Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དུས་མིན་འཆི་ཞགས་གཅོད་པའི་རལ་གྲི།
   
   
   
   
   
   


 
previousདུས་མིན་འཆི་ཞགས་གཅོད་པའི་རལ་གྲི།next

དུས་མིན་འཆི་ཞགས་གཅོད་པའི་རལ་གྲི།

དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་བཞུགས་སོ༔

འདི་མདོས་གླུད་དང་དྲི་གསུར་ལན་ཆགས་སོགས་གང་ལའང་བརྟེན་རུང་ཀྱང་༔ རང་ཉིད་ཀྱི་སྦུབས་ཀྱི་དྲི་མ་གོས་དུམ་དྲེག་པ་ཟས་སྣ་གླུད་རྫོང་སོགས་འབྱོར་ན་རབ་ཏུ་བཟང་ངོ་༔ བྱིན་རླབས་ནི༔ ན་མོ༔ སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེ་དང་བྱིན་རླབས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་ཆེན་པོའི༔ གནོད་བྱེད་ལན་ཆགས་ཤ་མཁོན་གྱི་བདག་པོ་བདག་མོ་རྣམས་དང་༔ ནད་བདག་རིམས་བདག་ཚེ་རྐུ་སྲོག་ལེན་ཁྲལ་བདག་འཆི་བདུད་ཀྱི་སྡེ་རིས་སུ་གཏོགས་པ་ཐམས་ཅད་ཀྱི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་གང་ལ་གང་འདོད་ཀྱི་ལོངས་སྤྱོད་འཛད་མི་ཤེས་པ་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོར་གྱུར་ཅིག༔ མཚན་བཞི་དང་ནམ་མཁའ་མཛོད་སྔགས་ལན་བདུན་བདུན་བརྗོད་ལ༔ ཀྱཻ༔ དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་༔ སྔགས་དང་ཏིང་འཛིན་བདེན་པ་དང་༔ བྱང་ཆུབ་སེམས་ཀྱི་བྱིན་རླབས་དང་༔ ཆོས་ཉིད་རྣམ་པར་དག་པའི་མཐུས༔ གླུད་གཏོར་འདོད་ཡོན་སྤྲིན་ཕུང་པོ༔ འཛད་མེད་ནམ་མཁའི་མཛོད་ཆེན་པོ༔ བཟའ་བཅའ་བཏུང་བ་ལྡག་གཞིབ་དཀོར༔ གོས་རྒྱན་གནས་ཡུལ་གྲོགས་སྐྱབས་ཟས༔ རྒྱན་དང་ལོངས་སྤྱོད་ཕུན་སུམ་ཚོགས༔ གང་ལ་གང་མཁོའི་འདོད་དགུའི་གཏེར༔ ཡིད་བཞིན་འབྱུང་བའི་ཕུང་པོར་འབར༔ ཟག་མེད་ཡེ་ཤེས་རོལ་བར་གྱུར༔ ཁྱད་པར་བརྒྱ་སྟོང་གྲངས་མེད་པའི༔ མི་བས་དགའ་བའི་གླུད་གཏོར་མ༔ མཛེས་སྡུག་ལྷ་ཡི་ལང་ཚོ་ཅན༔ སྙན་འཇེབ་དྲི་ཟའི་གླུ་དབྱངས་ལེན༔ ཅང་ཤེས་རྒྱུ་རྩལ་སྣ་ཚོགས་ལྡན༔ རྒྱན་ཆས་ཡོ་བྱད་ཕུན་སུམ་ཚོགས༔ འཇིག་རྟེན་འདི་ན་དཀོན་པ་ཡི༔ ཁྱད་ནོར་ཡིད་ཀྱི་འཁྲི་ཤིང་འདི༔ བདག་ཅག་མི་ནོར་འཁོར་བཅས་ཀྱི༔ ཤ་ཡི་ཚབ་དང་ཁྲག་གི་སྐྱིན༔ བུ་ལོན་འཇལ་དང་ཤ་མཁོན་ལན༔ མ་ལུས་ཡོངས་ཀྱི་གླུད་དུ་འབུལ༔ ཁྲམ་བདག་རྣམས་ཀྱི་ཁྲམ་ཕྱེས་ཤིག༔ ནད་བདག་རྣམས་ཀྱིས་ནད་བསྡུས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ལོངས་ཤིག༔ ཤ་ལན་འཁོན་ལན་བསྡུམ་པ་ཡིན༔ ཚེ་རབས་འཁོར་བ་ཐོག་མེད་ཀྱི༔ བུ་ལོན་ལན་ཆགས་བྱང་གྱུར་ཅིག༔ ཡིད་བཞིན་འདོད་པ་ཚིམ་གྱུར་ཅིག༔ གདུག་རྩུབ་ཉོན་མོངས་ཞི་གྱུར་ཅིག༔ སོ་སོའི་སྡུག་བསྔལ་བྲལ་གྱུར་ཅིག༔ ལྷ་འདྲེའི་གཙོར་བྱས་བདག་གཞན་འགྲོའི༔ དུས་མིན་འཆི་བ་བཟློག་གྱུར་ཅིག༔ ཁྲམ་ཁ་དལ་ཁ་བསྒྱུར་བ་དང་༔ ནད་དང་གནོད་པ་རྐྱེན་ངན་ཕྱོགས༔ མི་མཐུན་མི་འདོད་བགེགས་བར་ཆད༔ ཉེ་བར་འཚེ་བ་ཐམས་ཅད་ཀྱང་༔ སེམས་ཅན་ཀུན་ལ་འབྱུང་མ་གྱུར༔ སྲིད་ཞིའི་ཕན་བདེ་འབྱུང་བའི་གནས༔ དམ་པའི་ཆོས་ལ་རྟག་སྤྱོད་ཅིང་༔ འགྲོ་ཀུན་གཏན་བདེའི་རྒྱུ་གྱུར་ནས༔ དམ་པ་སྐུ་གཉིས་ཐོབ་པར་ཤོག༔ སཾ་བྷ་ར་ཅི་ནུས་ཀྱིས་བསྔོ༔ ཀྱཻ༔ འཆི་བདག་ནག་པོ་ལ་སོགས་པའི༔ ཕ་མར་གྱུར་བའི་བགེགས་མགྲོན་ཀུན༔ ངས་ནི་སྙིང་རྗེ་ཆེན་པོ་ཡིས༔ བྱང་ཆུབ་སེམས་ཀྱི་ཕབ་བྲན་ནས༔ སྔགས་དང་ཕྱག་རྒྱའི་བྱིན་གྱིས་བརླབས༔ དཀོན་མཆོག་གསུམ་གྱི་སྟོབས་སྦྲན་པའི༔ གཏན་པ་མེད་པའི་མཆོད་སྦྱིན་བཏང་༔ ཁྱེར་ཅིག་ཁྱེར་ཅིག་༴ སོགས། བདག་གི་བསམ་པའི་༴ སོགས། སྡིག་པ་ཅི་ཡང་༴ སོགས། ཧོ༔ སྦྱིན་བྱ་སྦྱིན་བྱེད་སྦྱིན་ཡུལ་གྱི༔ འཁོར་གསུམ་དམིགས་པ་ཐམས་ཅད་ཀུན༔ ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་༔ མ་བཅོས་མཉམ་པ་ཆེན་པོར་ཨཱ༔ ཡི་དམ་གང་ལ་བརྟེན་ཀྱང་རུང་༔ གྲངས་ཁ་ཁྱེར་ཅིག་རྐྱང་བས་བསགས༔ ཧྱ་གྷ་ཝའི་དགོངས་པ་ལ༔ བཀའ་བསྒྲོ་ག་གཱ་ཨ་བྷྱེའི་བགྱིས༔ དགེ་བས་ཉམ་ཐག་འགྲོ་ཀུན་གྱི༔ དུས་ཀྱི་ཕོ་ཉ་བཟློག་གྱུར་ཅིག༔ དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུད་དང་ལས་ལ་ཀུན་ཏུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་ཀྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབས་པའི་སྲས་སུ་སྐྱེ། །དེ་ལྟར་ཆོས་དང་ཟང་ཟིང་གི །སྦྱིན་པས་ཚོགས་ཆེན་གཉིས་རྫོགས་ཏེ། །སྲིད་པར་རྒྱུན་དུ་འཁོར་བ་རྣམས། །ཐམས་ཅད་མངོན་པར་སངས་རྒྱས་ཤོག །


previousདུས་མིན་འཆི་ཞགས་གཅོད་པའི་རལ་གྲི།next