Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟབ་དོན་གཅོད་ཀྱི་ཉམས་ལེན་ཚོགས་གཉིས་ལྷུན་གྲུབ།
   
   
   
   
   
   
   
   
   
   
   
   
   
   


 
previousཟབ་དོན་གཅོད་ཀྱི་ཉམས་ལེན་ཚོགས་གཉིས་ལྷུན་གྲུབ།next

ཟབ་དོན་གཅོད་ཀྱི་ཉམས་ལེན་ཚོགས་གཉིས་ལྷུན་གྲུབ།

རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ ཟབ་དོན་གཅོད་ཀྱི་ཉམས་ལེན་ཚོགས་གཉིས་ལྷུན་གྲུབ་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག །རྣལ་འབྱོར་གང་ཞིག་སྐལ་ལྡན་བས༔ སྐྱེ་རྒ་ན་འཆིའི་ཆུ་བོ་བཞི༔ ཕུང་པོ་ཉོན་མོངས་འཆི་བ་དང་༔ དགའ་སྤྲོ་ལྷ་བདུད་བཞི་གཅོད་ཅིང་༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར༔ སྒྲོལ་སྦྱོར་ཕར་ཕྱིན་དྲུག་ལྡན་པ༔ རྒྱུན་དུ་བྱེད་པའི་རྣལ་འབྱོར་ནི༔ སྦྱོར་དངོས་རྗེས་ཀྱི་རིམ་པ་གསུམ༔ དང་བོ་རྣམ་པ་ལྔ་ཡིན་ཏེ༔ དབང་བསྡུད་ཟིལ་གནོན་ནི༔ ཕཊ་ཕཊ་ཕཊཿ བདག་གཉིས་བཟུང་འཛིན་རྣམ་རྟོག་ཆོ་འཕྲུལ་ལས༔ ཉོན་མོངས་རྟོག་གཟུགས་སྟོང་ཕྲག་བརྒྱད་ཅུའི་ཚོགས༔ དབྱིངས་ཡེ་ངོ་མཉམ་ཤེས་རབ་ངང་དུ་བསྡུས༔ འདའ་དཀའ་ཕྱག་ཆེན་ལྟ་བས་ཟིལ་གྱིས་མནན༔ ཕཊ་ཕཊ་ཕཊཿ བྲོ་ར་ནི༔ དུག་ལྔའི་རྒྱུད་འཁྲུལ་གདོན་བགེགས་ཐམས་ཅད་ལ༔ ཡེ་ཤེས་ལྔ་ཡི་བརྟུལ་ཞུགས་རྔམ་པའི་བྲོ༔ རང་རྩལ་མཁའ་འགྲོའི་ཧི་ཧིའི་གད་རྒྱང་བཅས༔ འདུ་ཤེས་ལྟ་དང་ལྟ་མིན་བཟློག་ཕྱིར་བརྡུང་༔ ཕཊ་ཕཊ་ཕཊཿ ཕུར་ཁྱེར་ནི༔ བདག་འཛིན་ལྷ་འདྲེའི་མགོ་དང་ཡན་ལག་ལྔར༔ ཡེ་ཤེས་རྡོ་རྗེའི་ཐལ་འབྱིན་ཕུར་བུ་གདབས༔ རང་བྱུང་ཡེ་ཤེས་བྱང་ཆུབ་རྣམ་པ་ལྔ༔ མ་སྐྱེས་སྲིད་དུ་གཡོ་ལྡང་མེད་པར་གྱུར༔ ཕཊཿ སྐྱབས་སུ་འགྲོ་བ་འདི་ལྟར་རོ༔ ཕཊཿ རང་སེམས་ཡེ་ནས་དཀོན་མཆོག་དགུ་སྤྲུགས་ལ༔ མ་རྟོགས་རང་བཅིང་འཁོར་བའི་སྡུག་བསྔལ་མྱོང་༔ ད་ནི་གཉིས་མེད་རང་ངོ་ཤེས་པ་ཡི༔ འདུ་འབྲལ་མེད་པའི་ངང་ལ་སྐྱབས་སུ་མཆི༔ དེ་ནས་བྱང་ཆུབ་སེམས་བསྐྱེད་ནི༔ ཕཊཿ སེམས་ཅན་ངོ་བོ་ཡེ་ནས་ཆོས་ཀྱི་སྐུ༔ སྣང་བརྟགས་འཁྲུལ་པ་རྨི་ལམ་གཉིད་ཀྱིས་ནོན༔ ཆོས་ཙམ་ཉིད་ཀྱང་སྣང་ལ་གྲུབ་མ་མྱོང་༔ བདག་གི་མཐུ་ཡིས་མ་རིག་མལ་ནས་བསླང་༔ གསུམ་པ་མཎྜལ་ནི༔ ཕཊཿ ཕྱི་ནང་གསང་གསུམ་གཞི་ལམ་འབྲས་བུ་ཡི༔ སྐུ་གསུམ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི༔ མ་བཀོད་གཞི་ལ་ཡེ་ནས་རྫོགས་པ་ཆེ༔ མཆོད་བྱ་མཆོད་བྱེད་བྲལ་བའི་ངང་དུ་འབུལ༔ དེ་ནས་ཚོགས་བསགས་ཡན་ལག་བདུན་པ་ནི༔ ཕཊ༔ བདག་མེད་ཆོས་ཅན་ཆོས་ཉིད་དཀྱིལ་འཁོར་ལ༔ རྟོག་ཚོགས་བྱང་ཆུབ་སེམས་ཀྱི་མཆོད་པ་འབུལ༔ གཉིས་མེད་ལྟ་བ་མཇལ་བས་ཕྱག་འཚལ་ལོ༔ འདུ་བྱེད་དོན་ཡོད་གྲུབ་པའི་ངང་དུ་བཤགས༔ ཆོས་ཉིད་མི་དགེ་མེད་ལ་རྗེས་ཡི་རང་༔ སྤྲོས་བྲལ་ནམ་མཁའ་ལྟ་བུའི་ཆོས་འཁོར་བསྐོར༔ མྱ་ངན་གཞི་གྲོལ་བདེ་བ་ཆེན་པོར་བཞུགས༔ འཁོར་གསུམ་དམིགས་མཐའ་བྲལ་བའི་དབྱིངས་སུ་བསྔོ༔ འགྲོ་ཀུན་ཡེ་ཤེས་བླ་མའི་ས་ཐོབ་ཤོག༔ ལྔ་པ་བླ་མའི་རྣལ་འབྱོར་ནི༔ ཕཊཿ སྤྱི་བོར་ཡུམ་ཆེན་ཆོས་སྐུའི་བླ་མ་ནི༔ ཕྱག་གཡོན་ས་གནོན་གཡས་པ་མཉམ་བཞག་སྟེང་༔ གསེར་གྱི་རྡོ་རྗེ་རྩེ་ལྔ་བགྲེང་ ༼ བསྒྲེངས་དཔྱད། ༽ བའི་ཚུལ༔ སྐུ་མདོག་མཐིང་ནག་རིགས་ཀུན་འདུས་པར་བསྐྱེད༔ མོས་གུས་གདུང་ཤུགས་དྲག་པོའི་ཐུགས་རྒྱུད་བསྐུལ༔ བྱིན་རླབས་དབང་བཞི་འོད་ཟེར་རྣམ་པ་ཡི༔ སྨིན་གྲོལ་ལས་རུང་རྡོ་རྗེ་ཡེ་ཤེས་བཞིར༔ གྲོང་འཇུག་དབྱེར་མེད་ངོ་བོ་རོ་གཅིག་གྱུར༔ ཕཊཿ གཉིས་པ་དངོས་གཞི་སྦྱོར་སྒྲོལ་ནི༔ ཕཊ་ཕཊ་ཕཊཿ བདག་གཉིས་དངོས་འཛིན་ཁམས་གསུམ་ཉོན༵་མོང༵ས་འ༵དྲེ༔ བདག་མེད་ཤེས༵་རབ༵་ཡུམ་ཆེན་ཆོས་སྐུའི་ངང་༔ སྲོག་མེད་ན་བ་ཀ་དག་ཆེན་པོར་བསྒྲལ༔ རྣམ་སྨིན་མེད་སྣང་ཕུང༵་པོ༵་བརྟགས་ཆགས་བདུད༵༔ སེམས་ཀྱི་མི་བཟུང་གཅེས་འཛིན་ཕཊ་ཀྱིས་ཕྲལ༔ དག༵འ་བྲོད་རེ་བ་སྐྱིད་སྣང་དོན་གཉེར་བློས༔ མི་གཡོ་བས༵མ་གཏ༵ན་ཆེན་པོར་ལ་བཟླས་ཏེ༔ འཆི༵་བདག༵་བདུད༵་བཅོམ་གྲོང་དུ་འཕོ་འཇུག་གི༔ སྐྱེ༵་གནས་མངལ་དུ་རིམ་འཇུག་བདུད་བཅོམ་ཏེ༔ སྐད་ཅིག་གཅིག་ལ་རྡོ་རྗེ་ཁྲོས་མར་སྦྱོར༵༔ གཞོན་ནུ་བུམ་སྐུ་རྒ་བའི་འཇིག་དང་བྲལ༔ ཟབ་མོ་སྣང་སྟོང་གཉིས་སུ་མེད་བཟོ༵ད་པས༵༔ མཚ༵ན་རྟོག༵་སྙེམ་བྱེད་ཡེ་ཤེས་ཉིད་དུ་སྡོམ༵༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ གར་སྟབས་རུས་རྒྱན་སྤྱི་བོར་ཕག་ཞལ་ངུར༔ ཕཊ་ཕཊ་ཕཊཿ སྦྱིན༵་བྱའི་ཟང༵་ཟིང༵་སྒྱུ་མ་ལྟ་བུའི་ལུས༵༔ ཕྱག་གཡས་གྲི་གུག་ཚད་པས་ཐལ་གྱིས་ཞིག༔ ལྤགས་པ་དབང་ཆེན་གསེར་གྱི་གཞིར་གྱུར་སྟེང་༔ ཤར་ཕྱོགས་དཀར་གསུམ་མངར་གསུམ་རི་མཚོ་བྲག༔ ལྷོ་ཕྱོགས་མཁོ་དགུའི་ཡོ་བྱད་སྤྲིན་ཕུང་པོ༔ ཀ་ཆ་དཀོར་ཆ་ཁང་ཁྱིམ་རྐང་འགྲོ་དབྱིག༔ རྒྱན་དང་བགོ་བ་དར་གོས་བདུད་རྩི་སྨན༔ གླུ་གར་རོལ་མོ་ལྷ་ཀླུའི་ཁྱད་པར་ནོར༔ ནུབ་ཕྱོགས་ཤ་ཁྲག་རུས་པའི་ཕུང་པོའི་གཏམས༔ བྱང་ཕྱོགས་ཁུ་རླངས་བམ་རིལ་ལུས་སུ་བརྡལ༔ ཕཊཿཕཊཿཕཊཿ དབུས་ཕྱོགས་ཐོད་པ་ར་རི་སུམ་ཚུགས་ཀྱི༔ སྟེང་དུ་ཤ་ཆེན་དྭངས་མ་གཏམས་པ་ཡི༔ ཐོད་པ་ཕྱག་གི་རྒྱ་ཡི་བླངས་ཏེ་བཙུགས༔ སྒྱེད་པུའི་ཡི་གེ་ཡྃ་རྃ་འཕྲོད་སྦྱོར་གྱིས༔ ཞུ་ཞིང་ཁོལ་བའི་ཡེ་ཤེས་བདུད་རྩི་ཡི༔ རླངས་ལས་སྤྲིན་ཆགས་ཀུན་བཟང་མཆོད་པར་ཤར༔ ཕྱི་ནང་གསང་བ་བླ་ན་མེད་པ་དང་༔ སྙིགས་མ་དཀར་དམར་མཐིང་ཀའི་མྱོང་གྲོལ་ནི༔ བདེ་ཆེན་ཟག་མེད་ཆོས༵་སྦྱིན༵་རྒྱུད་ལ་འདེབས༔ དེ་ལས་མི༵་འཇིག༵ས་འཁོར་བའི་སྡུག་བསྔལ་སྐྱབ༵ས༔ ཡི་གེ་འཁོར་ལོའི་སྐུ་གསུམ་ངོ་བོར་བརླབས༔ བདག་ཉིད་ཐུགས་ལས་ལས་བྱེད་དགའ་མར་འགྱེད༔ ཕཊཿཕཊཿཕཊཿ ཕཊཿ ཅེས་ཌཱ་འུར་དང་རྐང་གླང་གི་སྤྱན་དྲངས༔ ཀྱེ༔ སེམས་ཉིད་འཁོར་འདས་ཀུན་བྱེད་རྒྱལ་པོ་ཡི༔ བཟང་ཞེན་འཁྲུལ་བ་དུས་གསུམ་སངས་རྒྱས་ལ༔ ཡེ་ཤེས་རྒྱན་གྱི་མཆོད་པ་དམ་པ་འབུལ༔ ཡར་བདུད་རེ་བ་ཆོད་པར་བྱིན་གྱིས་རློབས༔ འཁོར་འདས་དབུ་མ་ཆེན་པོར་རང་གྲོལ་ནས༔ འཇིགས་མེད་གདེངས་ཆེན་ཐོབ་པའི་རྒྱུར་གྱུར་ཅིག༔ ཕཊཿ ཕཊཿ ཕཊཿ ཕན་སྐྱོབས་ལྷ་རུ་མེད་ལ་ཡོད་པར་འཐས༔ མགོན་པོ་ཡོན་ཏན་མགྲོན་རིགས་ཐམས་ཅད་ལ༔ དམ་རྫས་འདོད་ཡོན་རྒྱན་གྱི་བསྐང་རྫས་འབུལ༔ རབ་འབྱམས་ཕྲིན་ལས་མ་ལུས་ཡོངས་གྲུབ་མཛོད༔ ཐུགས་རྗེས་སྒྱུ་འཕྲུལ་རང་རྩལ་ཡེ་ཤེས་སུ༔ ཅེར་གྲོལ་མཉམ་ཉིད་རྟོགས་པའི་རྒྱུར་གྱུར་ཅིག༔ ཕཊཿ ཕཊཿ ཕཊཿ ལྷ་འདྲེ་གཉིས་སུ་སྣང་བའི་ལྟོས་གྲུབ་དུ༔ ཕོ་གདོན་མོ་གདོན་ཀླུ་གདོན་གཟའ་བཙན་གཟེ༔ མཚུན་དང་དྲི་ཟ་མ་མོ་ཐེའུ་རང་༔ ཤ་ཟ་སྲུལ་བོ་གནས་ལུས་སྨྱོ་བརྗེད་གདོན༔ མ་ལུས་ལུས་པ་མེད་པར་ཐམས་ཅད་ལ༔ ཤ་ཁྲག་དཀར་དམར་སྡིག་སྒྲིབ་བཀྲུས་པའི་སྙིགས༔ ཡོ་བྱད་ཆ་མ་ཆོ་དགུ་ཕང་མེད་འབུལ༔ ངན་ཞེན་གནོད་བྱེད་རང་མཚན་གོལ་བའི་བདུད༔ གཞི་རྩ་བདག་མེད་རྟོགས་གྲོལ་རྒྱུ་རུ་ཤོག༔ ཕཊཿ ཕཊཿ ཕཊཿ ཁམས་གསུམ་སེམས་ཅན་ཡུལ་དུ་ཞེན་པའི་འདྲེ༔ རང་རང་སྡུག་བསྔལ་སེལ་ཞིང་གང་སྨོན་པ༔ ལྷག་བསམ་བྱང་སེམས་སྟོང་ཉིད་དབང་འབྱོར་ལས༔ རང་རང་སྒྲིབ་པས་མི་གོས་ཐོབ་པར་ཤོག༔ སྟོབས་འདིས་འཁོར་བ་ཀ་ནས་དག་པ་དང་༔ བདག་ཉིད་ཆེན་པོའི་དབྱིངས་སུ་ཚར་ཕྱིན་ཤོག༔ ཕཊཿཕཊཿཕཊ ཿ ལྷག་མའི་མགྲོན་རིགས་ཀུན་ལ་ཕ་ཕོག་འགྱེད༔ རང་ལ་གང་འཚམས་མཁོ་དགུ་ཐོབ་ནས་སུ༔ གཏན་དུ་བདེ་བ་སངས་རྒྱས་མཆོག་གྲུབ་ཏེ༔ དོན་གཉིས་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག༔ ཕཊཿ ཕཊཿ ཕཊཿ གཅོད་འདིས་བདག་འཛིན་རྩ་ནས་ཆོད་པར་ཤོག༔ གཅོད་འདིས་ཡུལ་འཛིན་རྩད་ནས་ཆོད་པར་ཤོག༔ གཅོད་འདིས་གཉིས་འཛིན་རྩད་ནས་ཆོད་པར་ཤོག༔ གཅོད་འདིས་གཅེས་འཛིན་རྩད་ནས་ཆོད་པར་ཤོག༔ གཅོད་འདིས་སྙེམས་བྱེད་རྩད་ནས་ཆོད་པར་ཤོག༔ གཅོད་འདིས་བཟང་ཞེན་ཡུལ་དུ་གྲོལ་བར་ཤོག༔ གཅོད་འདིས་བདག་མེད་གདངས་ཆེན་ཐོབ་བར་ཤོག༔ གཅོད་འདིས་ཡུལ་མེད་ཟང་ཐལ་རྟོགས་པར་ཤོག༔ གཅོད་འདིས་རྫོགས་ཆེན་མཐའ་རུ་འཁྱོལ་བར་ཤོག༔ གཅོད་འདིས་ཚོགས་རྫོགས་སྐུ་གཉིས་མངོན་གྱུར་ཤོག༔ ཕཊཿཕཊཿཕཊཿ མཐའ་ལ་འཁྱོལ་བ་རྣལ་འབྱོར་ལྟ་ཕུགས་སུ༔ ཐམས་ཅད་ཡུམ་ཆེན་བྷ་ག་ཡངས་པར་རོལ༔ ཐ་དད་སོ་སོར་མཆོད་བྱ་ཡུལ་དངོས་རྫས༔ འཛིན་པས་གུད་ལྟ་ནམ་མཁའ་ཡངས་པར་ཟད༔ ལ་བཟླ་མཆོག་གི་ཧེ་རུ་ཀ་དཔལ་མོ༔ རྡོ་རྗེ་རྒྱན་གཅིག་སྣང་བས་གྱ་ནོམ་བཤིགས༔ མི་སྣང་ཕྱམ་ཕྱལ་འོད་གསལ་གྲོགས་གྱིས་སྤྱོད༔ དེ་ལྟ་བུ་ནི་ཀུན་འཇིག་ཡང་ཏིར་ཡན༔ ཨ་ཨ་ཨཱཿ དེ་མཐར་དགེ་བ་བྱང་ཆུབ་བསྔོ༔ ཆོས་ཀྱི་སྦྱིན་པས་མཐའ་ཡང་བརྒྱན༔ ས་མ་ཡཱ༔ ཚུལ་འདི་གྲུབ་པ་ཐོབ་པའི་རྒྱུད་གྱུར་བ། །ཆོས་དང་སྐྱེ་གནས་གཉིས་སུ་འཛོལ་མ་གྱུར། །ག་གཱ་ཨ་བྷྱེ་དཔའ་བོ་ཆེན་པོ་ཡིས། །དགའ་རབ་རྡོ་རྗེའི་བཀའ་བཞིན་བསྒྲུབ་པའོ། །སརྦ་མངྒ་ལཾ། །


previousཟབ་དོན་གཅོད་ཀྱི་ཉམས་ལེན་ཚོགས་གཉིས་ལྷུན་གྲུབ།next