Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ༔
   
   
   
   
   
   
   
   
   
   
   
   
   
   
   


 
previousསྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ༔next

སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ༔

སྭཱ་བྷ་ཝ ༴ སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ༔ རང་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔ ཁྲོ་ཚུལ་རྒྱན་རྫོགས་རྒྱས་འདེབས་ཡུམ་དང་སྦྱོར༔ ཀཱི་ལ་རིགས་ལྔ་ཁྲོ་བཅུ་ཟ་གསོད་སོགས༔ ཕུར་པའི་ལྷ་ཚོགས་མ་ལུས་ཡོངས་སུ་རྫོགས༔ གོ་ཆའི་ཚུལ་དུ་མ་འདྲེས་ལྷུན་གྱི་གྲུབ༔ སྣང་སྲིད་དབང་བསྡུད་ལྷ་འདྲེ་བྲན་ཁོལ་གྱི༔ གཟི་བརྗིད་ཉི་མ་འབུམ་ལས་ལྷག་པ་དང་༔ འཚམས་རྔམ་བཟོད་བར་དཀའ་བའི་དངོས་པོར་གསལ༔ དེ་ནས་བཀའ་བསྒོ་དམ་ལ་བཞག་པ་ནི། ཀྱཻ༔ བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཉོན་ཅིག །འདི་ལྟར་མཐོ་བ་སྲིད་པའི་རྩེ་མོ་མན་ཆད། དམའ་ན་རཀ་དམྱལ་ཁམས་གདན་ལ་ཐུག་གི་བར་གྱི་ཁམས་གསུམ་སེམས་ཅན་ཐམས་ཅད་ཐོག་མ་མེད་པའི་དུས་ནས་བཟུང་ཐ་མ་ད་ལ་མ་ཐུག་གི་བར་དུ་འཁོར་བ་ལུ་གུ་རྒྱུད་དུ་ཁ་འཁོར་ནས་སྐྱེ་བ་གྲངས་མེད་པ་བླང་བའི་དུས་སུ་ཕ་དང་མ་རུ་མ་གྱུར་པ་གཅིག་ཅིང་མེད་དེ། སྐྱེ་ལུས་བརྗེས་ནས་ངོ་མ་ཤེས་པ་ཙམ་དུ་ཟད་དོ། །དེ་ལྟར་ཕ་མ་བྱས་རིས་ལ་བྱམས་པའི་ལུས་ངག་ཡིད་གསུམ་གྱིས་བསྐྱངས་ནས་རང་གི་བཟའ་མ་བྲ་བར། ཟས་ཀྱི་ཕུད་དང་བཟང་དགུ་ཞིམ་དགུ་སྦྱིན་ནས། ཐ་ན་ལུས་ཟུང་གི་འོ་མ་ཡན་ཆད་ཀྱིས་གསོས། གོས་རང་གི་གྱོན་མ་བྲ་བར་མཛེས་དགུ་དང་དྲོ་འཇམ་བཀོན་ནས། ཐ་ན་ལུས་ཟུངས་ཀྱི་དྲོད་ལ་བཅར། རྒྱུ་རང་གི་སྤྱོད་མ་བྲ་བར་ཅི་ཡོད་ཀྱི་སྐལ་བ་ཕོག་ནས་བུ་ཚ་ན་བ་ལས་རང་ཤི་བ་འདམ་ནུས། རང་གི་ཤེས་ཚོད་ཀྱི་བསླབ་བྱ་གཡོ་རྒྱུ་མེད་པའི་སྒོ་ནས་བསླབ༔ དཀའ་ཚེགས་ངལ་དུབ་ཐམས་ཅད་ཁྱད་དུ་བསད་ནས་བསམ་རྒྱུ་བུ་བརྒྱུད་ལས་མེད་པར་བྱས་དྲིན་ཆེན་པོའི་བསྐྱངས༔ གནོད་ཚད་མེད་པ་ལས་བསྐྱབས་ནས། རང་རེའི་དོན་ཏུ་བསམ་ནས་ཐ་ན་གཞན་གྱི་དཔྱ་སེམས་དང་བརྙས་བཅོས་ཀྱི་ཟུར་ཙམ་ཡང་མི་བཟོད་པར་ཞེ་སྡང་གིས་ཀུན་སློང་ངན་པས་བསླང་བའི་ལས་ངན་བསགས་ནས་བསྐལ་བར་དམྱལ་བར་མནར། བདེ་འདོད་ཀྱི་བྱམས་པས་ཀུན་ནས་བསླང་ཏེ། རྐུ་འཕྲོག་གསོད་གཅོད་ཀྱི་ལས་བསགས་པས་བསྐལ་པར་ཡི་དྭགས་ཀྱི་སྡུག་བསྔལ་ལ་ལྕེབ། རང་ཅག་གིས་གནོད་པ་རི་བོ་ཙམ་བྱས་ཀྱང་བཟོད་སྲན་བསྐྱེད་ཅིང་། ད་དུང་ཡང་ཕན་པར་བསྒྲུབ་པའི་དྲིན་ཆེན་ཤ་སྟག་ཏུ་ངེས་པས་ན། བཟང་ལན་དུ་ངན་གནོད་མ་བྱེད། སྨན་ལན་དུག་གི་མ་གསོད། ཆང་ལན་ཆུ་ཡི་མ་འཇལ། དྲིན་ཆེན་ལ་དྲིན་ལོག་མ་བྱེད་པར། བཟུང་པ་ཡོད་ན་ཐོངས། བཅིངས་བ་ཡོད་ན་ཁྲོལ། བསྡམས་པ་ཡོད་ན་ཀློད། མནན་པ་ཡོད་ན་ཁྱོགས་ཅིག །འེ་འེ། འདི་རྣམས་ཀྱང་རང་རང་བདེ་བ་འདོད་པ་ལ་ཁྱེད་རྣམས་དང་ཁྱད་པར་ཅུང་ཟད་ཙམ་ཡང་མེད། སྡུག་བསྔལ་མི་འདོད་པ་ལ་ཁྱད་པར་ཅུང་ཟད་ཙམ་ཡང་མེད། བདེ་དོན་སྒྲུབ་པའི་རྒྱུ་དགེ་བ་ཡིན་ཀྱང་བསྒྲུབ་མི་ཤེས་པ་ལ་ཁྱད་པར་ཅུང་ཟད་ཙམ་ཡང་མེད། སྡུག་བསྔལ་འབྱུང་བའི་རྒྱུ་མི་དགེ་ཡིན་ཀྱང་སྤོངས་མི་ཤེས་པ་ལ་ཁྱད་པར་ཅུང་ཟད་ཙམ་ཡང་མེད་པས་ན། རང་གི་རང་ལ་དཔེ་ལོངས་ལ་གཞན་ལ་གནོད་འཚེ་གདུག་རྩུབ་ཀྱི་བསམ་སྦྱོར་ངན་པ་དེ་ཐོང་ལ། བཟུང་པ་སོགས་ཡོད་ན་ཐོངས། བཅིངས་པ་ཡོད་ན་ཁྲོལ། བསྡམ་པ་ཡོད་ན་ཀློད། མནན་པ་ཡོད་ན་ཁྱོགས་ཅིག། འཻ། གལ་ཏེ་བཀའ་ལ་མི་ཉན། དམ་ལ་མི་གནས། གསུང་ལ་མི་སྡོད། དངོས་གྲུབ་མི་སྩོལ། དྲིན་ལ་མི་བརྩི། དངོས་གྲུབ་ལ་བར་ཆད་བྱེད། བསམ་པ་ངན་ཅིང་གནོད་པའི་སྦྱོར་བ་ངན་པ་དེ་བྱེད་ན། གཞན་ལ་གནོད་པ་བྱས་པའི་ལེ་ལན། ལས་ཀྱི་ལྷག་མ་ཙམ་གྱི་རྣམ་སྨིན་ལ། བསད་བསད་ཀྱི་ལན་ཆགས་ཚེ་ཐུང་བ། བརྡུང་བརྡུང་གི་ལན་ཆགས་ནད་མང་བ། རྐུ་འཕྲོག་གི་ལན་ཆགས་ཟས་ནོར་དབུལ་བ། གནོད་པ་བྱས་པའི་ལན་ཆགས་གནོད་པ་བྱེད་པ་ལ་སོགས་བ་འབྱུང་བས། རང་གིས་རང་ལ་བྱམས་བརྩེ་ཤེས་པའི་ངང་ནས། བཟུང་བ་ཡོད་ན་ཐོངས། བཅིངས་བ་ཡོད་ན་ཁྲོལ། བསྡམ་པ་ཡོད་ན་ཀློད། མནན་པ་ཡོད་ན་ཁྱོགས་ཅིག །ཁྱད་པར་ཁྱེད་རྣམས་ད་སྐབས་ཡི་དྭགས་ཀྱི་སྡེ་ཚན་དུ་གཏོགས་པའི་ལུས་ལ་ནད་ངན་པ་དང་། ཞག་བདུན་གྱིས་འཆི་བ་དང་། ཟས་མི་རྙེད་པ་དང་། སེམས་ལ་རྟག་ཏུ་འཇིགས་སྐྲག་དངངས་གསུམ་དང་། ལོག་པའི་འདུ་ཤེས་བཞི་དང་། རྟག་ཏུ་བརྣག་པའི་བསམ་སྦྱོར་ལ་རང་བཞིན་གྱིས། དགའ་ཞིང་གནས་པ་དང་། རང་གི་སྡུག་བསྔལ་གཞན་ལ་སྤོ་བར་སེམས་པའི་འདུ་ཤེས་དང་། ལྟོག་ཕུངས་དབུལ་བའི་དུཿཁ་དཔག་ཏུ་མེད་པ་མྱོང་བ་འདི་དག་སྔོན་ཆད་སེར་སྣ་དང་གཞན་གནོད་བརྩམས་པའི་འབྲས་བུ་མངོན་དུ་གྱུར་བ་ཡིན་པས། ད་རུང་འདི་འདྲ་བྱེད་ན། ད་གདོད་ཀྱང་འདི་འདྲ་བའི་སྡུག་བསྔལ་ལ་མཐའ་མེད་པས། རྒྱུ་འབྲས་བསླུ་བ་མེད་པའི་ཚུལ་ལ་ངེས་པ་བསྐྱེད་ལ་ངོ་ཤེས་པའི་ངང་ནས་བཟུང་བ་ཡོད་ན་ཐོངས། བཅིངས་བ་ཡོད་ན་ཁྲོལ། བསྡམ་པ་ཡོད་ན་ཀློད། མནན་པ་ཡོད་ན་ཁྱོགས་ཅིག །གཞན་ཡང་སྲིད་པ་ཕྱི་མའི་དུས་སུ་མཐོ་རིས་ཀྱི་ལུས་རྟེན་རེ་ལོན་སྲིད་ནའང་། ཁྱེད་རྣམས་ལ་ལན་ཆགས་ཀྱི་དབང་གིས་ཡོན་བདག་འདི་ལྟ་བུའི་ལུས་སུ་གྱུར། ནད་པ་འདི་ལྷ་འདྲེ་ཁྱེད་ལྟ་བུའི་རྒྱུད་ཏུ་འཁྲུལ་ནས་གནོད་བྱ་དང་གནོད་བྱེད་དུ་འབྲེལ་ནས་སྲོག་ལན་ལྔ་བརྒྱ་ལ་སོགས་པ་ད་ལྟ་ཁྱོད་ཀྱིས་གནོད་བྱས་པ་ཇི་ལྟ་བ་ལྔ་བརྒྱ་རེ་འཁོར་འོང་བར་གདོད་མི་ཟ་བས་རང་གིས་རང་ལ་བྱམས་བརྩེ་ཤེས་པའི་ངང་ནས་བཟུངས་བ་ཡོད་ན་ཐོངས། བཅིངས་བ་ཡོད་ན་ཁྲོལ། བསྡམ་པ་ཡོད་ན་ཀློད། མནན་པ་ཡོད་ན་ཁྱོགས་ཅིག །ད་དུང་གཞན་གནོད་གཞིར་བཅས་ཀྱི་བསམ་སྦྱོར་ངན་པ་འདི་མི་འདོར་ན་ནི། ཞེ་སྡང་དང་སྲོག་གཅོད་འདི་ལ་རྣམ་སྨིན་དེ་ཡིས་མི་ཚད་དེ། མནར་མེད་སྡུག་བསྔལ་གྱི་མེ་དོང་ཆེན་པོ་བཟོད་བར་དཀའ་བ་རུ་གཏན་དུ་ཐར་བ་མེད་པས་དུས་འདའ་བར་འགྱུར་བ་དེ་བས་ན། རང་གིས་རང་ལ་བྱམས་བརྩེ་ཤེས་པའི་ངང་ནས་བཟུང་པ་ཡོད་ན་ཐོངས། བཅིངས་པ་ཡོད་ན་ཁྲོལ། བསྡམ་པ་ཡོད་ན་ཀློད། མནན་པ་ཡོད་ན་ཁྱོགས་ཅིག །འོན་ཏེ་ཁྱེད་རྣམས་ཀྱི་ནད་དང་སྡུག་བསྔལ་ལ་ནི་འདི་ལ་གནོད་བྱས་པས་ཕན་པ་ཅུང་ཟད་ཀྱང་མེད་པའི་སྟེང་དུ་ཕྱིར་ཞིང་གནོད་པ་ཇེ་ཆེར་འགྲོ་བ་ལས་འོས་མེད། ཁྱོད་ཀྱི་སྡུག་བསྔལ་ནི་སྔོན་འདི་ལྟ་བུའི་བསམ་སྦྱོར་ངན་པའི་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ཡིན། ཡོན་བདག་འདིའི་བྱས་བའང་མིན་པས། འདི་ལ་ཐོ་འཚམས་པའི་དོན་མེད། དེ་བས་ན་ཁྱོད་འདྲའི་ལས་ངན་མྱོང་བ་རྣམས་ལ་དེ་དང་བྲལ་འདོད་ཀྱི་བསམ་པ་བཟང་བོ་བྱང་ཆུབ་ཀྱི་སེམས་བསྐྱེད། སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བརྗོད་དང་། དེའི་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོའི་ཟས་ནོར་ལོངས་སྤྱོད་ལ་དབང་ཐོབ་ཅིང་ལྟོག་ཕུངས་དབུལ་བའི་སྡུག་བསྔལ་དང་། འཇིགས་སྐྲག་འཁྲུལ་སྣང་གི་ནད་དང་གནོད་པ་ཞི་ཞིང་། ཟག་མེད་ཀྱི་བདེ་དཔལ་རང་དབང་བར་མ་གྱུར་ན་ངས་ཁྱོད་བསླུས་པ་ཡིན་པས་བདེན་པའི་ཚིག་ལ་མཉན་པར་བྱོས་ལ་བཟུང་བ་ཡོད་ན་ཐོངས། བཅིངས་བ་ཡོད་ན་ཁྲོལ། བསྡམ་པ་ཡོད་ན་ཀློད། མནན་པ་ཡོད་ན་ཁྱོགས་ཅིག །གལ་ཏེ་བཀའ་ལས་འདའ་ཞིང་དམ་ལ་མི་གནས་ན། བདག་ཉིད་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་འཁོར་དང་བཅས་པའི་ཐུགས་ཀ་ནས་ཡེ་ཤེས་ཁྲོ་ཆུང་འབར་བའི་ཚོགས་ཆེན་རྡོ་རྗེའི་མེའི་ཚྭ་ཚྭ་དང་། མཚོན་ཆ་སྣ་ཚོགས་ཀྱི་ཆར་བ་འཕྲོས་ཏེ། ཁྱེད་རྣམས་ཐལ་བ་རྡུལ་ཕྲན་བཞིན་ཏུ་བརླག་པར་འགྱུར་ཏ་རེ། དེ་བྱས་ ༼ བས་དཔྱད། ༽ ན་ཞི་བ་དང་བྱམས་པའི་སེམས་ཀྱིས་སོ་སོ་རང་རང་གི་གནས་སུ་ཕྱིར་དེངས་ཤིག །ཧཱུྃ༔ བཞིའི་སྔགས་སོགས་བརྗོད་ཅིང་བགེགས་བསྐྲད་དོ། །མཐར་འཁོར་གསུམ་དམིགས་མེད་ཀྱི་ལྟ་བའི་ངང་དུ་བཞག་པ་ནི་བགེགས་བསྐྲད་མཆོག་དང་། སྣང་སྲིད་དག་ཆེན་དུ་བལྟ་བ་ནི་མཚམས་གཅོད་བླ་ན་མེད་པའོ། །དགོས་མེད་འདི་ཨུ་རྡོར་ངོར་ག་གཱས་སོ། །


previousསྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ༔next