Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཤིག་གསུར་སྲིད་པ་སྒོ་འགེགས།
   


 
previousཤིག་གསུར་སྲིད་པ་སྒོ་འགེགས།next

ཤིག་གསུར་སྲིད་པ་སྒོ་འགེགས།

ཡེ་ཤེས་སྒྱུ་འཕྲུལ་རོལ་བ་ལས༔ ཤིག་གསུར་སྲིད་པ་སྒོ་འགེགས་བཞུགས་སོ༔

རང་གི་ལུས་ཀྱི་དྲི་མ་དང་བག་ཕྱེ་བསྲེས་ལ༔ ཨོཾ་སརྦ་ཧ་ཧ་ཧྲི་ནུཉྩ༔ ཞེས་མང་པོ་བརྗོད་ལ༔ ཧཱུྃ༔ བསྐལ་བ་སྲིད་པའི་དང་པོ་ལ༔ སྲིད་བའི་ཕ་མ་ཞ་ལོང་གཉིས༔ དེ་ལ་བུ་ཚ་བརྒྱད་ཁྲི་ཡོད༔ མིང་དུ་མནར་སྤྱོད་འཛིན་པ་ཟེར༔ ཡན་ལག་བ་སྤུ་བརྒྱད་ཁྲི་བསྐྱེད༔ དེ་ལས་འབྱུང་བ་རླན་གཤེར་རྐྱེན༔ ཕ་མ་ཡིད་མེད་བྱོལ་ནས་ནི༔ ལུས་སུ་ཡི་དྭགས་ཉེར་འཚེའི་གཟུགས༔ ལུས་བཅུད་དྭངས་མ་ཁྲག་ལ་བསྐམས༔ ཉི་མ་བདུན་ནི་འཇིགས་པས་བསྐལ༔ མི་སྲིད་སྲིད་པ་རབ་བུ་ཁ༔ ཁྱོད་ནི་ངན་སོང་གསུམ་ལ་གཏོགས༔ དང་པོ་བརྫུས་སྐྱེས་དམྱལ་བ་བ༔ བར་དུ་སྒོང་སྐྱེས་དུད་འགྲོའི་གཟུགས༔ བཀྲེས་སྐོམ་སྡུག་བསྔལ་ཡི་དྭགས་དངོས༔ མེ་ཉིའི་གདུང་ནས་ཚ་དམྱལ་མྱོང་༔ གྲང་བས་ཉམ་ཐག་ཆུ་བུར་ཅན༔ བརྡུང་བརྡེག་འཐག་གཅོད་བསྡུས་འཇོམས་པས༔ དེ་ལ་དྲི་ཟ་རྣམ་ཤེས་འབུམ༔ གང་ནས་ལྷན་ཅིག་ལས་ཀྱི་འཕོ༔ ལྷན་གཅིག་དྲོད་གཤེར་མངལ་ལ་འདུས༔ ཀུན་ཀྱང་བཟའ་བཏུང་སྲེད་པས་བསྡུས༔ མི་ཕྱུག་རྟ་ནོར་ར་ལུག་ལ༔ འཁྲི་བའི་སེམས་ཅན་རིགས་བྱེད་ནི༔ དེ་དང་དེ་དག་ཐམས་ཅད་ལ༔ ཟག་མེད་ཡེ་ཤེས་བདུད་རྩི་ལས༔ གསོན་ཁྲག་དམར་པོའི་རྣམ་པ་ཅན༔ བཏུང་བ་ཙམ་གྱིས་ཡིད་ཚིམ་ཞིང་༔ བྱང་ཆུབ་སེམས་མཆོག་རྒྱུད་ལ་འདེབས༔ བྲམ་ཟེ་སྐྱེ་བདུན་ཤ་ཁྲག་འབུལ༔ ཚིམ་ནས་ངན་སོང་གསུམ་པོ་རུ༔ དུས་གཅིག་སྐྱེ་བའི་སྒོ་ཆོད་དེ༔ སྐུ་གསུམ་རྒྱལ་བའི་ཞིང་ཁམས་སུ༔ དུས་གསུམ་སངས་རྒྱས་རང་ཞལ་མཐོང་༔ གཏན་བདེ་འགྱུར་མེད་ཐོབ་པར་ཤོག༔ སངས་རྒྱས་རྣམས་ཀྱི་ཐུགས་རྗེ་དང་༔ དམ་པ་ཆོས་ཀྱི་བདེན་སྟོབས་དང་༔ དགེ་འདུན་རྒྱ་མཚོའི་བྱིན་རླབས་ཀྱིས༔ བསྔོས་པ་བཞིན་དུ་ཐོབ་པར་ཤོག༔ ཐོབ་ནས་ཚིམ་པས་མཐར་ཐུག་གི༔ ཏིང་འཛིན་རོལ་མོ་མཛེས་འབར་བས༔ གཟུངས་སྤྲིན་སྟོབས་ཀྱིས་ཕུན་སུམ་ཚོགས༔ ལྷུན་གྲུབ་སྙིང་རྗེའི་གཞན་བརྟེན་པའི༔ སྒྲིབ་གསུམ་རྒྱུ་འབྲས་དང་བྲལ་ཤོག༔ ཨོཾ་ཨ་ཙ་ཁ་ལེ་བུ་ཡ་ཁྲི་ཁྲི་བྷ་ར་སྭཱ་ཧཱ༔ ཞེས་བརྗོད་བསྔོས་པས་རང་ཚིམ་ནས༔ སྲིན་བུ་ཕྱི་ནང་རྒྱུ་བ་ཆོད༔ ཐབས་འདི་ག་གཱ་ཨ་བྷྱེ་ཡིས༔ ཡོན་ཏན་ཀུན་ལྡན་པས་བསྐུལ་ངོར༔ ནམ་མཁའ་མཛོད་ལས་རང་གྲོལ་བ༔ མིང་ལ་སྲིད་པ་སྒོ་འགེགས་ཟེར༔ དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༔ སརྦ་མངྒ་ལཾ། །


previousཤིག་གསུར་སྲིད་པ་སྒོ་འགེགས།next