Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྲོན་མེའི་སྟོང་ཐུན་ཡེ་ཤེས་གསལ་བྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲོན་མེའི་སྟོང་ཐུན་ཡེ་ཤེས་གསལ་བྱེད།next

སྒྲོན་མེའི་སྟོང་ཐུན་ཡེ་ཤེས་གསལ་བྱེད།

སྒྲོན་མེའི་སྟོང་ཐུན་ཡེ་ཤེས་གསལ་བྱེད་ཅེས་བྱ་བ་བཞུགས་སོ། །

འོ་དེ་ལྟར་བླ་མའི་མཆོད་བསྒྲུབ་ཉམས་སུ་བླང་བ་ནི། ཆོས་ཀུན་གྱི་རྩ་བར་བཤད་དེ། འཁོར་ལོ་བདེ་བའི་རྒྱུད་ལས། དེ་ཕྱིར་ཆོས་ཀུན་རྩ་བར་ནི། །བླ་མ་རྡོ་རྗེ་འཛིན་པར་བཤད། །བླ་མ་དག་ལས་མ་བྱུང་བའི། །དངོས་གྲུབ་རྙེད་པར་འགྱུར་མི་སྲིད། །བླ་མ་ཉིད་ལས་མ་བྱུང་བའི། །སངས་རྒྱས་ཞེས་བྱ་འབྱུང་མི་སྲིད། །སྲིད་པའི་ཁ་ལོ་གྱེན་དུ་ནི། །བླ་མ་མཚན་ཉིད་ལྡན་པས་སྒྱུར། །ཞེས་སོ། །སངས་རྒྱས་ཐམས་ཅད་ཀྱང་མཆོད་པར་འགྱུར་ཏེ། འཇམ་དཔལ་ཞལ་ལུང་ལས། འདི་ཡི་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལས་མཆོད་པ་ལེན། །དེ་མཉེས་དེ་ཡི་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཅེས་དང་། སྙིང་པོ་ལས། དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཞེས་དང་། སངས་རྒྱས་ཐམས་ཅད་མཆོད་པ་ལས་ཀྱང་ལྷག་ཏེ། དགོངས་འདུས་ལས། དེས་ན་སངས་རྒྱས་སྟོང་ཕྲག་ལ། །བསྐལ་བ་སྟོང་དུ་མཆོད་བྱས་པས། །བླ་མའི་བ་སྤུའི་ཁུང་རེ་ལ། །ཙནྡ་ཐིག་པ་གཅིག་བྱུག་པ། །སྟོང་ཕྲག་ཆར་ཡང་ཕོད་པ་མིན། །ཞེས་སོ། །ཚུལ་དེ་བཞིན་དུ། གསང་འདུས་ལས། དུས་གསུམ་སངས་རྒྱས་ཀུན་མཆོད་པས། །བླ་མའི་བ་སྤུ་ཉག་རེ་ལ། །མར་གྱི་ཐིག་པ་གཅིག་བྱུག་ནས། །དེ་ཡི་བསོད་ནམས་ཁྱད་པར་འཕགས། ཞེས་དང་། བདུད་རྩི་རྒྱ་མཚོ་འབྱུང་བའི་རྒྱུད་ལས། །ནམ་མཁའ་གང་བའི་སངས་རྒྱས་ལ། །སྣ་ཚོགས་རིན་ཆེན་སྤྲས་པ་ཡི། །སྟོང་གསུམ་གང་བ་ཕུལ་གྱུར་བས། །བླ་མའི་བ་སྤུ་ཉག་རེ་ལ། །མར་གྱི་ཐིག་པ་གཅིག་བྱུག་པ། །བསོད་ནམས་བརྒྱ་ཕྲག་ཆར་མི་ཕོད། །ཅེས་སོ། །ཚོགས་གཏོར་ཕུལ་བའི་བསོད་ནམས་ནི། །རྡོ་རྗེ་བེ་ཅོན་གྱི་རྒྱུད་ལས། བླ་མའི་མདུན་དུ་ཚོགས་གཏོར་ལ། །གཏན་དུ་ཆོ་ག་རྫོགས་བྱས་ན། །ལོངས་སྤྱོད་ལྡན་དང་ཚོགས་རྫོགས་དང་། །རང་གཞན་བར་ཆད་ཀུན་སེལ་ཞིང་། །འཕོས་ནས་གསང་བདག་འཁོར་དུ་སྐྱེ། །ཞེས་སོ། །མ་ཟད་ཇ་མཆོད་སོགས་བཟའ་བཏུང་གི་ཕུད་ཙམ་གྱིས་མཆོད་པའི་བསོད་ནམས་ཡང་། རྡོ་རྗེ་རོ་ལང་གི་རྒྱུད་ལས། གང་གིས་བླ་མ་རྡོ་རྗེ་འཆང་། །བཟའ་བཏུང་ཕུད་ཀྱིས་རྟག་ཏུ་མཆོད། །འདིར་ཡང་བཟའ་བཏུང་འཕེལ་བ་དང་། །འཁོར་ལོའི་བསྒྱུར་རྒྱལ་ཐོབ་པར་འགྱུར། །ཞེས་དང་། གསང་འདུས་རིམ་ལྔ་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམས། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །བླ་མེད་བྱེད་པ་སློབ་དཔོན་གྱི། །རྡོ་རྗེ་སེམས་དཔའ་མཆོད་བྱས་པས། །དེ་ཡིས་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བརྟེན་ཅི་ཞིག་ཡོད། །ཅེས་སོ། །དེ་བཞིན་དུ་བླ་མ་མཐོང་བའི་ཕན་ཡོན་ཡང་། སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་མཐོང་བ་ནི། །ཡོན་ཏན་རིན་ཆེན་ཐམས་ཅད་ཀྱི་འབྱུང་གནས་སོ། །ཞེས་དང་། ཕ་དམ་པའི་ཞལ་ནས། ཡི་དམ་གྱི་ལྷ་བརྒྱའི་ཞལ་མཇལ་བ་ལས། བླ་མའི་ཞལ་རས་ལན་ཅིག་མཇལ་བ་ཕན་ཡོན་ཆེ་སྟེ་བོད་བླུན་པོ་ཚོས་མ་གོ །ཞེས་སོ། །མ་ཟད་བླ་མ་དྲན་པ་ཙམ་གྱི་ཕན་ཡོན་ནི། ཀུན་འདུས་ལས། གང་གིས་བསྐལ་བ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམ་པ་བས། །བླ་མ་དྲན་པ་བསོད་ནམས་མཆོག །ཞེས་དང་། འཁོར་ལོ་ཆུབ་པར། གང་གིས་བསྐལ་བ་ཕྱེ་བ་རུ། །ལྷ་ཡི་སྐུ་ནི་བསྒོམ་བྱས་པས། །མགོན་པོ་ཀུན་གྱི་དབང་ཕྱུག་ཆེ། །བླ་མ་དྲན་པ་མཆོག་ཏུ་བཤད། །ཅེས་དང་། དཔུང་བཟང་ལས། སྐྱེས་བུ་གང་ཞིག་འཆི་བའི་ཚེ། །བླ་མ་སྐད་ཅིག་དྲན་གྱུར་ན། །འཕོ་བ་ཀུན་གྱི་མཆོག་ཏུ་འགྱུར། །སྐྱེས་བུ་དེ་ནི་མངོན་སངས་རྒྱས། །ཞེས་སོ། །བླ་མའི་སྐུ་བཞེངས་པའི་ཕན་ཡོན་ནི། ཨ་ཏི་བཀོད་པའི་རྒྱུད་ལས། སངས་རྒྱས་དཔག་ཏུ་མེད་པ་ཡི། །སྐུ་གཟུགས་གྲངས་མེད་བྱས་པ་བས། །བླ་མའི་སྐུ་འབག་ལུགས་སམ་བྲིས། །འདི་ནི་མཆོག་དང་ཁྱད་པར་འཕགས། །ཞེས་སོ། །གསོལ་བ་བཏབ་པའི་ཕན་ཡོན་ནི། གསང་སྒྲོན་ལས། བསྙེན་སྒྲུབ་བཟླས་པ་ས་ཡ་བས། །བླ་མའི་གསོལ་འདེབས་ཚིག་གཅིག་དགའ། །ཞེས་དང་། ཨ་ཏི་བཀོད་པ་ལས། བསྙེན་སྒྲུབ་བཟླས་བརྗོད་ས་ཡ་དུང་ཕྱུར་བས། བླ་མའི་གསོལ་འདེབས་ལན་གསུམ་བརྗོད་པ་ནི། ནུས་པ་འབུམ་ཕྲག་ཆར་ཡང་མི་ཕོད་པས། ༼ དེང་སང་ཕྱོགས་འདིར་བླ་མ་ལ་གསོལ་བ་འདེབས་མི་རུང་ཟེར་བ་ཡང་ལུང་འདི་དག་གིས་བསལ་ལོ། མཆན། ༽ཞེས་སོ། བླ་མ་བསྒྲུབ་པའི་ཕན་ཡོན་ནི། ཆེ་བ་རང་གནས་ཀྱི་རྒྱུད་ལས། རྫོགས་པ་ཆེན་པ་ཨ་ཏི་ལས། །བྱུང་བའི་བླ་མ་དྲིན་ལྡན་ཉིད། །སྙིང་གི་དཀྱིལ་ལམ་ལག་པའི་མཐིལ། །སྤྱི་བོའི་གཙུག་ཏུ་སུས་བསྒོམ་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཡང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་དང་། ཡིད་བཞིན་མཆོག་གི་རྒྱུད་ལས། གང་གིས་བླ་མ་འདུན་པའི་ལྷ། །སྤྱི་བོའི་གཙུག་ཏུ་བསྒོམས་པ་ཡིས། །སངས་རྒྱས་དཀྱིལ་འཁོར་སྟོང་ཕྲག་ཉིད། །ལག་མཐིལ་བཞག་ནས་སྟོང་གསུམ་བསྐོར། །སྙིང་ཁར་ལན་སྟོང་བསྟིམ་བྱས་པས། །རྒྱ་སྟོང་རྒྱུ་དང་ཆར་མི་ཕོད། །ཅེས་སོ། །ཁྱད་པར་དུ་འདས་མཆོད་ཕུལ་བའི་བསོད་ནམས་ནི། ཨ་ཏི་བཀོད་པའི་རྒྱུད་ལས། །འདས་པའི་ལོ་ཟླ་ཚེས་གྲངས་ལ། །མ་ནོར་བ་ནི་བརྩིས་བྱས་ནས། །མཆོད་པའི་རྣམ་པ་སུས་བྱས་པ། །ཚོགས་གཉིས་རབ་ཏུ་རྫོགས་པ་དང་། །ཚེ་འདིར་ལོངས་སྤྱོད་འཕེལ་བར་འགྱུར། །ཞེས་དང་། བླ་མའི་ཡོན་ཏན་ཡོངས་སུ་བཟུང་བའི་རྒྱུད་ལས། བླ་མ་འདས་ནས་གདུང་བས་མཆོད་བྱས་ན། །དགེ་བའི་རྣམ་སྨིན་བླ་མའི་རྗེས་འབྲང་སྟེ། །ཐུགས་ཀྱི་དགོངས་པ་གོང་དུ་ཡོངས་རྫོགས་ཤིང་། །སློབ་མས་བླ་མའི་རྣམ་ཐར་སྙོགས་པར་འགྱུར། །ཞེས་སོ། །དེང་གི་གནས་སྐབས་སུ་དེ་ལྟ་བུའི་ཕན་ཡོན་དང་ལྡན་པའི་མཆོད་སྒྲུབ་ཡོངས་སུ་གྲུབ་པ་ལ་དགའ་སྤྲོ་དད་མོས་ཡིད་ཆེས་དང་ལྡན་པས་སླད་ནས་ཀྱང་། ཞེས་མཁན་ཆེན་བཀའ་དྲིན་ཅན་གྱི་གསུང་གི་དཀྱུས་སུ་ཞུགས་པས་ཀྱང་ཆོག་ལ། ཁྱད་པར་རྩེད་མོས་ཚུལ་དུ་ཅུང་ཟད་ཙམ་ཞིག་སྤྲོས་ན། དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་རྡོ་རྗེ་རྒྱལ་པོ་ཆེན་པོ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