Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལོངས་སྤྱོད་ག་ཎ་ཙཀྲ་བསྡུས་པ་ཚོགས་གཉིས་མྱུར་རྫོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལོངས་སྤྱོད་ག་ཎ་ཙཀྲ་བསྡུས་པ་ཚོགས་གཉིས་མྱུར་རྫོགས།next

ལོངས་སྤྱོད་ག་ཎ་ཙཀྲ་བསྡུས་པ་ཚོགས་གཉིས་མྱུར་རྫོགས།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ལོངས་སྤྱོད་ག་ཎ་ཙཀྲ་བསྡུས་པ་ཚོགས་གཉིས་མྱུར་རྫོགས་བཞུགས༔

ན་མོ་གུ་རུ་བྷྱེ༔ བཟའ་བཏུང་ཚོགས་འཁོར་རྒྱུན་བརྟེན་པས༔ ཐབས་མཆོག་བདེ་མྱུར་ཟབ་མོ་ནི༔ ཨོཾ་ཨཱཿཧཱུྃ༔ རྃ་ཡྃ་ཁྃ༔ ཡེ་ཤེས་རྒྱན་གྱི་འཁོར་ལོ་ལ༔ དག་དང་མ་དག་མཚན་མ་མེད༔ རང་ཉིད་ཡེ་ནས་དཀྱིལ་འཁོར་ཏེ༔ བྱ་བྱེད་ལས་ཀྱི་དགང་བླུགས་ཀྱི༔ ཨ་ཧཾ་ལྷ་ཚོགས་ཞལ་གྱི་མཆོད༔ གཙང་རྨེ་གཉིས་འཛིན་རྟོག་པ་བསྒྲལ༔ ཚོགས་ཀྱི་དཀྱིལ་འཁོར་དབྱིངས་སུ་བསྟིམ༔ མཚན་འཛིན་རྟོག་སྒྲིབ་མཐོལ་ལོ་བཤགས༔ རང་བཞིན་དཀྱིལ་འཁོར་དགྱེས་པ་བསྐང་༔ བདེ་སྟོང་ཡེ་ཤེས་རོ་ལ་རོལ༔ འཁོར་འདབ་ཉེར་བཞི་གནས་ཡུལ་གྱི༔ དཔའ་བོ་མཁའ་འགྲོ་ལྷག་སྐྱོངས་ལ༔ ཡེ་ཤེས་བདུད་རྩིའི་ཕམ་ཕབ་འགྱེད༔ རྩལ་སྣང་དབང་བསྡུད་ཕྲིན་ལས་མཛོད༔ ཅེས་ཀྱང་ག་གཱས་སོ། །སྔགས་ཚིག་སྤེལ་བ་འདི་ལྟ་སྟེ༔ བུདྱ་དྷ་ར་མཎྜ་ག་ཎ་ཙཀྲ་ཁཱ་ཧི༔ ཐབས་ལ་མཁས་པའི་རྣལ་འབྱོར་ལ༔ བསོད་ནམས་མི་འགྱུར་གང་ཡང་མེད༔ འདི་ཡང་རྡོ་རྗེ་ཐེག་པ་ཡི༔ ཐབས་ཆེན་བཅོ་ལྔའི་ཁྱད་པར་ཡིན༔ ས་མ་ཡཱ༔ གལ་ཏེ་ཚོགས་ཀྱི་འཁོར་ལོ་ནི༔ ཡེ་ཤེས་དཀྱིལ་འཁོར་མགྲོན་ཐབས་དང་༔ ཡང་ན་གཟུགས་བརྙན་ཏིང་འཛིན་དུ༔ རང་བཞིན་དཀྱིལ་འཁོར་གང་ཡང་རུང་༔ འདོན་པ་བསྒྱུར་བ་འདི་ལྟ་སྟེ༔ རང་བཞིན་དཀྱིལ་འཁོར་གྱི་གོ་སར༔ དཀྱིལ་འཁོར་རྣམ་བཞིའི་དགྱེས་པ་བསྐང་༔ བྱས་པས་ཉམས་ལེན་རབ་ཏུ་བདེ༔ འདི་ཡང་པདྨ་མ་ཏི་ལ༔ ག་གཱ་ཨ་བྷྱེའི་རང་གྲོལ་བརྡའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སརྦ་མངྒ་ལཾ། ། ཚོགས་བསྡུས་ནི༔ རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃ༔ འཁོར་གསུམ་གཞིར་བཞེངས་ཚོགས་ཡུལ་ངོ་བོར་སད༔ རྩ་གསུམ་བསྲུང་མར་མཆོད་འབུལ་ཉམས་ཆགས་བཤགས༔ ཐུགས་དམ་བསྐང་གྱུར་དགྲ་བགེགས་སྒྲོལ་ཞིང་སྟོབས༔ ལྷག་གཏོར་བཞེས་ལ་ཚོགས་རྫོགས་དངོས་གྲུབ་སྩོལ༔ ཞེས་སམ། ༈ཡང་ན། ཨོཾ་ཨཱཿཧཱུྃ་མ་ཧཱ་ག་ན་ཙཀྲ་ཤུདྡྷེ་དེ་ཝ་བི་ཤྭ་ས་མ་ཡ་བི་ཤུདྡྷེ་སརྦ་བིགྣན་མ་ར་ཡ་ཁ་རཾ་ཁཱ་ཧི༔ ཨུཙྪིཥྚ་ཁཱ་ཧི༔ གཡོ་སྐྱའི་ང་རྒྱལ་ཞི། འདོད་ཆགས་སོད་པར་གྱུར་ཅིག་ཤེས་རབ་བློ་འཕེལ་སྣ་བོ་ཆེ་སྭཱ་ཧཱ། ག་གཱས་སོ། །ཡང་གཅིག་ལྷ་ཡིས་ཚོགས་བསྡུས་ནི༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ཟག་མེད་ཡེ་ཤེས་ཚོགས་མཆོད་འདི༔ ཞི་ཁྲོ་རོལ་བའི་ལྷ་ལ་མཆོད༔ སྡོམ་གསུམ་དམ་ཚིག་ཉམས་ཆགས་བཤགས༔ གནོད་བྱེད་འཛིན་རྟོག་དབྱིངས་སུ་བསྒྲལ༔ ཕྱིན་ཆད་འཁྲུལ་མེད་ངང་དུ་བསྟབས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་དང་༔ ཉམས་ཆགས་ཉེས་ལྟུང་ཐམས་ཅད་བསྐངས༔ ལྷག་གཏོར་བཞེས་ལ་ཕྲིན་ལས་མཛོད༔ ཅེས་ཀྱང་ཤྲཱི་བས་སོ། །དགེའོ། །ཡང་ཅིག་ཚོགས་བསྡུས་གྲངས་གསོགས་ན༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ནམ་མཁའི་མཛོད་ཀྱི་ཏིང་འཛིན་འཕྲུལ༔ འཁོར་འདས་དཔལ་ཡོན་ལྷུན་རྫོགས་པའི༔ ཟག་མེད་ཡེ་ཤེས་ཚོགས་མཆོད་འདིར༔ མཆོད་སྦྱིན་མགྲོན་ཀུན་གཤེགས་སུ་གསོལ༔ འདོད་ཡོན་མཆོད་སྤྲིན་རྒྱ་མཚོ་འབུལ༔ དགྱེས་བཞེས་བདག་སོགས་སེམས་ཅན་གྱི༔ མི་དགེ་ཉམས་ཆགས་སྡིག་ལྟུང་བཤགས༔ མཚན་འཛིན་མཚན་མེད་དབྱིངས་སུ་སྒྲོལ༔ འཁོར་བ་ཆོས་སྐུའི་ངང་དུ་བསྟིམས༔ ལྷག་སྐྱོངས་ཕོ་མོའི་ལྷག་ལ་རོལ༔ བདག་ཅག་ཚོགས་རྫོགས་སངས་རྒྱས་ཤོག༔ ཨོཾ་གུ་རུ་དེ་ཝཱ་ཊཱཀྐི་ནི་ག་ན་ཙཀྲ་ས་མ་ཡ་ཤུདྡྷེ་རུ་ཏྲ་མ་ར་ཡ་ཨུཙྪིཥྚ་ལ་ཁཱ་ཧི༔ ཤྲཱི་བས་སོ། །


previousལོངས་སྤྱོད་ག་ཎ་ཙཀྲ་བསྡུས་པ་ཚོགས་གཉིས་མྱུར་རྫོགས།next