Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷག་གཏོར་བརྟན་གསུམ་གྱི་སྟོང་ཐུན་རྡོ་རྗེའི་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྷག་གཏོར་བརྟན་གསུམ་གྱི་སྟོང་ཐུན་རྡོ་རྗེའི་ཕྲེང་བ།next

ལྷག་གཏོར་བརྟན་གསུམ་གྱི་སྟོང་ཐུན་རྡོ་རྗེའི་ཕྲེང་བ།

ལྷག་གཏོར་བརྟན་གསུམ་གྱི་སྟོང་ཐུན་རྡོ་རྗེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

ཨེ་མ་ཧོ། དུས་གསུམ་ཐོག་མཐའ་བྲལ་བའི་ཡེ་ཤེས་ཀྱི། །མཚན་དཔེ་རྡོ་རྗེའི་བླ་མའི་ལང་ཚོར་སྒེག །སྲིད་ཞིའི་གདུང་བ་མཐའ་དག་དྲུངས་ནས་འབྱིན། ཁྱབ་བདག་ཀུན་བཟང་སྒྲ་དབྱངས་རྒྱ་མཚོས་སྐྱོངས། །ཡུལ་དུས་གང་ཟག་དང་འབྲེལ་གཞན་དབང་གིས། །ལེགས་བཤད་འགྲོལ་ལ་སྤྲོ་བ་ཅང་མེད་ཀྱི། །དེང་དུས་སྐྱེ་བོའི་ཆོས་སྤང་རྒྱུར་འགྱུར་སྙམ། །འོན་ཀྱང་ཁྱེད་གསུངས་སྤྱི་བོས་མཆོད་པའི་ཁུལ། །ཞེས་མཆོད་པར་བརྗོད་ཅིང་སྐབས་དབྱེས་ནས། འདིར་ལྷག་གཏོར་བརྟན་གསུམ་གྱི་སྟོང་ཐུན་ཅུང་ཟད་སྦྱོར་ན། མཆོད་པའི་ཡུལ། མཆོད་བྱེད། མཆོད་ཚུལ། དགོས་པ་དང་བཞི་ལས། དང་པོ་ལ་ཐུན་མོང་དུ་མཆོད་ཡུལ་གྱི་ངེས་པ་སྙིང་ལ་བཅག་པ། ཐུན་མིན་ལྷག་གཏོར་བརྟན་གསུམ་སོ་སོའི་མཆོད་ཡུལ་ངོས་བཟུང་བའོ། །དང་པོ་ལ་གཞི་ཡེ་ཤེས་གཅིག་གི་སྒྱུ་འཕྲུལ་དྲྭ་བར་བཤད་པ། ལམ་ཏིང་འཛིན་གཅིག་རོལ་མོ་ཡིན་པར་བཤད་པ། འབྲས་བུ་སངས་རྒྱས་གཅིག་གི་བཀོད་པ་ཡིན་པར་བཤད་པ། དེའི་དགོས་པ་དང་བཞིའི་ཚུལ་དུ་བཤད་པའོ། །དང་པོ་ལ། མདོར་བསྟན་རྒྱས་བཤད་དོན་བསྡུ་བའོ། །དང་པོ་ནི་དཔལ་དུས་ཀྱི་འཁོར་ལོ་སོགས་ནས་ཕྱི་ནང་གཞན་གསུམ་ཡེ་ཤེས་སུ་སྦྱོར་ཚུལ་དང་། སྔ་འགྱུར་ལས་སངས་རྒྱས་སྐུ་བཞིའི་རང་བཞིན་ཕྱི་ནང་གསང་བ་ཡང་གསང་གི་ཕྱག་རྒྱའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་གསུངས་པ་དག་དོན་གྱི་གནད་གཅིག་པས་ན། འདིར་ནང་རྒྱུད་ཡོ་ག་གསུམ་གོང་སྦྲེལ་ཏེ་བཤད་ན། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱང་རིག་པ་བྱང་ཆུབ་ཀྱི་སེམས་ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་ཆོས་སྐུ་ཆེན་པོ་གཅིག་གི་ངོ་བོ་དང་རང་རྩལ་སྒྱུ་འཕྲུལ་དྲྭ་བའི་ཕྱག་རྒྱ་ཅིར་ཡང་སྣང་བ་ལས་གཞན་དབྱིབས་སྔགས་ཆོས་གསུམ་དང་གཙོ་འཁོར་ཐ་དད་དུ་དམན་མཆོག་མེད་པར་རྒྱུ་གཅིག་པ་དང་། ཐམས་ཅད་དེའི་དག་སྣང་ཡིན་པས་ན་དང་དེ་ཉིད་སྐུ་གསུམ་གྱི་བདག་ཉིད་དུ་ཡེ་སངས་རྒྱས་པས་ན། ཀུན་བྱེད་ལས། ཀུན་བྱེད་བྱང་ཆུབ་ང་ཡི་རང་བཞིན་ལས། །མ་བཙལ་རང་བཞིན་ལྷུན་གྱིས་གྲུབ་པ་ནི། །རྒྱལ་བ་ཀུན་གྱི་ངོ་བོ་སྐུ་གསུམ་སྟེ། །ང་ཡི་རང་བཞིན་མ་བཅོས་ཆོས་སྐུར་གྲུབ། །ང་ཡི་ངོ་བོ་མ་བཅོས་ལོངས་སྤྱོད་རྫོགས། །ང་ཡི་ཐུགས་རྗེ་མངོན་ཕྱུང་སྤྲུལ་པའི་སྐུ། །ཞེས་དང་། དཀྱིལ་ནི་མ་ནོར་དོན་གྱི་སྙིང་པོ་ལ། །འཁོར་ནི་འཁོར་འདས་བདེ་ཆེན་རྫོགས་པད་ལྡན། །དེ་ནི་དཀྱིལ་འཁོར་སྙིང་པོ་ཀུན་གྱི་རྩ། །དཀྱིལ་འཁོར་མ་ལུས་འདི་ལ་འདུས་པར་རྟོགས། །ཞེས་དང་། ཆོས་དོན་ལས། རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་ནི་དཀྱིལ་འཁོར་སྙིང་པོར་གསུང་། །ཞེས་དང་། སྔགས་རྒྱུད་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་བའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །རྣམ་པར་ཤེས་པའི་གནས་དོན་སོགས། །ཕྱི་རོལ་གྱུར་བ་ཅུང་ཟད་མེད། །ཅེས་སོ། །གཉིས་པ་ལ་སྤྱི་དང་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དེ་ལྟ་བུའི་གཞི་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་ལ་གྲུབ་པའི་གནད་ཀྱིས་སེམས་ཅན་རྣམས་འཁྲུལ་བའི་དུས་སུ་ཡང་ཕྱི་འཇིག་རྟེན་གྱི་ཁམས། ནང་ལུས་དང་སེམས་ཐམས་ཅད། གཞན་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་རོལ་བ་ཚད་མེད་པར་རང་ཤར་བ་ཀུན་ཀྱང་ཡེ་ཤེས་གཅིག་གི་རོལ་གར་ཡིན་པས། ཇི་སྐད་དུ་ཀུན་སྤྱོད་ལས། གང་དུ་བདེ་ཆེན་ཡེ་ཤེས་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་དང་། ཧེ་བཛྲ་ལས། རིགས་ནི་ལྔ་བོ་དེ་དག་ལས། །སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་ཕན་པའོ། །ཞེས་དང་། བྲམ་ཟེ་ཆེན་པོ་སྒྲ་གཅན་འཛིན་གྱིས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་མཛད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་སོ། །དེ་ཡང་འོག་མིན་དུ་ཆོས་སྐུ་དང་། རང་སྣང་ལོངས་སྐུ། ཕྱེད་སྣང་ལོངས་སྐུ། རང་བཞིན་སྤྲུལ་བ་དང་། མི་མཇེད་བྱེ་བ་ཕྲག་བརྒྱར་སྤྲུལ་སྐུ་རྣམ་པ་བཞི་ལ་སོགས་པ་སྣ་ཚོགས་པའི་སྣང་བ་དང་། དེ་ཡེ་ཤེས་སེམས་དཔའ་རུ་ལྡན་པའི་དབང་གིས། ཧེ་རུ་ཀའི་གནས་བཅུ་དུར་ཁྲོད་བརྒྱད་གནས་ཉེར་བཞི་ཡུལ་སོ་གཉིས་ལ་སོགས་པ་ཐམས་ཅད་དུ། དཔའ་བོ་མཁའ་འགྲོ་ཞིང་སྐྱོངས་ཆོས་སྐྱོངས་སྲུང་མ། ཞིང་སྔགས་ལྷན་སྐྱེས་ཀྱི་ཊཱཀྐིའི་རྣམ་རོལ་ཚད་མེད་པ། ཅིར་ཡང་སྤྲུལ་པའི་སྐུ་རུ་རང་ཤར་བ་ཐམས་ཅད་ཀྱང་རྣམ་དག་ཡེ་ཤེས་ཀྱི་དབྱིངས་སུ་གོ་གཅིག་པ་སྟེ། མཆོད་བསྟོད་ཀྱི་རྒྱུད་ལས། ཐམས་ཅད་ཡེ་ནས་དཀྱིལ་འཁོར་ཆེ། །མ་བཅོས་རང་བཞིན་ལྷུན་གྱིས་གྲུབ། །མཆོད་བསྟོད་རབ་ཏུ་གསང་བའོ། །ཞེས་དང་མ་མོའི་རྒྱུད་ལས། །མུ་ཁ་ལེ་ཞེས་བྱ་བའང་། །མཐར་ཐུག་དོན་གྱི་གཞི་ཡིན་ཏེ། །དེ་ཉིད་ཁོ་ནས་བདག་ཉིད་དོ། །ཅེས་དང་། རིག་པའི་ཡེ་ཤེས་སྣ་ཚོགས་པ། །གཙོ་དང་འཁོར་དུ་བཅས་པར་གྲུབ། །ཅེས་དང་། ཕལ་པོ་ཆེ་ལས་ཀྱང་། ཞིང་གི་ཁྱད་པར་རྒྱ་མཚོ་རྣམས། །སེམས་ཀྱི་སྤྱོད་ཡུལ་སྣ་ཚོགས་སྣང་། །བ་སྤུའི་ཁུང་བུ་ཉག་རེ་ལའང་། །སངས་རྒྱས་ཞིང་ཁམས་རྒྱ་མཚོ་སྟེ། །ཞེས་སོ། །རྒྱུ་མཚན་དེ་ཉིད་ཀྱི་དབང་གིས། བདེ་དགྱིས་དང་བཀའ་བརྒྱད་སོགས་ནས་ཀྱང་། ཕྱི་འཇིག་རྟེན་གྱི་ཁམས། ནང་རྡོ་རྗེ་ཕུང་པོའི་གྲོང་ཁྱེར། གསང་བ་འོག་མིན་གྱི་གནས་རྣམས་སུ། ས་འོག་ཏུ་སྤྱོད་པ་སྐུའི་འཁོར་ལོ། ས་ལ་སྤྱོད་པ་གསུང་གི་འཁོར་ལོ། ནམ་མཁའ་ལ་སྤྱོད་པ་ཐུགས་ཀྱི་དཀྱིལ་འཁོར་སྟེ། གནས་གསུམ་གྱི་མཁའ་འགྲོ་མ་ཡི་འཁོར་ལོའི་སྡོམ་པར་གསུངས་པ་ཀུན་གཙོ་འཁོར་རམ་དཀྱིལ་འཁོར་གྱི་ཚུལ་དུ་སྣང་བ་ཐམས་ཅད་ལ་བཟང་ངན་དང་དམན་མཆོག་ཅུང་ཟད་ཀྱང་མེད་དེ་ཡེ་ཤེས་གཅིག་ཉིད་ཀྱི་རྩལ་གདངས་དེ་ལྟར་མངོན་པའི་རྒྱུ་མཚན་གྱིས་སོ། །གསང་སྙིང་ལས། སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས། །དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་བསྒྱུར། །ངོ་མཚར་སྐུ་གསུང་ཡོན་ཏན་ཞིང་ཁམས་ཡང་། །གཞན་ན་མེད་དེ་དེ་ཉིད་དེ་ལྟར་སྣང་། །ཞེས་དང་། རྨད་བྱུང་རྒྱལ་པོའི་རྒྱུད་ལས། སངས་རྒྱས་སྐུ་དང་ཡེ་ཤེས་ཞིང་ཁམས་ཀྱང་། །ཡེ་ཤེས་དེ་ཉིད་དེ་ལྟར་སྣང་བ་ཡིན། །ཡེ་ཤེས་ཡོན་ཏན་ཕྲིན་ལས་ཇི་སྙེད་པ། །གཞན་ན་མ་ཡིན་དེ་ལྟར་ལྷུན་གྱིས་གྲུབ། །ཞེས་སོ། །དེ་ཡང་ཆོས་སྐུའི་དབྱིངས་ན་འཆར་གཞིར་བཞུགས་པ་རང་བཞིན་ཉིད་ཀྱི་དཀྱིལ་འཁོར། ལོངས་སྐུའི་དབྱིངས་སུ་འབྲས་ཆོས་ཉེར་ལྔའི་མཚན་དཔེར་རྫོགས་པ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར། །སྤྲུལ་སྐུའི་ཞིང་ཁམས་སུ་བདེ་གཤེགས་སྙིང་པོའི་དབྱིངས་ཀྱི་གཟུགས་བརྙན་བཟང་ངན་འབྲིང་གསུམ་འཇིག་རྟེན་འདས་མ་འདས་ཀྱི་ཚུལ་སྣ་ཚོགས་སེམས་ཀྱི་ངོས་ཁ་ལ་གྲུབ་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཡིན་པས་ན། ཁོག་གཞུང་ལས། ཐོག་མར་རང་བཞིན་དཀྱིལ་འཁོར་ནི། །རང་བཞིན་ཉིད་དང་ལྷུན་གྲུབ་དང་། །འབྲས་བུ་མཐར་ཕྱིན་སྐབས་ཀྱི་གསུམ། །ཞེས་སོ། །དེ་དག་ཀྱང་རྒྱས་པའི་རྒྱུད་ལས། །གཟུགས་བརྙན་དཀྱིལ་འཁོར་ཡང་དག་ནི། །ཆེན་པོ་རགས་པ་ཐབས་སུ་རྟོགས། །སོ་སོའི་མཚན་ཉིད་ཤེས་རབ་རྟོགས། །གཉིས་མེད་འབྲེལ་བ་ཐབས་ཆེན་ཡིན། །ཞེས་སོ། །གཉིས་པ་ནི། དེ་དག་གི་དོན་གྱིས་སྟོང་གཟུགས་རྣམ་ཀུན་མཆོག་ལྡན་དུ་བ་མ་ལ་སོགས་ལྷ་མོ་ལྷན་སྐྱེས་ཕྱག་རྒྱ་ཆེན་མོ་ལ་སྙོམས་པར་འཇུག་པས་ནང་གི་གནས་ཡུལ་དང་ས་ལམ་བསྒྲོད་ཚུལ་དང་། བསྐྱེད་རིམ་པས་ཀྱང་། མཁའ་སྤྱོད་དང་འདོད་གཟུགས་ཀྱི་རིག་འཛིན་གྲུབ་ནས་ཞིང་སྔགས་སྐྱེས་ཀྱི་མཁའ་འགྲོ་ལས་བདེ་ཆེན་ཚོལ་བའི་ཡུལ་རྣམས་ཀྱང་ལྷག་གཏོར་བརྟན་གསུམ་གྱི་ལྷ་མོ་འདི་དག་གི་རང་བཞིན་དང་རྣམ་འགྱུར་ལས་མ་འདས་པས་ན། ཀུན་མཁྱེན་ཆོས་རྗེས། འདི་དག་ཐུན་མོང་གིས་འཇིག་རྟེན་པར་བཤད་ཀྱང་། ཐུན་མོང་མ་ཡིན་པར་འཇིག་རྟེན་ལས་འདས་པར་བསྟན་ཅིང་། ཤིན་ཏུ་ཐུན་མོང་མ་ཡིན་པར། རྩ་གནས་ཀྱི་འཁོར་ལོའི་ནང་ན་ཡོད་པའི་སངས་རྒྱས་པའི་ཚེ་དེ་ལྟར་སྣང་བར་འདོད་པའི་ཞེས་གསུངས་ཤིང་། དེས་ན་སྔ་འགྱུར་གྱི་རྒྱུད་སྡེ་ཀུན་ནས་དམ་པ་རིགས་བརྒྱའི་གྲངས་སུ་དབང་མོ་སོགས་ཡོད་པ་དང་། རབ་འབྱམས་དང་ཀློང་གསལ་སོགས་ནས་རྩ་རླུང་བྱང་ཆུབ་ཀྱི་སེམས་དང་བཅས་པ་ལ་རྫོགས་ཚུལ་བསྟན་པས། ཐ་མལ་རང་རྒྱུད་པའི་འཇིག་རྟེན་པ་མིན་པར་ཤེས་ནུས་སོ། །དགོངས་རྒྱན་ལས། འདུལ་བྱེད་གཉེན་པོའི་འཁོར་དུ་བསྟན་པའི་ཕྱིར་དང་། ཕུར་བའི་རྒྱུད་ལས་ཀྱང་། དབང་མོ་རྣམས་གཉེན་པོའི་ཁྲོ་བོ་སྤྲོ་བའི་ཡུམ་དུ་གསུངས་པའི་ཕྱིར་དང་། མུན་སེལ་ལས། ཀུན་ཏུ་བཟང་པོ་ཁྲོ་བོའི་དཀྱིལ་འཁོར་དུ་ཡེ་ནས་གནས་པའི་རང་སྣང་ལས་དེ་ལྟར་སྣང་བ་ཡིན་ཏེ། ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་ཞེས་པས་གྲུབ་པོ། །ཞེས་སོ། །དེ་བས་ན་འདིར་བསྟན་གྱི་རུ་ཏྲ་འཁོར་བཅས་ ༼ དྲེགས་པའི་སྡེ་དཔོན་དང་བཅས་པ། མཆན། ༽ ནི་ཐ་མལ་བར་སྣང་ཡང་།ཐ་མལ་བ་མ་ཡིན་ཏེ། ཞེས་དང་། སྒྲོ་ཕུག་པས་འགྲེལ་བ་ལུང་བསྟན་ལས་ཀྱང་། དེ་བཞིན་གཤེགས་པ་ཉིད་ཀྱི་ཚུལ་དུ་བསྟན་པར་བྱ་སྟེ། ཞེས་དང་། ཇི་ལྟར་བཤད་པའི་མཐུ་འདི་དག་རང་རྒྱུད་པ་ལ་ཡོད་པ་མ་ཡིན་ཏེ་སྤྲུལ་པ་ཡིན་པར་སོམ་ཉི་མི་བྱའོ། །ཞེས་གསུངས་པས་ལྷག་མགྲོན་དབང་ཕྱུག་ཉེར་བརྒྱད་སོགས་དང་། ཆད་ཐོའི་མགྲོན་དྲེགས་པའི་སྡེ་དཔོན་ལ་སོགས་པ་ནི་ཡེ་ཤེས་འཇིག་རྟེན་གྱི་ཚུལ་དུ་བསྟན་པའི་བསྲུང་མར་ཆས་པ་ལ་གཅིག་པས་ཁྲོ་བོ་རང་བཞིན་གྱི་གླེང་གཞིར་དྲེགས་པ་ཅན་རྣམས་ཀྱི་ལུས་གདན་དུ་ཕུལ་ནས་བསྟན་པའི་སྲུང་མར་ཞལ་གྱིས་བཞེས་པའི་ཚུལ་བསྟན་པ་ནི། བི་ཏོ་ཏ་མའི་རྒྱུད་ལས། འབངས་སུ་མཆིའོ་གཙིགས་མ་ཆུང་། །བཀའ་ལས་འདས་ན་འཚིག་པར་འགྱུར། །མ་དང་སྲིང་མོ་བྲན་མོ་རྣམས། །འབངས་སུ་འབུལ་ལོ་བཀའ་ལ་ཐོགས། །ཞེས་དང་། དབང་མོ་ལ་སོགས་པས། དབུས་སུ་མཆིས་སྐལ་མི་ལྡན་གྱི། །འབར་བའི་དཀྱིལ་འཁོར་མཐའ་ལ་ཞོག །ཕུད་ལ་འཚལ་སྐལ་མི་ལྡན་གྱི། །ལྷག་མ་ཁ་ཆུས་བྲོན་ལ་སྩོལ། །ཞེས་དང་། གསང་སྙིང་ལས། བདག་ཅག་འཁོར་ཚོགས་ཐམས་ཅད་ཀུན། །དཔའ་བོ་ཆེན་པོའི་འབངས་སུ་མཆི། །དཔའ་བོ་ཆེན་པོའི་བདག་ཅག་ལ། །ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་པ་ལྟར། ལྷག་མགྲོན་རྣམས་སླས་སུ་བཀོད་དེ་ཕམ་ཕབ་བསླང་ནས། དེ་དག་ཐམས་ཅད་དམ་ལ་བཞག་ཅིང་། ལག་ཏུ་རྡོ་རྗེ་གཏད། དབང་བསྐུར། སྤྱི་བོར་བཀའ་རྟགས་བཀོད། རྡོ་རྗེ་གསང་བའི་མཚན་གསོལ་ཚུལ་བྱས་ཀྱང་། དོན་དུ་དཔལ་ཆེན་པོའི་རང་སྣང་གི་བདུད་བཏུལ་བའི་ཚུལ་གྱིས་འཇིག་རྟེན་དུ། སྤྲུལ་སྐུའི་ཁྲོ་བོ་འབྱུང་བའི་འཕྲོ་གཞིར་བཀོད་པ་ཙམ་ལས། གཙོ་འཁོར་ཁྱད་པར་ཅུང་ཟད་ཀྱང་མེད་པས། དེས་ན་སངས་རྒྱས་ཀྱི་སྐུ་རྣམ་པ་ཐམས་ཅད་པའི་རོལ་གར་བསྒྱུར་བ་ཙམ་དུ་གོར་མ་ཆགས་སོ། །བརྟན་མ་བཅུ་གཉིས་ཀྱང་འཇིགས་གླིང་གིས་གྲགས་ཚོད་ལ་བོད་སྐྱོང་གི་ཡུལ་ལྷར་ཨོ་རྒྱན་ཆེན་པོའི་མངའ་གསོལ་བར་མཛད་པའི་ཚུལ་ཀྱང་། ངེས་དོན་དུ་ནི་འདི་དག་ཡེ་ཤེས་ཀྱི་དབྱིངས་ན་བཞུགས་པའི་མཁའ་འགྲོ་མ་ཤ་སྟག་ཡིན་ཏེ། རྟེན་འབྲེལ་བཅུ་གཉིས་ལུགས་ལས་ལྡོག་དེ་བདེན་དོན་རྣམ་པ་བཅུ་གཉིས་ཀྱི་ངོ་བོར་དག་པའི་སྣང་ཆར་བདེ་མཆོག་གི་སྒོ་མཚམས་མ་བརྒྱད་དང་སྙིང་པོའི་རྣལ་འབྱོར་མ་རིགས་བྱེད་ཀྱི་གྲངས་སུ་ཤར་བ་ལས་བོད་སྐྱོང་བརྟན་མ་བཅུ་གཉིས་སུ་གྲུབ་སྟེ། ཞེས་དང་། འཁོར་ལོ་རྒྱས་འདེབས་མའི་ཕྲིན་ལས་ཀྱི་སྤྲུལ་བ་བརྟན་མ་བཅུ་གཉིས། ཞེས་གསུངས་སོ། །ཆད་ཐོའི་མཆོད་ཡུལ་ལ། ཡང་དག་སྙིང་པོའི་གཏེར་གཞུང་ལས། ལྷ་སྲིན་དྲེགས་པ་འདི་དག་ཀྱང་། །དགོངས་པ་མྱ་ངན་འདས་མོད་ཀྱང་། །སྤྱོད་པ་འཇིག་རྟེན་དྲེགས་པའི་ཚུལ། །དམ་ལ་བཏགས་པའི་ཚུལ་གྱིས་ནི། །སངས་རྒྱས་བསྟན་པ་བསྲུང་བར་མཛད། །ཅེས་དང་བརྟན་མའི་ཡུལ་ལའང་། མ་མོའི་རྒྱུད་ལས། མ་མོ་ཆེན་མོ་འདི་རྣམས་ཀྱང་། །ཡེ་ཤེས་མངོན་དུ་བརྙེས་གྱུར་ཀྱང་། །ཕྲིན་ལས་ཚོགས་ཀྱི་གཙོ་མོ་སྟེ། །ཐུགས་ནི་དབྱིངས་ལས་འགྱུར་བ་མེད། །གསུང་ནི་གྲགས་སྟོང་ཆོས་ཀྱི་གསུང་། །སྐུ་ནི་སྣ་ཚོགས་སྤྲུལ་པའི་སྐུ། །ཡོན་ཏན་མ་ལུས་ཕུན་སུམ་ཚོགས། །ཕྲིན་ལས་དྲག་ཤུག་གདུག་པ་འདུལ། །རེས་འགའ་འཇིག་རྟེན་སྲིད་པའི་ཚུལ། །རེས་འགའ་གབ་སྦས་གསང་བའི་ཚུལ། །རེས་འགའ་རྣམ་པར་གྲོལ་པའི་ཚུལ། །རེས་འགའ་དྲེགས་པ་སྔགས་ཀྱི་ཚུལ། །ཞེས་སོ། །གཞན་ཡང་ཁོ་བོས་རྩལ་གྱིས་ཅུང་ཟད་ཅིག་དབྱེར་ན་དུས་འཁོར་ལྟར་ན་ཕྱི་ནང་གཞན་གསུམ་རྟེན་འབྲེལ་གཅིག་པ་དང་འབྲེལ་འབྱུང་དུ། ལྟེ་བའི་འཕོ་ཆེ་ཆུང་གི་རྩ་རླུང་ཐིག་ལེའི་ངོ་བོ་འཇིག་མ་དང་། ཙ་རྩི་ཀ་ལ་སོགས་པ་བདུན་ཅུ་རྩ་གཉིས་ཀྱི་རྣམ་འགྱུར་ཕྱི་ལྟར་སྨན་མོའི་ཚུལ་དང་གསང་འདུས་ཀྱི་དབང་དུ་བྱས་ན་ལྟེ་བའི་འཁོར་ལོའི་མཁྱེན་ ༼ ཁྱིམ་དཔྱད། ༽ མ་དང་གཏུམ་མོ་ལ་སོགས་པའི་འཕོ་ཆུང་དྲུག་ཅུ་རྩ་བཞིའི་རླུང་ལྷ་མོར་འཆར་བའི་རྩ་བ་བཅུ་གཉིས་ཀྱང་བརྟན་མ་བཅུ་གཉིས་འདི་དག་གོ་སྙམ་དུ་དང་། ཡང་རྙིང་མའི་རྒྱུད་གདམས་ངག་དང་བཅས་པའི་དགོངས་གཞི་བཙལ་ནའང་དེ་ལྟ་བུར་གྲུབ་པའོ། །དེ་དག་ཀྱང་འཐད་པས་གྲུབ་སྟེ། ལྟེ་བ་སྤྲུལ་སྐུའི། སྙིང་ཀ་ཆོས་སྐུའི། མགྲིན་པ་ལོངས་སྐུའི། སྤྱི་གཙུག་བདེ་བ་ཆེན་པོའི་སྐུའི་འཁོར་ལོ་ཡིན་པས། མཁའ་འགྲོ་འདི་དག་གི་རྟེན་གྱི་རྩ་རླུང་ཐིག་ལེ་ནི་ལྟེ་བར་རིགས་པའང་ཤེས་ཏེ། ཀྱེ་རྡོར་ལས། སྐྱེ་གནས་མགྲིན་པ་སྙིང་མགོར་ཡང་། །སྐུ་གསུམ་པོ་ནི་རྣམ་པར་གནས། །ཞེས་དང་། རབ་འབྱམས་ལས། ཡེ་ཤེས་མཁའ་འགྲོ་བྱེ་བ་འབུམ། །ས་ཡ་གྲངས་འདས་བརྗོད་མི་ལང་། །སྤྲུལ་པའི་གྲོང་ཁྱེར་དགུ་ཁྲི་འབུམ། །ཐིག་ལེ་རང་བྱུང་གཟུགས་ལ་བརྟེན། །རྩ་རྣམས་ཀུན་གྱི་ནང་ལ་བཞུགས། །ལུས་དང་སེམས་ལ་ཚང་བའི་ཕྱིར། །ཕྱི་རོལ་སྣང་བ་ཉིད་ལ་གྲུབ། །དེ་ལྟར་ཐོག་མའི་ཡེ་ཤེས་གསུམ། །ཀ་དག་གཞི་ཡི་སྟེང་ན་ཚང་། །དེ་ལྟར་རྟོགས་པར་གྱུར་ན་ནི། །འདི་ལྟར་ཁམས་གསུམ་འཁོར་བ་ཡང་། །སངས་མ་རྒྱས་པ་གཅིག་ཀྱང་མེད། །ཅེས་དང་། ངེས་བརྗོད་ལས། རྣལ་འབྱོར་མ་ནི་རབ་གཏུམ་སོགས། །ཐམས་ཅད་ཀུན་ཏུ་སྒྲུབ་པ་པོའི། །འཁོར་ལོར་བཞུགས་པ་ཤེས་པར་བྱ། །ཞེས་སོ། །དེས་ན་བདེར་འདུས་ལས་མ་མོའི་ལུས་དཀྱིལ་གསང་བར་གསུང་བའང་རྐྱེན་འཁོར་ལ་དགོངས་པའོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་འཁོར་འདས་ཀྱི་སྣང་བ་ཞིང་ཁམས་གཞལ་ཡས་ལྷ་དང་བཅས་པ་དང་། ཡུལ་ལུས་སེམས་གསུམ་ཐམས་ཅད་ཆོས་སྐུའི་རང་འོད་ཙམ་དུ་ཟད་པས་ན་ཞེན་སྣང་ལོག་མ་ལོག་ཙམ་གྱི་ཁྱད་པར་ལས་དོན་དུ་མྱ་ངན་ལས་འདས་པར་གྲོལ་ཟིན་པའི་རྒྱུ་མཚན་གྱིས། གསང་སྙིང་ལས། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཞེས་དང་། ས་ར་ཧས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །དེ་ཕྱིར་སྣང་སེམས་གཉིས་པོ་ལྷན་ཅིག་སྐྱེས། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་སོ། །གཉིས་པ་ནི། ལམ་རྣལ་འབྱོར་བས་བསྒོམ་པའི་ཏིང་ངེ་འཛིན་གཅིག་གི་རྣམ་འཕྲུལ་དུ་མཚན་ཉིད་པས་སངས་རྒྱས་སྤྲུལ་སྐུའི་དཀྱིལ་འཁོར་གཞན་དུ་འཛིན་པའི་རྣམ་པ་ཡིད་བྱེད་དང་། སྤྱན་འདྲེན་པ་སོགས་བྱེད་པས་ཞིང་སྦྱོང་། ཕྱི་རྒྱུད་པས་དམ་ཡེ་ཐ་དད་དུ་བསྒོམ་བསྒྲུབ་སོགས་དང་། ནང་རྒྱུད་པས་ཀྱང་། ཏིང་ངེ་འཛིན་དང་ལྷག་ཏིང་གི་སྤྱོད་ཡུལ་ཐམས་ཅད་ལ་གཙོ་འཁོར་དུ་བཀོད་པ་དག་ཀྱང་སེམས་ཀྱིས་བྲིས་པའི་རི་མོ་ལྟ་བུ་ཡུལ་གྱི་རང་མཚན་ལ་མ་རེག་པ་འབའ་ཞིག་དང་། གཞི་སེམས་ལ་རག་ལས་པས་ན། ཕལ་པོ་ཆེ་ལས། སེམས་ནི་རི་མོ་མཁན་དང་འདྲ། །ཞེས་སོགས་གསུངས་པས་ཀྱང་སེམས་སུ་མཉམ་པའི་བཟང་ངན་ཅུང་ཟད་ཀྱང་མེད་པ། དཔེར་བྱས་ན་གྱང་ལོག་གི་རི་མོ་ལ་མཐོ་དམན་དང་། བཟང་ངན་གཙོ་འཁོར་དུ་བཅད་པ་ལྟ་བུ་ལས་མེད་པའོ། །འོན་ཀྱང་བསྒོམ་པས་དོན་མེད་པར་ཡང་མི་འགྱུར་ཏེ། གནས་འགྱུར་ཡེ་ཤེས་ཀྱི་དག་སྣང་དུ་མངོན་པའི་ཕྱིར། སྒྱུ་འཕྲུལ་ལས། ཏིང་འཛིན་རོལ་མོ་མཐའ་ཡས་མཆོག །ཞེས་པ་ལྟ་བུའོ། །གསུམ་པ་ནི། དེ་ལྟར་གདོད་མའི་མགོན་པོའི་དམིགས་མེད་ཐུགས་རྗེ་ཆེན་པོའི་རང་མདངས་གང་ལ་གང་འདུལ་གྱི་གཉེན་པོའི་རྣམ་པར་འཆར་ཚུལ་སྐུའི་འདུལ་བ་ལ་འཇམ་དཔལ་གཤིན་རྗེའི་གཤེད། གསུང་པདྨ་དབང་ཆེན། ཐུགས་ཡང་དག་བཛྲ། ཡོན་ཏན་ཆེ་མཆོག །ཕྲིན་ལས་བཛྲ་ཀུ་མ་ར། གཟི་བརྗིད་ཀྱི་བླ་མེད་མངོན་རྫོགས། དྲག་པོའི་འདུལ་བ་ལ་དྲེགས་པ་ཀུན་འདུལ། སྟོབས་ཀྱིས་སྟོབས་ལྡན་ནག་པོ། བྱིན་རླབས་ཀྱིས་འདུལ་བ་ལ་རིག་འཛིན་བླ་མའི་ཚུལ་དུ་སྣང་བར་མཛད། གཞན་ཡང་སྤྲུལ་སྐུ་རྣམ་པ་བཞིའི་འདུལ་བའི་ཚུལ་སྣ་ཚོགས་པ་ཡིན་ལ། གཞན་བཤད་ཚུལ་གཅིག་ཏུ་ན། སངས་རྒྱས་རྣམས་ཀྱིས་སློབ་པ་ལམ་གྱི་གནས་སྐབས་ན། རང་ཉིད་ཞི་བདེ་ལ་མི་གཞོལ་བར་འཁོར་བ་ཇི་སྲིད་དུ་ཐབས་ཚུལ་སྣ་ཚོགས་པས་འགྲོ་ལ་ཕན་མཛད་ཀྱི་དམ་བཅའི་དབང་གིས་ཚུལ་བསྟན་སྣ་ཚོགས་པ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པས། མངོན་རྟོགས་རྒྱན་ལས། གང་གི་སྲིད་པ་ཇི་སྲིད་དུ། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུར་རྒྱུན་མི་འཆད། །ཅེས་པ་ལྟར་རོ། །གོང་དུ་བསྟན་པ་དེ་དག་གིས་ཀྱང་འཐུས་ལ། བྱེ་བྲག་ ༼ སྙིང་ཐིག་གིས་རྟོགས་པས་བདག་བསྒྲལ་སོགས་ལྟར། མཆན། ༽ ཏུ་མགོན་པོ་ནག་པོ་ནི་དཔལ་ཆེན་པོ་དང་། གཟའ་ དང་དམ་ཅན་ཕྱག་ན་རྡོ་རྗེ། བཙན་ནི་རྟ་མགྲིན། རལ་གཅིག་ ༼ སྙིང་ཐིག་གིས་ཀུན་ཏུ་བཟང་མོ་དབྱིངས་ཀྱི་༴ མཆན། ༽ མ་ནི་གནམ་ཞལ་དབྱིངས་ཀྱི་དབང་ཕྱུག་མ་དང་། ལྷ་ཆེན་པོ་ནི་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན་པས་མཚོན་དྲེགས་པ་རང་རྒྱུད་པའི་ཟོལ་གྱིས་སྣང་བ་ཐམས་ཅད་ཀྱང་། སངས་རྒྱས་ཀྱི་ཚུལ་བསྟན་སྣ་ཚོགས་ཡིན་པས། ཀླུ་སྒྲུབ་ཀྱིས་འགྲེལ་བ་མཐའ་དྲུག་ཆེན་པོ་ལས། སྐུ་ཡི་རྡོ་རྗེ་འཛིན་ཚངས་པ། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །ཐུགས་ཀྱི་རྡོ་རྗེ་ཁྱབ་འཇུག་ཉིད། །རྩ་བའི་རྒྱུད་དུ་ངེས་གསུངས་པ། །རྡོ་རྗེ་སེམས་དཔར་ངེས་པར་སྦྱོར། །ཞེས་སོ། །ཁྱད་པར་དུ་བླ་མེད་མངོན་རྫོགས་སྲིད་པའི་མ་མོ་དང་། གསང་བའི་བདག་པོ་དྲེགས་པ་མཆོད་བསྟོད་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་ཡིན་པས་ཉི་མ་དང་། དེའི་འོད་ཟེར་བཞིན་ཏུ་གཞན་དེའི་སྤྲུལ་བ་ཡིན་པར་སོམ་ཉི་མི་ཟ་བའང་། མཆོད་བསྟོད་ཀྱི་རྒྱུད་ལས། དྲེགས་པའི་སྡེ་དཔོན་མཆོད་ཅིང་བསྟོད། །འདི་ལྟར་སྤྱོད་པའི་རྣལ་འབྱོར་གྱིས། །དྲེགས་པའི་གཙོ་བོ་མྱུར་དུ་འགྲུབ། །རྡོ་རྗེ་འཛིན་དང་གཉིས་སུ་མེད། །ཅེས་སོ། །དེ་བཞིན་དུ་ཞུ་བ་པོ་ཚངས་པ་ཆེན་པོ་ཡང་། སྔར་རྒྱལ་པོ་ཡུལ་འཁོར་སྲུང་གི་དུས་སུ་སངས་རྒྱས་སྟོང་དང་ཐུགས་མཉམ་བསྐྱེད་ཡིན་པས་སངས་རྒྱས་ཡིན་པ་དང་། འདི་དག་རྒྱུད་སྡེ་བཞིའི་ཞིང་གྱུར་རམ་སྐལ་ལྡན་གྱི་སློབ་མ་ཡིན་པས་འཆད་ཚུལ་གང་གི་དབང་དུ་བྱས་ཀྱང་། ཚུལ་བསྟན་ཙམ་ལས་སངས་རྒྱས་སམ། རིག་འཛིན་བྱང་ཆུབ་སེམས་དཔར་ངེས་པ་དང་། བརྟན་མ་བཅུ་གཉིས་ཀྱང་། འཁོར་ལོ་རྒྱས་འདེབས་མའི་ཕྲིན་ལས་ཀྱི་སྤྲུལ་བར་འཇིགས་གླིང་གིས་གསུངས་ཤིང་། དེས་ན་དྲེགས་པ་གཞན་ཡང་དེ་དག་གི་ཚུལ་གྱིས་ཤེས་པ་ཁོ་ནའོ། །བི་ཏོ་ཏ་མ་ལས། བདེ་བར་གཤེགས་པ་གར་གྱི་བདག །འདོད་དགུར་བསྒྱུར་བས་གར་ཡང་བདེ། །གར་གྱི་དབང་ཕྱུག་ཆེན་པོ་ལ། །མཁས་པས་ཕྱོགས་རིས་མི་བརྟག་གོ །ཞེས་གསུངས། དགོངས་འདུས་ལས། རེས་འགའ་ཞི་ལ་རེས་འགའ་དྲག །རེས་འགའ་གདོན་ཆེན་བགེགས་མཛད་དེ། །སངས་རྒྱས་གར་མཁན་སྣ་ཚོགས་ཚུལ། །ཞེས་དང་། མདོ་རྒྱན་ལས། སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན། །ཞེས་དང་། སངས་རྒྱས་སྤྲུལ་བ་དེ་རྟག་ཏུ། མཛད་པ་བསྒྲུབ་པའི་བྱེ་བྲག་དང་། གྲངས་དང་ཞིང་ནི་རྣམ་ཀུན་ཏུ། །བསམ་མི་ཁྱབ་པར་ཤེས་བྱ་སྟེ། །ཞེས་དང་། མཁྱེན་བརྩེའི་འོད་ཟེར་གྱིས། སྙིགས་མ་ལྔ་ཡི་ཡང་མཐར་ལྟུང་བའི་ཚེ། །སྐྱབས་འོས་དཀོན་མཆོག་རིན་ཆེན་རྣམ་པ་གསུམ། །དམ་ཅན་ཆོས་སྐྱོངས་སྒྱུ་འཕྲུལ་བཞེངས་ལ་འབོད། །ཅེས་སོ། །འདི་ལ་ཡང་དཀོན་མཆོག་གི་ཕྲིན་ལས་སྒྲུབ་པའི་བཀའ་ཉན་གྱི་ཕོ་ཉར་གོ་ཡང་ཡེ་མི་འགལ་ནའང་། དོན་དུ་དཀོན་མཆོག་དངོས་ཀྱི་སྤྲུལ་བ་ཡིན་པ་ནི་སྔོན་སངས་རྒྱས་གནོད་སྦྱིན་དུ་སྤྲུལ་བ་ལྟ་བུའོ། །བཞི་བ་དགོས་པ་ལ། དེ་ལྟར་མ་ཤེས་པའི་སྐྱོན་དང་། ཤེས་པའི་ཡོན་ཏན་བཤད་པ་གཉིས