་གི་བུམ་པ་བཟང་པོ་རྒྱལ་ཀུན་བསྐྱེད་པའི་ཡུམ་གྱུར་ཉིད་ཀྱི་དབུར་བཞུགས། དམ་ཚིག་གི་ཏིང་འཛིན་ཡེ་ཤེས་ཀྱི་དལ་བཀྲམ་པ་བདེན་ཚིག་འགྲུབ་པའི་དབང་གྱུར་བྱིན་གྱིས་རློབས་པ་དག་གི་མདུན་དུ་བདར་དེ། མཚོན་བྱ་གཞི་རང་བཞིན་རྒྱུད་ཀྱི་སྒྲོན་མེ་དྲུག་གི་དཀྱིལ་འཁོར་བཟང་པོ་མཚོན་བྱེད་གཞི་སྣང་ཐབས་རང་བཞིན་རྒྱུད་ཀྱི་སྒྲོན་མ་དྲུག་དང་ལྡན་པའི་སྣང་འགྲོས་སུ་གསལ་བ་ཉིད། ཉམས་ལེན་ལམ་གྱི་སྒྲོན་མ་དྲུག་གིས་གཞིའི་རང་ཞལ་མངོན་སུམ་དུ་བྱས་པའི་ལམ་གྱུར་གྱི་གྲུབ་མཐའ་ས་བཅུ་དང་། རིག་འཛིན་བཞི་སྣང་བཞིའི་སྦུབས་ནས་འཕུར་འགྲོས་ཀྱི་བརྟུལ་ཞུགས་མཆོག་གིས་བསྒྲོད་དེ་རྡོ་རྗེ་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ལ་ལྷུན་གྱིས་གྲུབ་ཅིང་སྙོགས་པའི་མཚམས་སྦྱོར་སྨོན་ལམ་དང་། གལ་ཏེ་ཚེ་འདི་ཉིད་དུ་གྲུབ་མཐའ་མ་སྙོགས་ན། མཚོན་བྱེད་སྒྲོན་མའི་རང་བཞིན་སྟོང་པ་ཉིད་གཟུགས་སུ་ཤར་བས། མཚོན་བྱ་སེམས་ཀྱི་ངོ་བོ་སྤྲོས་བྲལ་ཆོས་ཀྱི་སྐུ་ངོ་ཤེས་ནས་རྒྱུ་བདག་ཉིད་གཅིག་པའི་མ་རིག་པའི་མུན་པ་སེལ། སྒྲོན་མའི་ངོ་བོ་འོད་ཀྱི་རྣམ་པར་སྣང་བས་སེམས་ཀྱི་རང་བཞིན་རང་གསལ་ལོངས་སྤྱོད་རྫོགས་པའི་སྐུ་ངོ་ཤེས་ནས། རྐྱེན་ལྷན་ཅིག་སྐྱེས་པའི་མ་རིག་པའི་མུན་པ་སེལ། སྒྲོན་མེའི་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཐུགས་རྗེའི་ཡེ་ཤེས་ཀུན་ལ་ཁྱབ་པ་མཚོན་པའི་དོན་ངོ་འཕྲོད་དེ། ཀུན་ཏུ་བཏགས་པའི་མ་རིག་པ་གཞི་ལ་སངས་དེ་སྤྲུལ་པའི་སྐུ་མངོན་དུ་གྱུར་ནས་གཞོན་ནུ་བུམ་པའི་སྐུར་རབ་ཚེ་འདིའམ། འབྲིང་བར་དོ་དང་པོ་ལ་མ་པང་བུ་འཇུག་གི་ཚུལ་གྱིས་གྲོལ་བའི་སྟོང་འདེབས་སུ་འགྱུར་བ་དང་། གལ་ཏེ་དེ་ལ་བརྟན་པ་མ་ཐོབ་ན་ནམ་མཁའ་འོད་གསལ་ཟུང་འཇུག་བཞི་སྦྱོར་ལྷུན་གྲུབ་དང་བཅས་པའི་གཞི་སྣང་ཆོས་ཉིད་ཀྱི་བར་དོ་ལ། སྒྲོན་མེའི་ཁ་དོག་ལྔ་ཡུམ་གྱི་ངོ་བོར་སངས་རྒྱས་པའི་རྟེན་འབྲེལ་དང་སྨོན་ལམ་རྣམ་པར་དག་པའི་མཚམས་སྦྱོར་གྱི་མཐུས། འཇུག་པ་ཤེས་པའི་གནད་དང་། གྲོལ་བ་ལུས་ཀྱི་གནད་དང་། མཐར་ཕྱིན་འབྲས་བུའི་གནད་དེ་གསུམ་ཚད་དུ་འཁྱོལ་ནས་འོད་གསལ་སྦུབས་འཇུག་གི་གདམས་པ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་ཐབས་མཆོག་ཏུ་དྲན་ནས། ཉོན་མོངས་པ་ལྔའི་མུན་པ་སེལ། ཡེ་ཤེས་ཀྱི་རང་འོད་ལྔ་ངོ་ཤེས། ཡེ་ཤེས་ལྔ་མངོན་དུ་གྱུར། རིགས་ལྔའི་རིགས་མཆོག་ཐོབ། སྐུ་ལྔ་ལྷུན་གྱིས་གྲུབ། སྒོ་བརྒྱད་གྲོལ་སྟོབས་ཀྱིས་ནང་དུ་ཐིམ་ནས་མུན་པའི་འཁོར་སྒོ་སྟོང་། དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཀ་དག་ལ་ཐིམ་ནས་སེང་གེའི་གངས་ཟིན་པ་ལྟར་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་འཕང་པ་ལྟ་བུའི་དཔེའི་མཚོན་པ་རྣམ་པར་གྲོལ་བ་མཐར་ཐུག་པ་ལ། དཔེ་གཟུགས་བརྙན་གྱི་དཀྱིལ་འཁོར་སྣང་གསལ་སྒྲོན་མེ་མཆོག་གི་རྟེན་འབྲེལ་གྱིས་མཚོན་པའི་བརྡ་ཐབས་དོན་ལ་འབྱོར་པའི་གཟུངས་ཐོབ་ནས་བར་དོར་བསྟན་པ་ཐོབ་པའི་སླད་དང་། དེ་ལས་ཐལ་ཏེ་སྲིད་པའི་བར་དོ་རུ་ཁ་འཁྱལ་ནའང་། སྣང་གསལ་སྒྲོན་མེ་མཆོག་གི་རྗེས་དྲན་གྱི་རྟེན་དུ་གྱུར་ནས་བླ་མ་ཡབ་ཡུམ་དང་། རྡོ་རྗེའི་མཆེད་ལྕམ་དང་། བླ་མས་བསྟན་པའི་གདམས་པ། ཆོས་ཉིད་དོན་དང་། ཆོས་ཅན་རྟགས་ཀྱི་ལྟ་བ་དང་ཡི་དམ་གྱི་ལྷ་རྗེས་སུ་དྲན་པའི་མོད་ལ་དམ་ཚིག་ལུ་གུ་རྒྱུད་དུ་འབྲེལ་བའི་རྟེན་འབྲེལ་གྱིས་དཔུང་ཤུགས་སུ་སད་ནས་མཁའ་སྤྱོད་དག་པའི་གནས་སུ་འདྲེན་པའི་དེད་དཔོན་མཛད་པ་དང་། གལ་ཏེ་ནའང་དལ་འབྱོར་ཕུན་སུམ་ཚོགས་པའི་རྟེན་ལ་ཚོམ་བུ་གཅིག་དུ་འཁོད་པའི་རྟེན་འབྲེལ་གྱི་སྲོག་ཤིང་གཅིག་དུ་བསྟན་ཅིང་བརླིང་བར་གྱུར་ཞིང་། རྟེན་དེ་ལ་རིགས་ཆེན་གཙུག་ཏོར་ཆེན་པོ་མངོན་དུ་མཛད་དེ་ཕྱམ་གཅིག་གདོད་མའི་མགོན་པོའི་གོ་འཕང་ལ་མཉམས་སུ་གྲོལ་བའི་ཐུགས་འདུན་རྩེ་གཅིག་པའི་ངང་ནས་མར་མེའི་སྨོན་ལམ་ཟབ་མོ་འདིའི་རྗེས་ཟློས་གནང་བར་ཞུ། ཅེས་པ་འདིའང་རིག་འཛིན་ཆེན་པོ་དབང་གྲགས་མགོན་པོའི་གསུང་བསྐུལ་གཉན་པས་ག་གཱ་ཨ་བྷྱེས་སྐྲག་ཚབས་ཀྱི་ངང་ནས་གཅོས་གཏམ་ཉབ་ཉོབ་སྲ་བསྲེལ་སྨྲས་པའོ། །དགེའོ། །མངྒ་ལཾ། །


previousསྒྲོན་མེའི་སྟོང་ཐུན་ཡེ་ཤེས་གསལ་བྱེད།next