Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལུས་སྦྱིན་སྐུ་གཉིས་ས་བོན།
   
   
   
   
   
   
   
   
   
   
   
   
   


 
previousལུས་སྦྱིན་སྐུ་གཉིས་ས་བོན།next

ལུས་སྦྱིན་སྐུ་གཉིས་ས་བོན།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ལུས་སྦྱིན་སྐུ་གཉིས་ས་བོན་བཞུགས་སོ༔

ཕཊཿ རང་ལུས་ཆེ་བརྗིད་ཚོ་སྣུམ་པའི༔ ལུས་ནང་དྭངས་མའི་རྩ་མཆོག་དབུས༔ རང་སེམས་འོད་ཀྱི་ཐིག་ལེ་ལས༔ རྡོ་རྗེ་ཁྲོས་མ་ཚོན་གང་བ༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཅན༔ མཐིང་ནག་རུས་པའི་རྒྱན་གྱིས་བརྒྱན༔ ཞབས་གཉིས་གར་སྟབས་ཚུལ་དུ་རོལ༔ སྤྱི་བོར་ཕག་ཞལ་ནག་པོ་ངུར༔ ཕཊ་ཀྱིས་མགྲིན་པའི་འཁོར་ལོར་འཕོས༔ དེ་ནས་ཇེ་མཐོ་ཇེ་མཐོ་རུ༔ སྤྱི་བོ་ཚངས་པའི་གནས་ཐོན་ཏེ༔ སྟེང་གི་ནམ་མཁར་རྒྱངས་ཀྱིས་ཐོན༔ ཡར་འཕེལ་རི་རབ་ཙམ་དུ་གྱུར༔ ཕཊཿ ཕཊཿ ཕཊཿ བེམ་པོ་དབང་ཆེན་གཞི་ལ་བསྒྱེལ༔ ཕྱག་གཡས་གྲི་གུག་ཚད་ཙམ་གྱིས༔ པགས་པ་རིན་ཆེན་སྣོད་དུ་གྱུར༔ ཕུང་པོ་ཕྱོགས་བཞིར་གཅལ་དུ་བཀྲམ༔ མཆོད་སྤྲིན་འདོད་ཡོན་རྒྱ་མཚོར་གྱུར༔ ཡི་གེ་གསུམ་གྱིས་སྦྱངས་སྤེལ་བསྒྱུར༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ཕཊཿ དབྱིངས་ནས་དཀོན་མཆོག་སྲིད་༼ སྲི་དཔྱད ༽ཞུའི་མགྲོན༔ རྒྱུད་སྡེ་བཞི་དྲུག་ཡི་དམ་དང་༔ མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས༔ མཆོད་ཡུལ་མགྲོན་དུ་སྤྱན་དྲངས་ཤིང་༔ ཕ་མ་རིགས་དྲུག་སྙིང་རྗེའི་མགྲོན༔ ལན་ཆགས་ཤ་མཁོན་བདག་པོ་ནི༔ མ་ལུས་ལུས་པ་མེད་པ་ཀུན༔ སྐད་ཅིག་ཉིད་ལ་འདུས་པར་བསམ༔ ཕཊཿཕཊཿ ཕཊཿ ཌཱ་དྲིལ་འུར་ཆེམ་དང་བཅས་ཏེ༔ སྟེང་འོག་བར་གསུམ་ཐམས་ཅད་དུ༔ ཉི་རྡུལ་འཁྲིགས་པ་བཞིན་དུ་དམིགས༔ དཀོན་མཆོག་སྲིད་༼ སྲི་དཔྱད ༽ཞུའི་མགྲོན་རྣམས་ལ༔ བསོད་ནམས་ཚོགས་ཆེན་རྫོགས་པའི་ཕྱིར༔ གཅེས་པའི་མཆོག་གྱུར་སྒྱུ་ལུས་འདི༔ ཡེ་ཤེས་ཚོགས་ཀྱི་འཁོར་ལོར་འབུལ༔ བདག་གི་དོན་དུ་བཞེས་སུ་གསོལ༔ མགོན་པོ་ཡོན་ཏན་མགྲོན་རྣམས་ལ༔ ཤ་ཁྲག་དམར་གྱི་གཏོར་མར་སྤྲུལ༔ དངོས་གྲུབ་རྣམ་གཉིས་སྩོལ་བ་ཡིས༔ བདག་གི་དོན་ཕྱིར་བཞེས་སུ་གསོལ༔ ལན་ཆགས་ཤ་མཁོན་མགྲོན་རྣམས་ལ༔ ཚེ་རབས་བུ་ལོན་བྱང་བའི་ཕྱིར༔ རང་རང་གང་འདོད་འདོད་དགུའི་རྫས༔ མ་ཚང་མེད་པར་སྤྲུལ་ཏེ་འབུལ༔ རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ༔ ཤ་ཁྲག་བདུད་རྩིའི་མཆོད་སྦྱིན་འགྱེད༔ སོ་སོའི་སྡུག་བསྔལ་ཞི་བྱེད་པའི༔ སྤྲུལ་བསྒྱུར་གང་ལ་གང་བསམ་པར༔ དེ་མ་ཐག་ཏུ་ཡོངས་གྱུར་ནས༔ ཚིམ་ནས་བདེ་བའི་དཔལ་ཐོབ་ཤོག༔ ལྷག་མའི་མགྲོན་རིགས་ཀུན་ལ་འབུལ༔ རང་རང་འདོད་པ་ཕུན་སུམ་ཚོགས༔ གྱ་ནོམ་དངོས་པོ་སོ་སོར་གྱུར༔ མཐར་ནི་ཀུན་ཀྱང་རྒྱུད་ཚིམ་ནས༔ གཏན་བདེ་འགྱུར་མེད་རྒྱུར་གྱུར་ཅིག༔ ཕཊཿ ཕཊཿ ཕཊཿ འཁོར་གསུམ་དམིགས་པའི་དངོས་པོར་འཛིན༔ ཡེ་ནས་ཡུམ་ཆེན་ཕ་རོལ་ཕྱིན༔ རྣམ་ཐར་སྤྲོས་བྲལ་ཆེན་པོ་རུ༔ ཕྱམ་གཅིག་འཁྲུལ་བ་གཞི་ལ་སངས༔ ཨ་ཨ་ཨཱ༔ ཕཊ་ཕཊ་ཕཊཿ དེ་ནས་དགེ་བསྔོ་ཆོས་སྦྱིན་བྱ། །ཅེས་ཀྱང་པདྨ་མ་ཏི་ཡི། །དགོངས་པ་བསྐང་སླད་ག་གཱས་སོ། །


previousལུས་སྦྱིན་སྐུ་གཉིས་ས་བོན།next