Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དོན་གཉིས་ལྷན་གྲུབ་རྒྱལ་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདོན་གཉིས་ལྷན་གྲུབ་རྒྱལ་པོ།next

དོན་གཉིས་ལྷན་གྲུབ་རྒྱལ་པོ།

ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི །རྟ་ཕྱག་ཁྱུང་གསུམ་དྲིལ་སྒྲུབ་ཀྱི། །ཁ་བསྐང་ཚོགས་ཀྱི་རིམ་པ་ནི། །དོན་གཉིས་ལྷན་གྲུབ་རྒྱལ་པོ་བཞུགས་སོ། །

ཞིང་ལྤགས་དག་གི་སྟེང་ཉིད་དུ། །རཀྟ་དམར་ཀྱི་ཆག་ཆག་གདབ། །དེ་དབུས་ཚོགས་སྣོད་བྷནྡྷའི་ནང་། །ཚོགས་རྫས་ཤ་ཁྲག་གཙོར་ལྡན་བཤམས། །རཀྟ་དམར་གྱི་བྲན་བྱས་ལ། །རྣལ་འབྱོར་ཕྱག་རྒྱ་ལྔ་ལ་སོགས། །མ་རྒྱུད་མཐུན་པའི་ཆས་སུ་ཞུགས། །དོན་སྟོངས་སེམས་དང་ལྡན་པའི་ངང་། །དང་པོ་བྱིན་གྱིས་བརླབས་པ་ནི། །ཨོཾཿ སྣང་སྲིད་བྷནྡྷ་འབར་བའི་ནང་། །དཔལ་ཡོན་དངས་བཅུད་བཤམས་པའི་དངོས། །ངོ་བོ་ཡེ་ཤེས་བདུད་རྩི་ལ། །རྣམ་པ་འདོད་ཡོན་ལྷ་མོར་གྱུར། །སྤྲོས་པའི་ནམ་མཁའི་ཁམས་གང་པས། །ཀུན་བཟང་མཆོད་པའི་མཆོག་ཏུ་རོལ། །རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃཿཧ་ཧོ་ཧྲཱིཿ གཉིས་པ་ཚོགས་མགྲོན་སྤྱན་འདྲེན་པ། ཧཱུྃཿ སངས་རྒྱས་སྐུ་གསང་ཡེ་ཤེས་ཁྱུང་ལ་འདུས། །གསུང་གི་གསང་དབང་བཅོམ་ལྡན་རྟ་མཆོག་རོལ། །ཐུགས་ཀྱི་རྡོ་རྗེ་གསང་བདག་ཧེ་རུ་ཀ །སྒྱུ་འཕྲུལ་རང་རྩལ་འཁོར་དང་བཅས་པ་ཀུན། །ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །རྩ་སྔགས་མཐར། གཱ་ན་ཙཀྲ་བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་ཚོགས་མཆོད་འབུལ་བ་ནི། ཧཱུྃཿ ཕྱི་ནང་གསང་བ་བླ་མེད་ཚོགས་མཆོད་འདི། །གསང་གསུམ་ཡོངས་འདུས་ལྷ་ལ་མཆོད་པ་འབུལ། །རྣལ་འབྱོར་ཉམས་ཆགས་རྟོག་སྒྲིབ་ཡོངས་དག་ནས། །བར་ཆད་ཀུན་སེལ་མཆོག་ཐུན་དངོས་གྲུབ་སྩོལ། རྩ་སྔགས་མཐར། མ་ཧཱ་ག་ན་ཙཀྲ་ཁ་རཾ་ཁཱ་ཧི། དེ་ནས་བཤགས་པ་བྱ་བ་ནི། ཨཱཿ ཐོག་མེད་དུས་ནས་ད་ལྟའི་བར། །མ་རིག་དབང་གྱུར་བསགས་སྡིག་དང་། །དམ་ཚིག་ཉམས་ཆགས་ཉེས་ལྟུང་ཀུན། །བཤགས་སོ་བྱང་ཞིང་དག་གྱུར་ཅིག །བཛྲ་ས་མ་ཡ་ཤུདྡྷེ་ཨཱཿ དེ་ནས་ཐུགས་ཀྱི་བསྐང་བ་ནི། ཨོཾཿ གཏི་མུག་ཀླུ་གདོན་འདུལ་བའི་ལྷ། །ཡེ་ཤེས་ཁྱུང་ཆེན་ཐུགས་དམ་བསྐངས། །ཞེ་སྡང་གཟའ་གདོན་འདུལ་བའི་ལྷ། །གསང་བའི་བདག་པོའི་ཐུགས་དམ་བསྐངས། །འདོད་ཆགས་མོ་གདོན་འདུལ་བའི་ལྷ། །པདྨ་དབང་ཆེན་ཐུགས་དམ་བསྐངས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི །བསྐྱེད་པའི་ཁམས་གསུམ་རུ་ཏྲའི་དཔུང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས། །འདུལ་དཀའ་འདུལ་མཛད་འཁོར་དང་བཅས། །ཐུགས་དམ་གཉན་པོ་བསྐང་བའི་ཕྱིར། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །སྨན་རཀ་གཏོར་མ་བདེ་ཆེན་ཡུམ། །ཡེ་ཤེས་ཆེན་པོའི་མཆོད་པ་འབུལ། །ཉམས་ཆགས་བྱང་ཞིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་སྩལ་དུ་གསོལ། །ཞེས་བརྗོད་དེ་ནས་བསྒྲལ་མཆོད་ནི། ཧཱུྃཿ གདོན་གསུམ་ཉོན་མོངས་རུ་ཏྲ་ཀུན། །བདག་མེད་རྡོ་རྗེའི་མཚོན་གྱི་གདབས། །སྐུ་གསུམ་ལྷུན་གྲུབ་ངང་དུ་བསད། །འཁྲུལ་མི་ཤེས་པའི་དབྱིངས་སུ་སྤོར། །སརྦ་ར་ཊ་མ་རཱ་ཕཊ་ཕཊ་ཕཊ། དེ་ནས་གཟུགས་ཕུང་བསྟབས་པ་ནི། ཧཱུྃཿ ཆོས་ཅན་ཁམས་གསུམ་འཁོར་བའི་འདྲེ། །ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་། །མ་བྱུང་མ་སྐྱེས་འཁོར་གསུམ་གྱི། །བདེན་འཛིན་རང་སར་གྲོལ་བར་བསྟབས། །རྩ་སྔགས་མཐར། རཱུ་ཊ་ཀ་ལ་མཱཾ་ས་རཀྟ་ཙིཏྟ་ཁ་རཾ་ཁཱ་ཧིཿ ཚོགས་ལ་རོལ་ཞིང་རོ་སྙོམ་བསྐྱངས། སླར་ཡང་ལྷག་གཏོར་བྱིན་གྱིས་བརླབས། ཕེམ། སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། ཁས་བླང་དམ་བཅས་ལྷག་སྐྱོངས་ཚོགས། །འདིར་གཤེགས་ཤ་ཁྲག་གཏོར་མ་བཞེས། །བཅོལ་པའི་བཅོལ་བའི་ཕྲིན་ལས་མཛོད། །ཨུཥྩི་ཊ་བྷ་ལིང་ཏ་ཁཱ་ཧིཿ དེ་ནས་ཐུགས་དམ་བསྐུལ་བ་ནི། ཧྲཱིཿཧཱུྃ་ཁྲོཾ་ཛཿ དུས་གསུམ་རྒྱལ་བ་སྲས་བཅས་དང་། །གདོན་གསུམ་འདུལ་མཛད་ཡེ་ཤེས་ལྷ། །བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །མཛོད་ཅིག་རབ་འབྱམས་ཕྲིན་ལས་མཛོད། །སྣོད་བཅུད་དུས་ཀྱི་རྒུད་པ་སོལ། །མི་མཐུན་མི་འདོད་ཉེར་འཚེ་བཟློག །བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ། །གྲུབ་འབྲས་མངོན་གྱུར་དངོས་གྲུབ་སྩོལ། །བཛྲ་ས་མ་ཡ་ཛཿ མ་ཧཱ་ཀ་རི་ནི་ཀ་དྲ་ཤ་ཧོཿསརྦ་དུཿཁ་ཚེ་ད་ཕཊ། སརྦ་སུ་ཁ་སིདྡྷི་ཧཱུྃ་ཧཱུྃཿ དེ་ནས་ཆད་མདོ་སྐྱངས་བ་ནི། ཧཱུྃཿ སྔོན་ཚེ་འོག་མིན་ཆེན་པོ་རུ། །དྲག་པོ་རོལ་བའི་ལྷ་གསུམ་གྱི། །རང་སྐལ་རཱུ་ཊའི་བདུད་བཅོམ་ཚེ། །འཁོར་གྱི་དྲེགས་པ་ཐམས་ཅད་ཀུན། །དབང་བསྐུར་རྡོ་རྗེའི་དམ་ཚིག་སྦྱིན། །དེ་རྗེས་སློབ་དཔོན་པདྨ་ཡི། །ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུས། །བཀའ་བསྒོ་དམ་ལ་བཞག་ནས་ཀྱང་། །ཕྲིན་ལས་རབ་འབྱམས་གཉེར་དུ་བཅོལ། །ཐ་མ་སྨོན་ལམ་དུས་བབས་ཚེ། །ཆེ་མཆོག་རྡོ་རྗེ་བདུད་འཇོམས་ཀྱི། །ཟབ་གཏེར་གཉན་པོ་བསྟན་པ་དང་། །བསྟན་འཛིན་སྐྱོངས་པར་ཞལ་བཞེས་བཞིན། །མཆོད་གཏོར་བརྒྱན་ལྡན་འདི་བཞེས་ལ། །རྐྱེན་སེལ་སྨོན་དོན་ཡོངས་གྲུབ་མཛོད། །དེ་ནས་བརྟན་མ་སྐྱོངས་བ་ནི། ཧཱུྃཿ སྡེ་དཔོན་དྲེགས་ཆེན་བསྟན་མ་སྐྱོངས། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །འདིར་གཤེགས་བཤལ་ཆུས་གཏོར་མ་ལོངས། །མུ་སྟེགས་རྒྱུ་བའི་ལམ་འཕྲང་གཅོད། །བསྟན་དང་བསྟན་འཛིན་བུ་བཞིན་སྐྱོངས། །མ་འདའ་བཛྲ་ས་མ་ཡཱ། མ་མ་ཧྲིང་ཧྲཱིང་ཨེ་དམ་བྷ་ལིང་ཏ་ཁཱ་ཧིཿ དེ་ནས་མནན་གཏད་བྲོ་བརྡུང་ནི། ཧཱུྃཿ དྲག་པོ་རོལ་པའི་དཀྱིལ་འཁོར་དུ། །དམ་སྲི་རྒབ་འདྲེ་ལོག་འདྲེན་རིགས། །མནན་ནོ་སྐུ་གསུང་ཐུགས་ཀྱི་རྒྱ། །བྱང་ཆུབ་བར་དུ་མ་ལྡངས་ཞིག །སྟྭཾ་བྷ་ཡ་ནན། མ་ར་ཡ་སརྦ་ཤ་ཏྲུན་ཀཱ་ཡ་ཝཱ་ཀ་ཙིཏྟ་ནན་ནན། དེ་ནས་དངོས་གྲུབ་བླང་བ་ནི། ཧཱུྃཿ དྲག་པོ་རོལ་པའི་དཀྱིལ་འཁོར་ལྷས། །གསང་བ་གསུམ་གྱི་དབང་དངོས་གྲུབ། །ཡེ་ཤེས་ཡོན་ཏན་སྟོབས་ནུས་བྱིན། །མ་ལུས་བདག་ལ་སྩལ་དུ་གསོལ། །རྩ་སྔགས་མཐར། ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཕ་ལ་ཧོཿ དེ་ནས་ནོངས་པ་བཤགས་པ་ནི། དྲག་པོ་རོལ་བའི་སྤྱན་སྔ་རུ། །བདག་གི་སྒོ་གསུམ་དམ་ཉམས་པའི། །ཉམས་ཆགས་སྡིག་ལྟུང་རྟོག་སྒྲིབ་ཀུན། །བཤགས་སོ་བྱང་ཤིང་དག་གྱུར་ཅིག །ཡིག་བརྒྱ་དང་དབྱངས་གསལ་གྱི། ཁ་བསྐང་སླར་ཡང་བསྡུ་རིམ་ནི། ཧཱུྃཿ མཚན་བཅས་ལྷ་དང་གཞལ་ཡས་ཞིང་། །མཚན་མེད་ཉེ་བར་ཞི་བ་ཡི། །ཆོས་སྐུ་ཁྱབ་བརྡལ་ཆེན་པོའི་ཀློང་། །མ་བཅོས་ངང་ནས་དེ་ཁོ་ན། །ཨ་ལ་ལ་ཧོཿ སླར་ལྡང་བ་ནི། འགགས་མེད་ངེས་པ་ལྔ་ལྡན་གྱི། །སྐུ་གཉིས་ཟུང་འཇུག་དཀྱིལ་འཁོར་ནས། །མ་བཅོས་མ་བཙལ་ཡེ་ཡིན་གྱི། །རྫོགས་པའི་རིམ་པའི་ལྷ་སྐུ་སྟེ། །ཟུང་འཇུག་ཕྱག་རྒྱ་ཆེན་པོ་བརྡལ། །རྗེས་ལ་དགེ་བ་བསྔོ་སྨོན་ནི། ཧཱུྃཿ འདིས་མཚོན་དུས་གསུམ་བསགས་པའི་དགེ །བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ། །ཁམས་གསུམ་སེམས་ཐམས་ཅད་ཀུན། །དྲག་པོའི་གོ་འཕང་མཆོག་ཐོབ་ཤོག །དེ་ནས་ཤིས་པ་བརྗོད་པ་ནི། ཧཱུྃཿ རྡོ་རྗེ་ཐུགས་ཀྱི་བཀྲ་ཤིས་ཀྱི། །སེམས་རྟོག་དམིགས་པ་སངས་པ་དང་། །རྣམ་པར་མི་རྟོག་མཆོག་འགྲུབ་པའི། །གསང་བའི་བདག་པོའི་བཀྲ་ཤིས་ཤོག །ཨཱཿ རྡོ་རྗེ་གསུང་གི་བཀྲ་ཤིས་ཀྱི། །ངག་གི་མི་དགེ་དབྱངས་སངས་ནས། །ཚངས་དབྱངས་ཀུན་ལ་ཕན་པའི་བདེ་སྨོན་པའི། །རྟ་མཆོག་རོལ་པའི་བཀྲ་ཤིས་ཤོག །ཨོཾཿ རྡོ་རྗེ་སྐུ་ཡི་བཀྲ་ཤིས་ཀྱི། །ལུས་འཛིན་ཞེན་རྟོག་མི་དགེ་དབྱངས་སངས་ཤིང་། །སྐུ་གཉིས་རྨད་བྱུང་ཕྲིན་ལས་དོན་གཉིས་གྲུབ། །ཡེ་ཤེས་ཁྱུང་ཆེན་འབར་བའི་བཀྲ་ཤིས་ཤོག །ཅེས་མཐར་ཤིས་བརྗོད་ཀྱི་འཐད་པའི་མཐར་རྒྱན། རབ་གནས་མེ་ཏོག་འཐོར། འདི་ཕྱིས་དགེ་ལེགས་ཐམས་ཅད་ཀུན། ཡར་ངོས་ཟླ་བཞིན་འཕེལ་བ་དང་། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ། །ཅེས་པ་འདི་ཡང་ཙནྜ་ཀིརྟིའི་གསུང་བསྐུལ་བཞིན། །ག་གཱས་སོ། །དགེའོ། །


previousདོན་གཉིས་ལྷན་གྲུབ་རྒྱལ་པོ།next