Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།

1 occurrence of འཆར་སྐྱེམས་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
གནོད་སྦྱིན་ནོར་ལྷའི་རྒྱལ་པོ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousགནོད་སྦྱིན་ནོར་ལྷའི་རྒྱལ་པོ།next

གནོད་སྦྱིན་ནོར་ལྷའི་རྒྱལ་པོ།

གནོད་སྦྱིན་ནོར་ལྷའི་རྒྱལ་པོ་ཡི༔ དབང་གི་མངའ་གསོལ་དངོས་གྲུབ་འདུས༔ ཡེ་ཤེས་སྒྱུ་འཕྲུལ་རོལ་བ་ལས༔ རང་ཤར་ཆེན་པོ་འདི་ཉིད་དོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ གང་ཟག་དམ་ལྡན་སྒྲུབ་པ་པོའི༔ ལྷ་ཡི་ཡོན་ཏན་དྲན་པའི་ངང་༔ སྲིད་ཞིའི་མཆོད་པ་སྣ་ཚོགས་བཀྲམ༔ བསྟོད་ཅིང་མངའ་གསོལ་འདི་ལྟར་བྱ༔ ཧོ༔ འཁོར་འདས་དབྱིངས་གཅིག་ཀ་དག་གདོད་མའི་མགོན༔ བསམ་གྱིས་མི་ཁྱབ་རྣམ་ཐར་སྒོ་གསུམ་ལྡན༔ ཐམས་ཅད་ཀུན་མཉམ་མ་གྲོལ་མིང་ཙམ་མེད༔ ཐིག་ལེ་ཆོས་ཀྱི་སྐུ་རུ་དབུ་འཕང་བསྟོད༔ དབྱིངས་དང་འདུ་འབྲལ་མེད་པའི་ཡེ་ཤེས་སྐུ༔ གནས་དོན་ལུས་ཀྱི་སེལ་དུ་གྱུར་བ་ལས༔ མ་དག་མཚན་མར་གནས་པ་རྡུལ་ཙམ་མེད༔ སངས་རྒྱས་ལོངས་སྤྱོད་ཆེན་པོར་དབུ་འཕང་བསྟོད༔ ཡེ་ཤེས་རང་རྩལ་དྲང་པོར་ཤར་བ་ལས༔ སྙིང་རྗེའི་ཞི་ལ་འགོང་བར་མ་གཡུར་བར༔ བདེ་གཤེགས་སྙིང་པོའི་རང་གཟུགས་ཆུ་ཟླ་བཞིན༔ རང་སྣང་སྟོན་པ་སྤྲུལ་བར་དབུ་འཕང་བསྟོད༔ མ་དག་སེམས་ཅན་ཐུགས་རྗེའི་གཟུངས་བའི་གཟུགས༔ སྣ་ཚོགས་བེམ་པོ་སྐྱེ་བར་གང་འདུལ་ལས༔ གཟུགས་པོར་དