Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལུས་སྦྱིན་བསྡུས་པ་ཚོགས་གཉིས་མྱུར་རྫོགས།
   
   
   
   
   
   
   
   
   
   
   


 
previousལུས་སྦྱིན་བསྡུས་པ་ཚོགས་གཉིས་མྱུར་རྫོགས།next

ལུས་སྦྱིན་བསྡུས་པ་ཚོགས་གཉིས་མྱུར་རྫོགས།

ལུས་སྦྱིན་བསྡུས་པ་ཚོགས་གཉིས་མྱུར་རྫོགས་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ ཕཊཿ གཟུང་འཛིན་རྣམ་རྟོག་ཡེ་ཤེས་དབང་དུ་བསྡུད༔ རྩལ་སྣང་ལྷ་འདྲེ་གཡོ་མེད་ཟིལ་གྱིས་གནོན༔ གནས་དོན་ཆོས་ཉིད་ལྷ་ལ་སྐྱབས་སུ་མཆི༔ ཁམས་གསུམ་འཁོར་བ་དོང་སྤྲུགས་སེམས་བསྐྱེད་དོ༔ ཕཊཿ ཡེ་ཤར་གཞིར་བཞེངས་རྒྱན་རྫོགས་མཎྜལ་འབུལ༔ ཀ་དག་ཡུམ་ཆེན་བླ་མའི་རང་བཞིན་ཉིད༔ སྐུ་བཞིའི་ལམ་གྱི་ངོ་བོར་བྱང་ཆུབ་པའི༔ སྨིན་བྱེད་ཡེ་ཤེས་རྒྱུན་གྱིས་དབུགས་ཕྱིན་ལས༔ སྐད་ཅིག་ཉིད་ལ་འབྲས་བུའི་རྒྱུད་སྨིན་ཤོག༔ ཕཊཿ ཕཊཿ ཕཊཿ རང་ལུས་འདོད་དགུའི་དཔལ་ཡོན་རྫོགས་པ་ནི༔ རྡོ་རྗེའི་ལྷ་མོའི་ལང་ཚོའི་ངོ་བོ་ལས༔ སེམས་ཉིད་སྐུ་གསུམ་ལྷུན་གྲུབ་ཁྲོས་མར་ལྡང་༔ མཐིང་ནག་གྲི་ཐོད་གར་སྟབས་རུས་རྒྱན་གསོལ༔ ཏིང་འཛིན་དམ་ཚིག་ལྷ་མོར་སྙོམས་ཞུགས་ཏེ༔ རྣམ་འཕྲུལ་སྲིད་ཞིའི་རྒྱན་གྱི་འཁོར་ལོའི་སྤྲིན༔ མ་ཚང་མེད་པའི་ཡེ་ཤེས་སྒྱུ་མ་ལས༔ འོད་འཕྲོས་རྒྱལ་ཀུན་གསང་གསུམ་བྱིན་རླབས་བསྡུས༔ མཉེས་ཚིམ་མྱོང་རེག་གྲོལ་བའི་ནུས་སྟོབས་འབར༔ ཨོཾ་ཨོཾ་ཨོཾ་ཨོཾ་ཨོཾ༔ ཕཊཿ གསུམ་གྱིས་མགྲོན་རྣམས་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་མོས་ལ༔ ཕཊཿ རང་སྣང་རྣམ་དག་དཀོན་མཆོག་སྲིད་ཞུའི་མགྲོན༔ སྣང་མུན་འདྲེས་མར་མཆེད་པའི་ཡོན་ཏན་མགྲོན༔ མུན་སྣང་རྟོག་གཟུགས་གོམས་པ་སྙིང་རྗེའི་མགྲོན༔ ལོག་རྟོག་དགྲ་རུ་ལྡང་བ་ལན་ཆགས་མགྲོན༔ སྟོང་ཉིད་ལྷ་མོའི་སྦྱོར་སྒྲོལ་བདེ་སྟོང་གར༔ གྱ་ནོམ་མཚན་མ་དག་པ་མཆོད་པའི་རྫས༔ འདོད་ཡོན་སྣ་ཚོགས་འཛོམ་པ་ནམ་མཁའ་མཛོད༔ ཤ་ཁྲག་རུས་པ་དོན་སྣོད་དམར་གསུམ་ཟས༔ ཐིམ་པའི་ཚུལ་གྱིས་མཆོད་པ་འབུལ་བའི་མཐུས༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པ་དང་༔ སྡིག་སྒྲིབ་བག་ཆགས་མ་ལུས་དབྱིངས་སུ་དག༔ དོན་གཉིས་འབྱོར་བ་ཡིད་བཞིན་ལྷུན་གྱིས་གྲུབ༔ ཕཊ་ཕཊ་ཕཊཿ ཡས་མགྲོན་འོད་ཞུ་སྲིད་པའི་མགྲོན་ལ་ཐིམ༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་བཏབ་པ་ཡིས༔ ལས་སྣང་སྡུག་བསྔལ་ཀུན་འབྱུང་དབྱིངས་སུ་སངས༔ ཁྱབ་གཅིག་འོད་ཕུང་ལྔ་ལྡན་ཐིག་ལེར་གྱུར༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་ཀློང་བརྒྱུད་དེ༔ སྤྲུལ་སྐུ་དབྱིངས་དང་རང་གདངས་ངོ་བོར་བསྐྱོད༔ ཡུམ་ཆེན་མི་འགྱུར་རྡོ་རྗེའི་ངང་དུ་བསྡུ༔ ཕཊ་ཕཊ་ཕཊཿ སྒྱུ་མའི་སྒྱུ་མ་སྒྱུ་མའི་མགྲོན་ལ་འགྱེད༔ སྒྱུ་མ་ཡེ་སྟོང་བཅོས་མའི་སྣང་མ་འགགས༔ མ་བཅོས་མ་ཆོས་མ་བསྐྱོད་ཧེ་རུ་ཀ༔ ཕ་རོལ་ཕྱིན་པ་ཐོབ་པའི་རྒྱུ་རུ་བསྔོ༔ ཕཊ་ཕཊ་ཕཊཿ ཅེས་བརྗོད་དེ་ཉིད་ནས་ཆོས་སྦྱིན་གྱིས་མཐའ་རྒྱན་པར་བྱའོ། །ཅེས་པ་འདི་ཡང་དེ་ཝས་བསྐུལ་ངོར་ག་གཱས་རྒྱས་པར་འཕེལ་ལོ། །བཀྲ་ཤིས་སོ། །མངྒ་ལཾ། །


previousལུས་སྦྱིན་བསྡུས་པ་ཚོགས་གཉིས་མྱུར་རྫོགས།next