་ལས། དང་པོ་ནི། དེ་ལྟར་གཞི་ལམ་འབྲས་གསུམ་གྱི་ངེས་པས་བསྒྲུབ་པའི་དོན་འདི་ལྟར་མ་ཤེས་ན་དྲེགས་པ་རང་རྒྱུད་པར་བཟུང་ནས་འདི་དག་ལ་དག་རྫོགས་སྨིན་གསུམ་སྦྱོར་མི་འོས་པར་སེམས་པ་དང་། དེ་དག་མཆོད་ན་མགུ་ཞིང་སྡོང་གྲོགས་བྱེད་པར་རློམ་ཏེ་བསྟན་དོན་མ་ཡིན་པར་རང་གི་ཀོ་ལོང་ཙམ་གྱིས་བསྐུལ་བ་འདོན་ཞིང་། ལྷའི་མཐུ་ལ་འཁེང་བ་དང་། ཅུང་ཟད་ཙམ་གྱིས་རྣམ་རྟོག་རྐྱེན་ནས་ལྷ་འཁྲུགས་གོ་ཟེར་ཞིང་། བྲན་དང་ཆུང་མ་སྒོ་ཁྱི་འཁྲེན་གཟེར་ཅན་ལྟ་བུར་ལྟ་བ་དང་། བསྒོམ་ན་གཉན་ནོན་འཚོལ་བའི་ལོག་རྟོག་འདི་དག་བྱུང་བ་ཡིན་ཏེ། དེ་རྣམས་ལ་རྒྱུ་མཚན་འགལ་བ། བསྟན་འགྲོའི་ཕན་བདེའི་དོན་མ་ཡིན་པར་གཅིག་ལ་དགྲ་དང་གཅིག་ལ་གཉེན་དུ་བལྟ་བའི་ཕན་གནོད་སྦྱིན་པའི་ཕྱོགས་རིས་ཅན་དང་། ཅུང་ཟད་ཙམ་གྱིས་རུ་ང་ནས་རང་ལའང་མི་བདེའི་གཞི་མ་སློང་པའི་ངང་རྒྱུད་ངན་པ། མགོ་གནོན་མེད་ན་ལང་ལ་ཤོར་བས་ཅི་བྱེད་བློ་མ་ཁེལ་བའི་འདྲེར་རྟོག་ལས། ལྷའི་དྲི་ཙམ་ཡང་མི་བསྣམ་པའི་སྐྱོན་ཅན་དག་གིས་འོལ་རྒྱུག་སྣ་ཚོགས་པ་སྐད་དོ། །གཉིས་པ་ནི། གོང་བསྟན་དེ་དག་ལྟ་བ་དག་མཉམ་གྱི་ངོས་ནས་མཐུར་ཐུག་གི་གོ་བ་ཕྱི་ནང་ལུས་གནས་ཀྱི་སྒོ་ནས་སྤྱི་སྦས་སུ། གྲགས་ཚོད་ཕྲིན་ལས་ཀྱི་ངོས་ནས་ཚིག་དོན་གྱི་གོ་བ་འགང་གཤོགས་པའི་སླད་དུ་སྨོས་མཚོན་ཙམ་ལས་གཞན་དུ་མང་གིས་དོགས་ནས་བཞག་པ་ལས། ཟད་མཐར་ཐུག་པ་ནི་མིན་ནོ། །མདོར་ན་གནས་སྐབས་བཞིའི་རྣམ་ཤེས་དང་ཡེ་ཤེས་གཞི་ལམ་འབྲས་བུའི་འགྲེལ་ཚུལ་སོགས་གསར་རྙིང་གི་རྒྱུད་འགྲེལ་བཤད་གདམས་ངག་དང་བཅས་པ་ལས་གསུངས་པ་རྣམས་ལ་གོ་བ་དཔྱིས་བྱིན་པ་ཞིག་འབྱོར་ན་གདོད་ཀྱིས་རྟོགས་པར་འགྱུར་ཀྱང་རེ་ཞིག་དེ་ཙམ་མོ། །འདི་ལྟར་ཤེས་ན་རབ་ལྟ་བའི་གཟེར་གྱིས་ཐེབ་ནས་གང་བསྒོམ་པའི་ཏིང་ངེ་འཛིན་དང་འབོད་བཅོལ་གྱིས་བཟླས་པ་འཕྲོ་འདུའི་ཕྲིན་ལས་རབ་འབྱམས་མི་འགྲུབ་མི་སྲིད་དེ། གསང་རྫོགས་ཀྱི་རྒྱུད་ལས། ཡེ་ཤེས་འཇིག་རྟེན་གང་ལ་ཡང་། སྲོག་སྡོམ་གཟེར་བཞིས་མ་ཐེབ་ན། །ནམ་ཡང་དོན་མེད་ཡུག་པ་རྐྱང་ ༼ ཀྱང་དཔྱད། ༽། །ཡོངས་རྫོགས་དཔལ་གྱི་སྲོག་འཕྲོག་ཐབས། །གཅིག་ཤེས་པས་ནི་ཀུན་སྲོག་ཐོབ། །དཔེར་ན་སྒྲ་གཅན་འཛིན་གྱི་ཁས། །ནམ་མཁའི་ཉི་མ་གཅིག་ཟིན་པས། །ཆུ་ཕྲན་སྟོང་གི་ཉི་མ་ཀུན། །མ་བཟུང་བར་ཡང་སྟོང་སྲོག་ཐོབ། །དེ་ཕྱིར་སྲོག་སྡོམ་གཟེར་བཞི་གཅེས། ཅེས་སོ། །འབྲིང་གིས་གསང་སྙིང་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡིས་ངང་དུ་འབྱུང་། །ཞེས་པ་ལྟར་སེམས་ཏིང་ངེ་འཛིན་གྱི་རི་མོའམ་རྣམ་རྟོག་ཙམ་ལས་དྲེགས་པ་རང་རྒྱུད་མེད་པར་གོ །ཐ་མས་ཀྱང་སངས་རྒྱས་ཀྱི་སྤྲུལ་པར་མོས་པའི་བློས་རྒན་མོ་ཁྱི་སོའི་སངས་རྒྱས་པ་ལྟ་བུ་ཞིག་ནི་ངེས་པར་འོང་བ་ཡིན་ནོ། །གཞན་དུ་གཞི་རང་བཞིན་གྱིས་གནས་ཚུལ་འདི་དག་མ་ངེས་པར། གྱ་ནོམ་ལྷར་ཞེན་གྱིས་མཚན་རྟོག་ལས་ཡེ་ཤེས་པ་ཡིན་པར་རློམ་པའང་། རྒྱལ་འགོང་དང་རུ་ཏྲ་གདུག་པ་ཅན་དུ་གོལ་ཏེ་འགྲོ་བས། རྒྱུད་ལས། དགོངས་པ་མི་འགྱུར་གཟེར་མེད་ན། །དཔལ་ཆེན་བསྒྲུབ་ཀྱང་ཐུན་མོང་ལས། །མཆོག་མི་འགྲུབ་སྟེ་རུ་ཏྲར་གོལ། །ཞེས་པས་ལྟ་བའི་གཞི་མ་ཟིན་པའི་བསྐྱེད་རིམ་ཨ་འཐས་དང་། རྫོགས་རིམ་སྟོང་ལྟའི་རྒྱས་འདེབས་ཙམ་ནི་མུ་སྟེགས་བ་ལའང་ཡོད་པས་ཡ་མཚན་ཅི་ཡང་མེད་ངེས་སོ། །གཉིས་པ་ཐུན་མིན་ལྷག་གཏོར་བརྟན་གསུམ་སོ་སོའི་མཆོད་ཡུལ་ངོས་བཟུང་བ་ལ་གསུམ་ལས། དང་པོ་ནི། དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་། རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས་ཀྱི་མཁའ་འགྲོ་དཀར་སེར་དམར་སྔོ་གཡས་རྡོ་རྗེ་དང་གཡོན་རྣམས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པའི་མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་། རིགས་བཞིའི་གིང་ཆེན་བཞི་དཀར་སེར་དམར་སྔོ་དང་། སྟེང་འོག་གི་གིང་ཆེན་གཉིས་དཀར་ནག་དེ་ཀུན་ཀྱང་རལ་གྲི་ཐོགས་པ་སྟེ། གིང་ཆེན་བཅོ་བརྒྱད་ཡང་རིགས་བཞིའི་ལིངྒ་བཞི་བཞི་དང་། སྟེང་འོག་གི་ལིངྒ་གཉིས་བཅས་ཕྱག་གཡས་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་སྣ་ཚོགས་རྡོ་རྗེ་དང་། གཡོན་རྣམས་ཏྲི་ཤུལ་ཐོགས་པ་འབུམ་འབུམ་གྱིས་བསྐོར་བ། འབར་མ་སྤོར་བྱེད་བརྒྱད་དང་། མ་མོ་ཆེན་མོ་ཡེ་ཤེས་མཁའ་འགྲོ་གྲི་ཐོད་ཐོགས་པ། ཡེ་ཤེས་རྟག་འགྲོ་ཞིང་དབྱུག་ཐོགས་པ། ཡེ་ཤེས་ཟ་བྱེད་ཞིང་ཆེན་ཟ་བ། ཡེ་ཤེས་ཁ་འབར་མེའི་ཁ་རླངས་འབར་བ། རེ་ཏི་ནད་རྐྱལ། ཡེ་ཤེས་མཁའ་འགྲོ་ཁྲམ་བམ་བསྣམས་པ་སྟེ་མ་མོ་བདུན། སྲིང་མོ་བྱིས་པའི་དུར་བྱེད་མ། འཚོ་བྱེད་མ། སྡོམ་བྱེད་མ། རླུང་འབྱིན་མ་རྣམས་ཐོད་ཁྲག་བསྣམས་པ། རྡོ་རྗེ་འབར་བའི་ཕོ་ཉ་དྲུག་ཅུ། དུང་གི་ཕོ་ཉ་དྲུག་ཅུ། གསེར་གྱི་ཕོ་ཉ་དྲུག་ཅུ། བསེ་ཡི་དྲུག་ཅུ། མ་མོ་དྲུག་ཅུ། གཡུའི་ཕོ་ཉ་དྲུག་ཅུ་བཅས་དང་། དཀར་མོ་མིག་གཅིག་རྒྱས་འདེབས་སོགས་མགྱོགས་མ་བཞི་དང་། ཤུགས་ཀྱིས་འགྲོ་བ་དང་། གནས་ཉུལ་གྱི་མ་ཚོགས་འཁོར་དང་བཅས་པ་རྣམས་ཡིན་ནོ། །གཉིས་པ་ནི། སྡེ་དཔོན་སུམ་ཅུ་ལ་སོགས་པ་སྟེ་ལྷ་ཆེན་ཡབ་ཡུམ། འཆི་བདག་ཡབ་ཡུམ། སྐོས་རྗེ་ཡབ་ཡུམ། སྲིན་པོ་གློག་འཕྲེང་ཡབ་ཡུམ། གནོད་སྦྱིན་ཡཀྴ་མེ་དབལ་ཡབ་ཡུམ། རཱ་ཧུ་ལ་ཡབ་ཡུམ། ཀླུ་བདུད་མགོ་དགུ་ཡབ་ཡུམ་དང་། ལྷ་རབ་ཤམ་པོ། སྐྱེས་བུ་གནམ་ཐེའུ། སྤྱི་བདུད་གུ་རུམ་རྩེ། སྲིད་རྒྱལ་མ། ཨེ་ཀ་ཛ་ཊི། མགྱོགས་བྱེད་མ། རྡོ་རྗེ་བདུད་འདུལ། སྲོག་ཟན་དམར་པོ། ཡམ་ཤུད་དམར་པོ། བི་ན་ཡ་ཀ ཀཱ་ལ་ནག་པོ། རྨུ་བདུད་བཀྲག་མེད། སྲོག་བདག་ཚངས་པ། རྒྱལ་བོ་བེ་ཧར། སྐུ་ལྷ་གསང་བ། མ་ཧཱ་ཀཱ་ལ་རྣམས་དང་། དཔལ་མགོན་བདུན་ཅུ་རྩ་ལྔ་ལ་སོགས་པའི་རྡོ་རྗེ་ཆོས་སྐྱོང་བའི་སྲུང་མ་རྣམས་སོ། །གསུམ་པ་ནི། རྡོ་རྗེ་ཀུན་གྲགས་མ། རྡོ་རྗེ་གཡའ་མ་སྐྱོང་། རྡོ་རྗེ་ཀུན་བཟང་ངམ་བཀྲ་ཤིས་ཚེ་རིང་མ། རྡོ་རྗེ་བགེགས་ཀྱི་གཙོ་མོ་སྟེ་བདུད་མོ་བཞི། རྡོ་རྗེ་སྤྱན་གཅིག་གམ་གངས་དཀར་ཤ་མེད། རྡོ་རྗེ་དཔལ་གྱི་ཡུམ། རྡོ་རྗེ་ཀླུ་མོ་རྒྱལ། རྡོ་རྗེ་དྲག་མོ་རྒྱལ་ཏེ་གནོད་སྦྱིན་མ་བཞི། རྡོ་རྗེ་བོད་ཁམས་སྐྱོང་། ཨེ་ཉམས་ར་མདོའི་སྤེན་ནམ་སྨན་གཅིག་མ། གཡར་མོ་བསིལ། བུད་ཏི་ཇོ་མོ་གཡུ་ཏིང་ངམ་སྐུ་ལེ་སྨན་ཏེ་སྨན་བཙུན་མ་བཞི་རྣམས་སོ། །གཉིས་པ་མཆོད་བྱེད་ཀྱི་གཏོར་མ་ནི། སྤྱིར་གཏོར་མའི་ངོ་བོ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་སྟེ་ཆོས་ཉིད་སྟོང་པའི་རྩལ་ཆོས་ཅན་གཏོར་མར་ཤར་བའོ། །ངེས་ཚིག་ནི་འཛིན་པ་མེད་པས་གཏོར༵་ཀུན་ལ་ཁྱབ་པས་མ༵་སྟེ། རྟོག་མེད་ཡེ་ཤེས་ཀྱི་རོལ་བས་མགྲོན་རྣམས་ཚིམ་པར་བྱེད་པའོ། །དབྱེ་ན་ལྔ་སྟེ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་འཛིན་མེད་དུ་རྟོགས་ནས། ཉོན་མོངས་པ་ཡེ་ཤེས་སུ་ཤར་བ་ནི་འགྱུར་མེད་ཡེ་ཤེས་ཀྱི་གཏོར་མ་ཆོས་ཐམས་ཅད་རང་སྣང་གཉིས་མེད་ཏུ་རྟོགས་ནས་སྡུག་བསྔལ་བདེ་བར་ཤར་བ་ནི། བདེ་ཆེན་བྱང་ཆུབ་སེམས་ཀྱི་གཏོར་མ། ཕྱི་ནང་སྣོད་བཅུད་སེམས་ཀྱིས་ཁྱབ་ཚད་ཆོས་ཉིད་ཀྱིས་ཁྱབ་པ་ནི། ཡོངས་སུ་ཁྱབ་པའི་གཏོར་མ། ཆོས་ཉིད་བྱང་ཆུབ་ཀྱི་སེམས་མ་བྱུང་མ་སྐྱེས་པ་ནི། དག་པ་ཆོས་ཉིད་ཀྱི་གཏོར་མ། ཐམས་ཅད་ཡང་དག་གཉིས་མེད་ཀྱི་ལམ་དུ་འགྲོ་བ་ནི་སྣ་ཚོགས་ལམ་ཁྱེར་གྱི་གཏོར་མ་རྣམས་སོ། །གཞན་ཡང་དོན་དང་རྟགས། དགོངས་པ་དང་སྤྱོད་ལམ། ལས་དང་རིམ་པ། སྐྱོན་དང་ཡོན་ཏན། གཏོང་ཐབས་སོགས་རྒྱ་ཆེར་གསུངས་པ་ནི་པདྨའི་ལམ་རིམ་ཆེན་མོ་སོགས་ལས་ཤེས་པར་བྱ་ལ། གསུམ་པ་མཆོད་ཚུལ་ནི། ཕྱི་ལྟར་ན་ཚོགས་ལྷག་ཏུ་བཅུད་པའི་གཙང་ལྷག་ཆ་ལྔ་བ་སྤྱི་དང་། དགོས་ཆོས་དགོངས་འདུས་སོགས་དམར་གཏོར་ཤ་ཁྲག་གིས་བརྒྱན་པའང་མཉམ་དུ་བསྔོ་བར་བཤད་དེ་གང་ལྟར་ཡང་། སྔོན་བྱུང་གི་རབ་གོང་དུ་བཤད་པ་ལྟར། སློབ་དཔོན་གྱི་ལྕེ་རྟ་མགྲིན་ཡབ་ཡུམ་རོལ་བའི་བྱང་སེམས་ཀྱིས་ཕབ་བྲན་པར་བསམ་ལ། སྔགས་རྒྱས་ཛ་གད་ཀྱི་ཁ་ཕྲུ་བཏབ་ལ་བདུད་རྩིར་སྤེལ་བ་དཀྱིལ་འཁོར་གྱི་ཤར་ལྷོའམ། བྱང་ཤར་དུ་ཞིང་ལྤགས་ཀྱི་གདན་ལ་བཀོད་དེ་སྔགས་རྒྱས་ལྷག་མགྲོན་བཀུག་ནས་མཆོད་ཅིང་ཕྲིན་ལས་བཅོལ་བ་སོགས་ཆོ་ག་རང་རང་གི་གཞུང་ལྟར་ལ། ཆད་ཐོ་ལ་ཕྱི་ལྟར་གཏོར་མ་ངོ་བོ་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་རྣམ་པ་ཡེ་ཤེས་ཀྱི་བདུག་རྩིར་སྔགས་རྒྱས་སྦྱངས་སྤེལ་བསྒྱུར་བས། དམ་ཅན་ཆོས་སྐྱོངས་རྣམས་ལ་སྔོན་གྱི་ཐ་ཚིག་བསྒྲགས་ཅིང་ཕྲིན་ལས་བཅོལ་ནས་འབུལ་བ་ཡིན་ཏེ། དེ་ལ་མཁྱེན་བརྩེའི་ལྷས། ཆད༵་ཅེས་པ་ནི་སྔོན་ནས་ཁས་བླངས་པའི་དོན་དང་། ཐོ༵་ཞེས་པ་ནི་ལས་འདི་ཙམ་ཞིག་གྱིས་འདི་ཙམ་ཞིག་མ་བྱེད། ཅེས་བླང་དོར་གྱི་སྒོ་ནས་མཚམས་བཟུང་བ་སྔོན་དཔལ་ཆེན་པོ་ནས་རིམ་བཞིན་དུ་བརྒྱུད་དེ། གྲུབ་པའི་རིག་འཛིན་རྣམས་ཀྱི་སྤྱན་སྔར་ཁས་བླངས་པའི་ཐ་ཚིག་རྣམས་རིམ་པར་དྲན་གསོས་བཏབ་ནས་བསྒྲགས་པ་སྟེ། དེས་ནི་སྔོན་གྱི་དམ་བཅའ་དང་བྲོ་བོར་བ་དག་དྲན་ནས་ལས་ལ་མྱུར་དུ་འཇུག་པའི་དགོས་པའི་ཡོད་པ་དང་། དེས་ན་སངས་རྒྱས་སྲས་བཅས་རྣམས་ཀྱི་སློབ་ལམ་གྱི་ཐུགས་བསྐྱེད་དམ་བཅའི་ཐུགས་དམ་རྒྱུད་བསྐུལ་དང་། སྲུང་མ་འདི་དག་ཀྱང་དཔལ་ཆེན་པོའི་སྤྲུལ་བ་འཇིག་རྟེན་པའི་ཟོལ་དུ་བསྟན་པར་ཟད་པས་ན། དམ་ལ་བཞག་པའི་དུས་ཀྱི་ཁས་བླང་ཙམ་དུ་ཡང་མ་ཟད་དོ་སྙམ་པའི་བློ་གཟོ་དགོས་དོན། ཐོས་གྲོལ་སོགས་ལས། མ་བཅོས་རང་ཤར་རང་དམ་བཅས་པ་ལྟར། ཞེས་པའི་ཚིག་སྒྲོམ་དག་ལས་གོ་རྒྱུ་ཆེན་པོ་ཡོད་པས་སོ། །བརྟན་མ་ལ་ཆད་ཐོའི་བཤལ་ཆུས་བྲན་པའང་། ཆོས་སྐྱོང་ཡིན་པ་ལ་དབྱེ་བ་མེད་པས་ཕྱི་ནང་དམ་བསྲེའང་ཡིན་སྙམ་ཏེ། ཁྱད་པར་བརྟན་གཏོར་མེད་པའི་ཆད་ཐོའི་ཆུ་དང་། སྨན་ཕུད་འབྲུ་གསུམ་གྱིས་བདུད་རྩིར་བརླབས་པ་ཡིན་པའི་དོན་དུ་འཇིགས་གླིང་གིས་གསུངས་སོ། །མཆོད་ཡུལ་མགྲོན་ཐབས་སུ་བཀུགས་པར་གསུངས་ཀྱང་། ཚོགས་བསྐང་ཀུན་དེ་ལྟར་བཤད་ཚུལ་ཀྱང་ཡོད་པས་མི་འགལ་ལོ། །ནང་ལྟར་མཆོད་ཡུལ་ནི། ལྷག་གཏོར་བརྟན་གསུམ་གྱི་ལྷ་དེ་དག་ཀྱང་། དུང་ཁང་ཀླད་དཀྲིས་ཀྱི་ཕྱི་རོལ་དུ་དབང་ཕྱུག་ཉེར་བརྒྱད་ཡོད་པར་རབ་འབྱམས་དང་ཀློང་གསལ་སོགས་ནས་གསུངས། སྤྱི་བོའི་རྩ་ཕྲན་ཏུ་ལྷ་གནས་ཀྱི་རྨི་སྣང་འཆར་བའི་རྩལ་ཡོད་པར་འཇམ་དཔལ་རྩ་རྒྱུད་ལས་གསུངས་པ་དང་། བརྟན་མ་ནི་ལྟེ་བའི་ཁྱིམ་གྱི་རྩ་ཆེན་བཅུ་གཉིས་ཀྱི་སྨིན་སོ་རྩ་ཕྲན་ལུས་ལ་གླིང་བཞི་བྱེ་བ་ཕྲག་བརྒྱའི་བཀོད་པ་ཚང་བར་དུས་འཁོར་སོགས་ནས་བཤད་པའི་ཚིཊ་ཆེན་བཅུ་གཉིས་སོགས་རྩ་ཡང་ཕྲན་དང་བཅས་པ་ཐམས་ཅད་དུ་ཆ་ཤས་ཀྱི་རླུང་ཐིག་གིས་གདལ་བས་བརྟན་མའི་སྤྲུལ་གཞི་དང་། སྤྲུལ་བ་ཡང་སྤྲུལ་གྱི་ཚུལ་ཕྱོགས་གཅིག་ཏུ་མ་ཆད་པའི་ཡུལ་དེ་དག་ལ་མཆོད་ཚུལ། སྲོག་རྩོལ་དང་གཏུམ་མོ་དཔྱིད་ཐིག་གིས་ཚོགས་འཁོར་ཁྲེམ་པས་དགའ་བ་བཅུ་དྲུག །སྙིང་རྗེ་བཅུ་དྲུག །སྟོང་ཉིད་བཅུ་དྲུག་གི་བདེ་སྟོང་གི་རྩ་རླུང་ཐིག་ལེ་མ་དག་པའི་མདུད་གྲོལ་འགྲོས་ཐིམ་གྱིས་གཙུག་ཏོར་དཀར་པོ་ཡིད་ནང་དུ་ཚུད་པར་བྱ་བ་ཁོ་ནའོ། །གསང་བ་ལྟར་ན། འོད་གསལ་སྣང་སྟོང་གི་ལམ་ལ་མཉམ་པར་བཞག་པ་ཉིད་ནི། སེམས་དཔའི་ཁྱེའུ་ལྔའི་མཆོད་པ་བླང་བའི་གཙོ་བོས་རིག་པའི་ཡེ་ཤེས་ལ་མཆོད་པ་འབུལ་བའི་ཚུལ་ལོ། །དེ་ནི་ཤིན་ཏུ་གསང་བའི་གནས་ཡིན་པས་གཞན་དུ་བཤད་པ་སྟེ། ཉི་ཟླའི་སྙིང་པོའི་རྒྱུད་ལས། མཆོད་རྫས་གཟུགས་སྒྲ་དྲི་རོ་རེག །སེམས་དཔའི་ཁྱེའུ་ལྔས་བླངས་ནས། །རིག་བྱེད་གཉིས་མེད་ངང་དུ་ཐིམ། །རྒྱ་མཚོ་ཆུ་བོའི་འཕྲོ་འདུ་བཞིན། །མཆོད་པ་རྒྱུན་མི་འཆད་པའོ། །ཞེས་དང་། ལྟ་བའི་སྙིང་པོའི་རྒྱུད་ལས། བདེ་ཆེན་གཉིས་མེད་ངོ་བོ་ལ། །ལྷག་མའི་མཆོད་པ་དེ་ལ་རྫོགས། །ཞེས་དང་། ཆད་བརྟན་གཉིས་ལ། དེ་ཉིད་ལས། མི་བཟུང་ཡེ་ཤེས་ཆེན་པོ་ལ། །གཏོར་མ་མཆོད་པ་དེ་ལ་རྫོགས། །ཞེས་པ་དག་གི་ལྟར་རོ། །བཞི་པ་དགོས་པ་ལ། དག་རྫོགས་སྨིན་གསུམ་གྱི་དབྱིངས་སྤྱིར་འཇལ་བ། དངོས་དོན་བྱེ་བྲག་ཏུ་བཤད་པ། སྦྱོར་ཚུལ་འགལ་མེད་དུ་དྲིལ་བ། དགོངས་ཀློང་གིས་མཇུག་བསྡུ་བའོ། །དང་པོ་ལ། བསྟན་བཤད་གཉིས་ལས། དང་པོ་ནི། བསྐྱེད་རིམ་སྤྱིའི་དག་རྫོགས་གྱི་ཚུལ་དུ་བཤད་ན། མར་འཁོར་བའི་དུས་ཀྱི་ལུས་ངག་ཡིད་གསུམ་གྱི་བག་ཆགས་དག༵་པར་བྱེད། ཡར་སངས་རྒྱས་ཀྱི་གནས་སྐབས་སུ་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་དང་། སྐུ་རྣམ་པ་ཐམས་ཅད་པ་གང་ལ་གང་འདུལ་སྣང་བའི་འབྲས་བུ་གཞི་ལ་རྫོ༵གས་། བར་ལམ་གྱི་གནས་སྐབས་ན། རྩ་རླུང་སེམས་གསུམ་ལྷ་སྔགས་ཆོས་ཉིད་དུ་འཕོ་བའི་རྫོགས་རིམ་གྱི་སྨིན༵་བྱེད་དུ་འགྲོ་བའོ། །གཉིས་པ་ནི། འཁོར་བའི་གནས་ཚུལ་མྱང་འདས་ཡིན་པའི་གནད་ཀྱིས་ན། དབྱེར་མེད་རོ་མཉམ་གཞིའི་ཨེ་ཝཾ་མམ། དབྱིངས་ཡེ་ཟུང་འཇུག་གི་ངོ་བོ་དང་རང་རྩལ་རོལ་བའི་ཆོ་འཕྲུལ་དུ་ཡེ་ནས་སངས་རྒྱས་བའི་སྣང་ཆ་སྐུའི་སྒྱུ་འཕྲུལ་དྲྭ་བ་ཅིར་ཡང་བསྒྱུར་བ་ཉིད་ནི་སྦྱངས་གཞིའམ། འབྲས་བུ་གཞི་ལ་རྫོག༵ས་པའི་ཐ་སྙད་ཀྱིས་བརྗོད་ཀྱང་མི་འགལ་ཏེ་གཞི་ཇི་བཞིན་པར་མངོན་གྱུར་ལ་འབྲས་བུར་བརྗོད༵་པའི་ཕྱིར་རོ། །སྦྱངས་བྱའམ་དག་བྱ་ནི། འཁྲུལ་བ་བརྟག་པའི་གཞི་ཞེས་མྱང་འདས་སུ་སྣང་བའི་ལྷ་དང་འོད་གསལ་དེ་དག །འཁོར་བའི་ཕུང་ཁམས་སྐྱེ་མཆེད་དུ་སྣང་ཞིང་། ཞེན་པའི་སྒྲིབ་པ་ཕྲ་རགས་ཐམས་ཅད་ཡིན་ལ། དག་བྱེད་དམ་སྦྱོངས་བྱེད་ནི། ཕྱི་ནང་གསང་བ་ཡང་གསང་གི་རྡོ་རྗེའི་རྣལ་འབྱོར་གྱི་ལམ་ཡིན་ནོ། །དེ་ཉམས་སུ་བླང་བའི་བྱེད་ལས་ཀྱིས་གྲུབ་བའི་མཐའ་ནི། འཁྲུལ་བ་དག༵་པ་ལ་བྱ་སྟེ་དེ་ཡང་བླ་མེད་ཀྱི་སྦྱོར་ལམ། དྲོད་རྩེ་བཟོད་ཆོས་བཞིར། ཤེས་སྒྲིབ་ཀུན་བྱང་གཟུང་རྟོག་མངོན་ལྐོགས་དང་། རྫས་བརྟགས་འཛིན་རྟོག་མངོན་ལྐོག་འཇོམས་པ་ལ་ནུས་པ་མཐུ་ཆེན་ཐོབ། མཐོང་ལམ་མམ་རིག་འཛིན་གྱི་འཕགས་ལམ་དང་པོར། རང་བཞིན་བརྒྱད་ཅུའི་རྒྱུར་གྱུར་པའི། མངོན་པ་ནས་བཤད་པའི་སྒོམ་སྤང་གྱ་གཅིག །མཐོང་སྤང་བརྒྱད། རང་རྒྱུད་པའི་གཞུང་ནས་བཤད་པའི་མཐོང་སྤངས་ཉོན་མོངས་བརྒྱ་དང་བཅུ་གཉིས་མཐོང་སྤང་ཤེས་སྒྲིབ་བརྒྱ་དང་བརྒྱད་འཇོམས་པའི་ནུས་མཐུ་ཐོབ་པ་དང་། ཉོན་སྒྲིབ་ལས་དངོས་སུ་གྲོལ་བ་དང་། དེ་ཡན་ཆད་ཟུང་འཇུག་གཉིས་ཀྱི་གཉེན་པོ་ཆུང་འབྲིང་ཆེ་གསུམ་གྱིས་ཁམས་གསུམ་གྱི་བསྒོམ་སྤང་བཞི་བརྒྱ་བཞི་བཅུའི་ཆེ་འབྲིང་ཆུང་གསུམ་སྤངས་བའམ་དག༵་པར་བྱས། རྒྱུན་མཐར་རྡོ་ཏིང་གིས་སྣང་གསུམ་གྱི་འཕོ་བའི་བག་ཆགས་བཅོམ་ནས་དག༵་པ་སྟེ། ལྡོག་པས་དབྱེ་ན་མང་ཞིག་ཡོད་དོ། །སྦྱངས་འབྲས་ནི། ལམ་ལྔའམ། རིག་འཛིན་བཞིའི་མངོན་རྟོགས་ལམ་གྱུར་དང་། འབྲས་བུའི་ཡོན་ཏན་གནས་ལུགས་ཀྱི་མཐོང་བ་ཇེ་བཟང་དུ་སྨིན༵་པ་སྟེ། ལྟོས་འཇོག་མཐའ་དག་ཡོད་པའོ། །དེ་ཡང་ཤས་ཙམ་བརྗོད་ན། ལས་དང་པོ་པས་རྫོགས་རིམ་སམ་སྣང་མེད་ཀྱི་མོས་པ་དང་། དངོས་པོ་དང་། འོད་གསལ་དང་། ཟུང་འཇུག་གི་འོད་གསལ་དང་། མི་སློབ་པའི་ཟུང་འཇུག་གིས་དང་། སྐུ་བསམ་གྱིས་མི་ཁྱབ་པ་དང་། མཐར་ཐུག་ཆོས་སྐུའི་ཡེ་ཤེས་སུ་སྨིན་པར་བྱེད་ཅིང་། དེ་བཞིན་དུ་སྣང་བཅས་བསྐྱེད་རྫོགས་ཀྱིས་ཀྱང་མོས་པའི་ལྷ་སྐུ། རླུང་སེམས་ཀྱི་འོད་གསལ་གྱི་ཟུང་འཇུག་གཉིས་ཀྱི་སངས་རྒྱས་དུས་གཟུགས་སྐུ་གཉིས་སམ་སྐུ་རྣམ་པ་ཐམས་ཅད་པའི་སྨི༵ན་བྱེད་དང་མར་འཁོར་བའི་བག་ཆགས་དག་བྱེད་དུ་འགྱུར་རོ། །གཞན་ཡང་དེའི་ནང་ནས་ཀྱང་དངོས་པོ་ལྷན་སྐྱེས་ཙམ་ལའང་མཉམ་རྗེས་ཀྱི་དབེན་པ་གསུམ་གྱི་འོད་གསལ་དང་། དཔེའི་འོད་གསལ་ལས་ལྡོག་པ་ཅན་གྱི་བདག་བྱིན་རླབས་ཀྱི་ལྷ་སྐུ་ལའང་དག༵་བྱ་དང་དག་བྱེད་དག་པ་དང་། སྨིན༵་རྫོག༵ས་ཀྱི་རིམ་པ་སྔ་མས་ཕྱི་མའི་ཉེར་བསྡོག་གི་འགྲོས་ལྟར་དབྱེ་རྒྱུ་ཡོད་པས། གདོང་གཏད་དུ་ཤེས་བྱ་རེ་ལ་སྤར་ཟིན་གྱིས་སྦྱོར་བ་ནི་བྱིས་པའི་ངང་ཚུལ་ཙམ་དུ་ཟད་དོ། །གཉིས་པ་དངོས་དོན་བྱེ་བྲག་ཏུ་བཤད་པ་ནི། ལྷག་གཏོར་ཐུན་མོང་དུ་མར་འཁོར་བའི་གནས་སྐབས་ན་སྐྱེ་གནས་བཞིར་སྐྱེ་བའི་ལུས་དང་། ཡུལ་དུ་འཛིན་པ་དང་ལྷ་འདྲེ་རང་རྒྱུད་པར་བཟུང་ནས་ཕན་གནོད་ཀྱི་བྱེད་པོར་འཛིན་པའི་བག་ཆགས་ཀྱི་གཉེན་པོར། མཆོད་བསྟོད་ཀྱི་རྒྱུད་ལས། ངོ་བོ་རང་རིག་བྱང་ཆུབ་སེམས། །མ་སྐྱེས་དབྱིངས་ལས་གཡོ་བ་མེད། །འཇིག་རྟེན་གནས་དང་མཐུན་འཇུག་སྟེ། །མཆོད་དང་བསྟོད་པས་མཉེས་འགྱུར་བས། །འཇིག་རྟེན་མཆོད་བསྟོད་ཅེས་སུ་གྲགས། །ཅེས་དེ་དང་མཐུན་པའི་ཡེ་ཤེས་ཀྱི་རང་རྩལ་ཅིར་ཡང་སྣང་བ་ཉིད། སྲུང་མའི་ཚུལ་དུ་བཅོས་ནས་བསྒོམས་ཤིང་མཆོད་བསྐང་བྱེད་པའི་ཐབས་ཀྱི་ལམ་བསྟན་པས། གནས་སྐབས་སུ་ཚོགས་གཏོར་ཆག་པའི་ཉེས་ལྟུང་སོགས་འབྱུང་བར་སེམས་པའི་རྟོག་སྒྲིབ་དག༵་པར་འདོད་པ་ཕྱི་ལྟར་གྱི་དང་། ནང་ལྟར་མཆོད་པས་རྩ་རླུང་ཐིག་ལེ་ཡང་ཕྲན་དང་བཅས་པའི་བག་ཆགས་དག༵་པ་དང་། གསང་བ་ལྟར་གྱིས་རྟོག་ཚོགས་ལྷག་མ་ཡེ་ཤེས་ཀྱི་རང་བཞིན་དུ་དག༵་པ་ཡིན་ནོ། །ཡང་ཡར་སངས་རྒྱས་པའི་གནས་སྐབས་སུ་སྐུ་རྣམ་པ་ཐམས་ཅད་པས་གང་ལ་གང་འདུལ་དུ་སྣང་བའི་འབྲས་བུ་གཞི་ལ་རྫོག༵ས། བར་ལམ་གྱི་གནས་སྐབས་སུ་རྩའི་དྲི་མ་དག་པ་ལྷ་རུ་སྦྱངས་བའི་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས་རྫོགས་རིམ་ཐམས་ཅད་ཀྱི་སྨིན་བྱེད་དུ་འགྲོའོ། །ཡང་བརྟན་མའི་སྐབས་སུ། མར་འཁོར་བའི་གནས་སྐབས་ཀྱི་རྟེན་འབྲེལ་བཅུ་གཉིས་དང་། ལོ་ཟླ་ཞག་དུས་ཀྱི་སྦྱོར་བ་བཅུ་གཉིས་ཀྱི་བག་ཆགས་དག༵་པར་བྱེད། ཡར་སངས་རྒྱས་ཀྱི་གནས་སྐབས་སུ་བདེན་དོན་བཅུ་གཉིས་ཀྱི་ཕྲིན་ལས་འགོགས་པ་མེད་པར་ལྷུན་གྱིས་གྲུབ་ཅིང་། མཛད་པ་བཅུ་གཉིས་རྒྱུན་མི་འཆད་པའི་འབྲས་བུ་གཞི་ལ་རྫོག༵ས། བར་ལམ་དུས་སུ་དམར་ཆ་འབབ་པའི་ཆ་ལས་དགའ་བ་བཅུ་གཉིས་ཀྱི་འབར་འཛག་སྦོར་ཞིང་། རྟེན་འབྲེལ་དང་དུས་སྦྱོར་བཅུ་གཉིས་ཀྱི་རྩ་འཁོར་ལོ་དྲུག་དང་། འཁོར་མཚམས་དྲུག་གམ། ལྟེ་བའི་ཁྱིམ་བཅུ་གཉིས་ཀྱི་རྩ་རླུང་ཐིག་ལེ་ལས་སུ་རུང་བ་དང་འབྱོངས་བ་དང་། རྩ་མདུད་གྲོལ་ཞིང་། གཙུག་ཏོར་ཡེ་ཤེས་ཀྱི་འཁོར་ལོར་བརྟན་པས་ ༼ ས་དཔྱད། ༽ བཅུ་གཉིས་དང་མཐར་འབྲས་བླ་མེད་རྡོ་རྗེ་འཛིན་པའི་གོ་འཕང་གི་དངོས་སྐལ་སོ་སོའི་མངོན་པར་རྟོགས་པ་མཐའ་དག་འཆར་བའི་བར་གྱི་སྨིན༵་བྱེད་དུ་འགྲོའོ། །གསུམ་པ་སྦྱོར་ཚུལ་འགལ་མེད་དུ་དྲིལ་བ་ནི། ཇི་སྐད་དུ་པདྨའི་དགོངས་པ། བུམ་དབང་གི་ལམ་ཁྱེར་སྐུ་རྡོ་རྗེ་བསྐྱེད་པའི་རིམ་པས་ཐ་མལ་གྱི་སྣང་ཞེན་དག༵་ནས་ལུས་ལྷ་སྐུར་གྲོལ་བ་དང་། གསང་ཤེར་གྱི་ལམ་བདག་བྱིན་གྱིས་བརླབས་པ་དང་། གཞན་ལུས་ཕོ་ཉའི་ལམ་ལ་བརྟེན་པའི་རྫོགས་པའི་རིམ་པས་རྩ་རླུང་ཐིག་ལེའི་ཁམས་རྣམས་དབུ་མར་དག་ནས་ངག་གསུང་རྡོ་རྗེར་རྫོག༵ས་པ་དང་། བཞི་པའི་ལམ་རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་དང་། ལྷུན་གྲུབ་ཐོད་རྒལ་གཉིས་ལ་བརྟེན་ནས་ཡིད་ཡེ་ཤེས་ཆེན་པོར་སྨིན༵་ནས་སྤངས་ཐོབ་དང་བྲལ་བའི་འབྲས་བུ་གཞི་ལ་རྫོགས་ཏེ། ཞེས་སོགས་གསུངས་ལ་དེས་ན་སྙིང་ཐིག་ལས། སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས་ནས་སྨིན་གྱི་བར་སོགས་ལྟོས་འཇོག་བསྙེན་བསྒྲུབ་ཡན་ལག་བཞི་ལྟར་སྣ་ཚོགས་ཀྱང་མི་འགལ་ལོ། །རྒྱུ་མཚན་ནི། སྣང་གྲགས་རིགས་གསུམ་གྱི་རེ་རེ་ལའང་། དག༵་རྫོག༵ས་སྨིན༵་གསུམ་ཆ་ཚང་བ་རེ་ཡོད་པའི་ཕྱིར་རོ། །

བཞི་པ་དགོངས་ཀློང་གི་མཇུག་བསྡུ་བ་ནི། མདོར་ན་མཐོང་བསྒོམ་མཐར་ལམ་གྱི་སྤངས་བྱའི་དྲི་མ་མཐའ་དག་རིམ་གྱིས་སྤངས་ནས་དག༵་པའམ་བྲལ་བར་བྱེད་ཅིང་། དེའི་ལམ་འོག་མའི་གོང་མ་དང་མཐར་ཐུག་ཡོན་ཏན་དྲུག་ཅུ་རྩ་བཞིར་བྲལ་དག་གིས་འབྲས་བུར་སྨིན༵་པ་དང་། སྤྲུལ་སྐུའི་ཕྲིན་ལས་ཀྱིས་སེམས་ཅན་སྨིན༵་པ་དང་། འདུས་མ་བྱས་པའི་ཡོན་ཏན་དེ་དག་ཀྱང་རྒྱུ་རྐྱེན་གྱིས་བསྐྱེད་པ་མ་ཡིན་པར། ཡེ་ནས་གཞི་ལ་རྫོག༵ས་པ་ཉིད་དང་མངོན་དུ་འགྱུར་པའི་བྱ་བ་དཀྱིལ་འཁོར་དང་། ལས་རྒྱལ་མཆོག །སྲོག་རྩོལ། དཔྱིད་ཐིག་སོགས་རྣལ་འབྱོར་ལམ་གྱི་ཚོགས་གཉིས་རྫོག༵ས་པ་ཉིད་ཀྱིས་ནའང་། གོ་བ་བླང་དུ་ཡོད་པའོ། །རྒྱུད་སྡེ་རྒྱ་མཚོའི་དགོངས་ཀློང་ཀུན་གསལ་ཁྱོན། །ཉམ་ཆུང་མེ་ཁྱེར་འོད་ཀྱིས་ཁྱབ་མིན་ཀྱང་། །ཅུང་ཟད་སྣང་འདི་བླ་མའི་དྲིན་ཡིན་ཏེ། །མཁས་གྲུབ་མཆོག་གིས་ཐུགས་ཁྲེལ་མེད་པར་ཞུ། ཅེས་པ་འདི་ཡང་རྡོ་རྗེའི་རིག་པ་འཛིན་པ་མཉྫུ་གྷོ་ཥ་རསྨིའི་བཀའ་མ་ལྡོག་པར་དུས་མཐའི་སྔགས་འཆལ་ག་གཱ་ཨ་བྷྱེ་ཡིས་སུག་རིས་སུ་བགྱིས་པའོ། །དགེའོ། །དགེའོ། །དགེའོ། །བཀྲ་ཤིས། ཞེས་གྲོང་སྔགས་རྒན་བུ་ག་གཱ་ཨ་བྷྱེའི་ཕུལ། ན་མོ་རཏྣ་ཏྲ་ཡཱ་ཡཿ ཨུཏྟ་ར་དྷེ་ཝ་ཊཱཀྐི་ནིཿ བ་སུ་དྷེ་ཝི་བུདྡྷ་ཀརྨ་ས་པཱ་རི་ཝ་ར་ས་མ་ཡ་ཛ་ཛཿ པུཎྱེ་ཤྲཱི་ཨ་ཡུར་པུཎྱེ་སརྦ་ཝ་ཤཾ་སུ་སིདྡྷི་ཀུ་རུ་ཧོཿ ཞེས་ཀྱང་སྒྲ་བརྒྱའི་དབང་བོའི་ཎིརྨ་ཀ་ཞེས་མི་སྲིད་སྲིད་པ་དེ་ཡིས་བསྐུལ། མི་བདེན་བདེན་པས་བྱིན་གྱིས་རླབས། རིག་སྔགས་སོ། །ནོར་བརྒྱ་སྟོང་ཁྲི་འབུམ་བྱེ་བར་འགྱུར་བའི་གདམས་ངག་ག་གཱས་སོ། །


previousལྷག་གཏོར་བརྟན་གསུམ་གྱི་སྟོང་ཐུན་རྡོ་རྗེའི་ཕྲེང་བ།next