཡང་ཁྲོས་མ་ཧཱ་ཀ་ལའི་ཆ་ལག༔ ཡང་ཟབ་རྟ་ཕྱག་ཁྱུང་གསུམ་གྱི་དྲིལ་སྒྲུབ་འབྲེལ་ཚད་རྣམ་གྲོལ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ ཀླུ་གཉན་ས་བདག་སྡེ་བརྒྱད་ཀྱིས༔ སྒོལ་ཞིང་གནོད་པའི་སྦྱོར་བ་ལ༔ རྣམ་པར་གྲོལ་ཞིང་རྒྱལ་བ་དང་༔ སྒོ་གསུམ་རྡོ་རྗེའི་རོལ་བ་རུ༔ འཕོས་ཤིང་སྨིན་ཏེ་གྲོལ་བའི་ཕྱིར༔ ཡང་ཟབ་རྟ་ཕྱག་ཁྱུང་གསུམ་གྱིས༔ སྒྲུབ་པ་འདི་ལ་བརྩོན་པར་གྱིས༔ ས་མ་ཡཱ༔ བསྐྱེད་གསལ་དམིགས་པའི་གནད་ལྡན་གྱིས༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ལ༔ ན་མོཿ དཀོན་མཆོག་རིན་ཆེན་རྣམ་གསུམ་དང་༔ དྲག་པོའི་སྐུ་གསུང་ཐུགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ དེ་ནས་བགེགས་བསྐྲད་བསྲུང་འཁོར་ལ༔ ཧཱུྃཿ མ་རིག་གཟུང་འཛིན་རུ་ཏྲ་ཀུན༔ བདག་མེད་ཆེན་པོར་དེངས་ཤིག་ཕཊཿ འཁོར་འདས་དག་མཉམ་ཆེན་པོ་ལ༔ བགེགས་དང་ལོག་འདྲེན་མིང་ཡང་མེད༔ ཨུ་ཙ་ཏ་ཡ་ཕཊ༔ ཛྙཱ་ན་ཙཀྲ་རཀྵ་ཧཱུྃ༔ དེ་ནས་བྱིན་དབབ་མཆོད་རྫས་སྤེལ༔ ཧཱུྃ༔ ཡེ་ཤེས་རོལ་པའི་དཀྱིལ་འཁོར་འདིར༔ རྡོ་རྗེ་གསུམ་གྱི་བྱིན་ཆེན་ཕོབ༔ ཡུལ་དྲུག་འདོད་ཡོན་མི་ཟད་གཏེར༔ མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤེལ༔ གུ་རུ་དྷེ་ཝ་ཊཱཀྐི་ནི་བཛྲ་ཨ་ཝེ་ཤ་ཡ་ཨཱ༔མ་ཧཱ་སརྦ་པཉྩ་གྷ་ན་ཙཀྲ་ཧོ༔ དེ་ནས་བརྟེན་དང་བརྟེན་པའི་དཀྱིལ་འཁོར་ནི༔ ཨཱ༔ རྣམ་ཐར་གསུམ་ལྡན་བཙུན་མོའི་མཁའ༔ ཁྱབ་གདལ་སྙིང་རྗེ་ཆེན་པོ་བརྡལ༔ ཐབས་ཤེས་སྙིང་པོ་ཧྲཱིཿཡིག་ལས༔ འོད་འཕྲོས་ཡེ་ཤེས་ལྔ་ལྡན་ཀློང་༔ གཟའ་ཀླུ་སྡེ་བརྒྱད་བསྣོལ་བའི་ཁྲིར༔ པདྨ་ཉི་མའི་གདན་སྟེང་དུ༔ ཧྲིཿལས་སྐད་ཅིག་དྲན་རྫོགས་སུ༔ རང་ཉིད་དབང་ཆེན་རྟ་མགྲིན་ནི༔ དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རལ་གྲི་གཡོན་སྦྲུལ་ཞགས༔ ཁྲོ་གཏུམ་རྔམ་བརྗིད་ལྟར་མི་བཟོད༔ ཞལ་གདེངས་ལྗགས་འགྲིལ་སྤྱན་གསུམ་བསྒྲད༔ ཁམ་ནག་རལ་བའི་སྐྲ་གསེབ་དུ༔ རྟ་མགོ་ལྗང་ཞུར་རྟ་སྐད་འཚེར༔ ཞབས་གཉིས་གྱད་ཀྱི་དོར་སྟབས་བསྒྲད༔ དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔ ཐུགས་ཀར་པདྨ་ཉི་གདན་ལ༔ གསང་བདག་རྡོ་རྗེ་གཏུམ་པོ་མཐིང་༔ ཕྱག་གཡས་རྡོ་རྗེ་གཡོན་སྦྲུལ་ཞགས༔ ཞལ་གདེངས་ལྗགས་འགྲིལ་སྤྱན་གསུམ་པ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ ཁམ་ནག་རལ་བ་གྱེན་དུ་བརྫེས༔ དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔ དབང་དྲག་འབར་བའི་སྤྱི་བོར་དུ༔ ཁྲོ་ཆུ་ཞུན་མ་ལས་གྲུབ་པའི༔ ཡེ་ཤེས་བྱ་ཁྱུང་ཀླུ་གདོན་ཟ༔ སྤྱན་གསུམ་ཉི་མའི་འོད་ལྟར་འབར༔ གཤོག་པས་ཉི་ཟླ་ཚོགས་པོར་འཕེན༔ ཁྱུང་སྐད་འདོན་པས་ས་གསུམ་གཡོ༔ ཁྱུང་གི་ཚ་ཚ་སྐར་ལྟར་འཁྲིགས༔ དེ་ལྟར་དྲག་པོའི་ལྷ་གསུམ་གྱིས༔ གནས་གསུམ་རྡོ་རྗེ་སྙིང་པོ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ སྐུ་གསུམ་དག་པའི་ཞིང་ཁམས་ནས༔ རྟེན་དང་རྟེན་པའི་དཀྱིལ་འཁོར་ནས༔ སྤྱན་དྲངས་གཉིས་སུ་མེད་པར་འགྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃཿ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ པདྨ་དབང་ཆེན་གཤེགས་སུ་གསོལ༔ ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས༔ རྡོ་རྗེ་གཏུམ་པོ་གཤེགས་སུ་གསོལ༔ ཕྲིན་ལས་མངོན་སྤྱོད་དཀྱིལ་འཁོར་ནས༔ ཡེ་ཤེས་ཁྱུང་ཆེན་གཤེགས་སུ་གསོལ༔ ཧྲཱི་ཧཱུྃ་ཁྲོཾ་བྷྱོ༔ བཛྲ་ས་མ་ཡཱ་ཛ་ཛ༔ དེ་ནས་བཞུགས་གསོལ་ཕྱག་འཚལ་མཆོད་འབུལ་ལ༔ ཧོཿ ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་ལ༔ གདན་གསུམ་ཚང་པའི་ངོ་བོར་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ འདོད་དགུའི་དཔལ་གྱི་མཆོད་པ་འབུལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ན་མོ་པུ་རུ་ཤ་ཡ་ཧོ༔ མ་ཧཱ་ཨརྒྷཾ ༴ སོགས། ཤབྟ་རཱ་པ་ཤབྟ ༴ སོགས། མ་ཧཱ་པཉྩ་ཨ་མྲ་ཏ་མ་ཧཱ་རཀྟ་བྷ་ལིང་ཏ་སརྦ་པུཙྪ་ཧོ༔ དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ་ཧྲཱིཿ ཁམས་གསུམ་དབང་བསྡུད་དབང་དྲག་རྒྱལ་པོའི་སྐུ༔ འཁོར་བཅས་འུབ་ཆུབ་རྡོ་རྗེ་གཏུམ་པོའི་ཐུགས༔ གདུག་པ་འདུལ་མཛད་བྱ་ཁྱུང་འབར་བའི་གར༔ རང་བྱུང་ལྷུན་གྲུབ་ལྷན་སྐྱེས་ལྷ་ལ་བསྟོད༔ དེ་ནས་འཛབ་དམིགས་ནི༔ ཧཱུྃ༔ རྡོ་རྗེ་གཏུམ་པོའི་ཐུགས་ཀ་རུ༔ ཉི་ཟླའི་གའུ་ཁ་སྦྱོར་སྦུབ༔ གསང་བའི་སྙིང་པོ་ཧྲཱིཿདམར་ལ༔ ལྷ་གསུམ་སྙིང་པོ་གཅིག་དྲིལ་བའི༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་བསྒོམ་པ་དང་འདྲ་བའི༔ ཡེ་ཤེས་དཔག་མེད་སྤྱན་དྲངས་བསྟིམ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷྲི་ཝ་བཛྲ་པ་ཎི་ཁྲོཾ་ག་རུ་ཊ་ཡཀྴ་རཀྴ་ཧཱུྃ་ཕཊ༔ བསྒྲུབ་སྔགས་དམིགས་པའི་མདེ་ཁ་བསྒྱུར༔ ལས་སྦྱོར་ལ༔ ཧཱུྃ༔ རང་ཉིད་ལྷ་གསུམ་ཐུགས་ཀ་ནས༔ ཧྲཱི་ཧཱུྃ་ཁྲོཾཿཡིག་གསལ་བ་ལས༔ མེ་དཔུང་སྤྲུལ་པ་དཔག་མེད་འཕྲོས༔ གནོད་བྱེད་ནད་འདྲེ་གདོན་བགེགས་རྣམས༔ བསྲེགས་གཏུབ་ཧབ་ཧབ་ཟོས་པ་ཡི༔ རྗེས་ཤུལ་ཙམ་ཡང་མེད་པར་བསྒོམ༔ ཧྲཱི༔ པདྨ་ཏ་ཀྲཱི་ཏ་ཧྱ་གྷྲི་ཝ་བཛྲ་པ་ཎི་ཁྲོཾཿག་རུ་ཊ་ཡཀྴ་རཀྴ་ཧཱུྃ་ཕཊ༔ ཅེས་སླར་ཡང་དམིགས་སྔགས་འདིས་གཤམ་དུ༔ ག་རུ་ཊ་སརྦ་ཤ་ཏྲུན་མ་ར་ཡ་ཕཊ༔ ཅེས་གྲངས་ལྡན་བསྐྱལ་ཏེ་བཟླ༔ དེ་ལྟར་བསྒོམ་བཟླས་གནད་ལྡན་ནས༔ ཕྱི་ནང་བར་ཆད་ཀུན་ལས་གྲོལ༔ ཨཿཡཿམཿདུཿརུཿཙཿཤཿནཿམཿརཿཡཿཕཊཿ ན་ག་ཙིཏྟ་རྦད་ནན་ཕཊཿ ཁྱད་པར་ཀླུ་གཉན་གདོན་ལས་གྲོལ༔ ས་མ་ཡཱ༔ ༈ དེ་ནས་དབང་གི་ཆོ་ག་ལ༔ བུམ་པ་སྐུ་གཟུགས་བུམ་པའི་དབང་༔ བྷནྡྷ་བདུད་རྩི་གསང་བའི་དབང་༔ རྨ་བྱ་ལུག་རྒྱུད་ཤེར་དབང་སྟེ༔ ཁྱད་པར་འཇའ་ཤེལ་འོད་ལྡན་བཞི་པའི་དབང་༔ གཏོར་མ་སྒྲུབ་དང་དཀྱིལ་འཁོར་དབང་༔ ཚང་པར་བཀོད་དེ་སྒྲུབ་ནས་མཐར༔ སློབ་མ་གྲྭལ་འཁོད་ཁྲུས་བྱ་ཞིང་༔ བགེགས་བསྐྲད་བསྲུང་བའི་འཁོར་ལོ་བསྒོམ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་དེ༔ དང་པོ་གསོལ་བ་གདབ་པ་ལ༔ ཀྱཻ༔ དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག༔ བླ་མ་རྡོ་རྗེ་འཛིན་ཁྱོད་ཀྱིས༔ བདག་གི་སྒོ་གསུམ་སྨིན་གྲོལ་ཕྱིར༔ རྡོ་རྗེ་གསུམ་གྱི་དབང་བསྐུར་སྩོལ༔ ལན་གསུམ་མཐར་སློབ་དཔོན་གྱིས༔ ཀྱཻཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཉོན༔ མི་ལུས་ཐོབ་པ་དོན་ལྡན་ཕྱིར༔ སྒོ་གསུམ་རྡོ་རྗེའི་གྲོང་འཇུག་ནས༔ ཟབ་མོའི་དབང་མཆོག་བསྐུར་བགྱིའོ༔ ཨོཾ་མ་ཧ་ཤུ་ནྱ ༴ སོགས། གཟུང་འཛིན་གཉིས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས ༴ སློབ་མ་ལྷར་བསྐྱེད་ཡེ་ཤེས་པ་དབབ་བསྟིམ་བྱས་ཏེ༔ ཏིཥྛ་བཛྲཿ གྱིས་བརྟན་པར་བྱ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ ཆོས་དབྱིངས་རྣམ་དག་བུམ་པ་རུ༔ ལྷུན་གྲུབ་དྲག་པོའི་ལྷ་གསུམ་གྱིས༔ རྟེན་དང་བརྟེན་པའི་འཁོར་ལོ་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བུམ་པ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དབང་ཆེན་གྱི་སྐུ་ཐོགས་ལ༔ ཧཱུྃཿ ཁམས་གསུམ་རོལ་བ་དབང་གི་སྐུ༔ རྟ་མཆོག་འབར་བའི་དབང་བསྐུར་རོ༔ ལུས་ཀྱི་སྒྲིབ་པ་ཀུན་དག་ནས༔ རྡོ་རྗེའི་སྐུ་རུ་སྨིན་གྲོལ་ཤོག༔ རྩ་སྔགས་མཐར་ཀ་ཡ་ཨ་བྷི་ཥིཉྩ་ཨོཾཿ དེ་ནས་གཏུམ་པོའི་སྐུ་ཐོགས་ལ༔ ཧཱུྃཿ སྲིད་གསུམ་གདུག་པ་འདུལ་མཛད་པ༔ རྡོ་རྗེ་གཏུམ་པོའི་དབང་བསྐུར་རོ༔ གདོན་གསུམ་གཡུལ་ལས་རྒྱལ་བ་དང་༔ དྲེགས་པ་ཀུན་འདུལ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀ་ཡ་ཨ་བྷི་ཥིཉྩ་ཨོཾཿ དེ་ནས་བྱ་ཁྱུང་རྒྱལ་པོའི་སྐུ་ཐོགས་ལ༔ ཧཱུྃཿ ཆོས་ཉིད་རྩལ་ལས་རང་ཤར་ལ༔ ཡེ་ཤེས་ཁྱུང་གི་དབང་བསྐུར་རོ༔ མངོན་སྤྱོད་ཕྲིན་ལས་ལྷན་གྲུབ་ཅིང་༔ ཀླུ་གཉན་ཀུན་འདུལ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀ་ཡ་ཨ་བྷི་ཥིཉྩ་ཨོཾཿ དེ་ནས་གསང་དབང་བསྐུར་བ་ནི༔ ཧཱུྃ༔ སྟོང་ཉིད་དབྱིངས་ཀྱི་ཀ་པཱ་ལར༔ དྲག་པོའི་གསུང་གསང་བདུད་རྩི་འཁྱིལ༔ སྐལ་ལྡན་ཁྱོད་ཀྱི་ངག་དུ་བླུད༔ ངག་སྒྲིབ་དག་ནས་གསང་དབང་ཐོབ༔ རྡོ་རྗེའི་གསུང་དུ་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ ཝ་ཀཱ་ཨཱ་྇བྷི་ཥིཉྩ་ཨཱཿ དེ་ནས་ཤེར་དབང་བསྐུར་བ་ནི༔ ཧཱུྃ༔ སྐུ་དང་ཡེ་ཤེས་རང་བྱུང་བ༔ མདངས་ལྡན་རྨ་བྱ་ལུག་རྒྱུད་ཀྱིས༔ རྣམ་པའི་འོད་ཐིག་འདི་གཏད་པས༔ཡིད་སྒྲིབ་དག་ནས་ཤེར་དབང་ཐོབ༔ ཆོས་ཀྱི་སྐུ་རུ་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཚིག་དབང་བསྐུར་བ་ནི༔ ཧཱུྃཿ ལྷུན་གྲུབ་རང་གདེངས་འཇའ་ཤེལ་གྱིས༔ རྣམ་པར་ཤར་བའི་ཀློང་དཀྱིལ་དུ༔ འོད་ལྔ་དངས་མའི་ཐིག་ལེ་ལྔ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཉོན་ཤེས་སྒྲིབ་པ་ཀུན་དག་ནས༔ མཚན་མ་ཚིག་བྲལ་དབང་ཐོབ་སྟེ༔ ངོ་བོ་ཉིད་དུ་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཨཱཿ དེ་ནས་གཏོར་མའི་དབང་ལ༔ ཧཱུྃ༔ ཆོས་ཉིད་བརྡལ་ཁྱབ་གཏོར་གཞོང་དུ༔ ལྷུན་གྲུབ་དབྱིངས་ཀྱི་གཏོར་མ་བཤམས༔ གང་འདུལ་ཐབས་ཀྱི་སྐུར་སྟོན་པ༔ དབང་ཆེན་ཧྱ་གྷྲི་ཝ་དང་༔ རྡོ་རྗེ་ཅན་དང་ག་རུ་ཊའི༔ རྟེན་དང་བརྟེན་པ་ཡོངས་སུ་རྫོགས༔ སྐལ་ལྡན་བུ་ལ་གཏད་པ་ཡི༔ དབང་བསྒྱུར་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་མཐར༔ མཎྜ་ལ་གུ་ཧྱ་བྷ་ལིང་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་ལྟར་དབང་བསྐུར་ཐོབ་ནས་སླར༔ མཐའ་རྟེན་གཏད་ཅིང་ཤིས་པ་བརྗོད་པ༔ བཀྲ་ཤིས་རྟག་བརྒྱད་གཏད་ལ༔ ཧཱུྃ༔ བཀྲ་ཤིས་རྟགས་བརྒྱད་འདི་གཏད་པས༔ མཚན་དང་དཔེ་བྱད་རྫོགས་པ་ཡི༔ སྤྲུལ་པའི་སྐུ་མཆོག་རབ་ཐོབ་ནས༔ གདུལ་བྱ་འདུལ་བའི་དབང་ཐོབ་ཤོག༔ སརྦ་མངྒ་ལཾ་ཨ་བྷ་ཥིཉྩ་ཧཱུྃ༔ དེ་ནས་རྒྱལ་སྲིད་སྣ་བདུན་གཏད་ལ༔ ཧཱུྃ༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་སྲིད༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད༔ དོན་གཉིས་ལྷུན་གྲུབ་རོལ་བ་ཡིས༔ འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡཱ༔ གནད་ལྡན་ཕྱི་ནང་གསང་བ་ཡི༔ བར་ཆད་གེགས་རྐྱེན་ལས་གྲོལ་ཏེ༔ འདི་ཕྱིའི་དགེ་ལེགས་ངང་གི་འབྱུང་༔ བསྐྱེད་དང་དམིགས་པའི་གནད་ལྡན་ན༔ བར་མེད་ཟླ་གསུམ་གྱིས་འགྲུབ་འགྱུར༔ བཀའ་བསྲུང་དབང་ཕྱུག་ཆེན་པོའི་བསྲུང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ ཅེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་གཏེར་ནས་བཏོན་དེ་མི་ལོ་སུམ་ཅུ་རྩ་བདུན་བར་དུ་བཀའ་རྒྱས་བཏབ་པས་མཐར་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཡེ་ཤེས་ཀློང་ཆེན་རྡོ་རྗེས་སོ། །དགེའོ། །ལེགས་སོ། །


previousཡང་ཟབ་རྟ་ཕྱག་ཁྱུང་གསུམ་གྱི་དྲིལ་སྒྲུབ་འབྲེལ་ཚད་རྣམ་གྲོལ།next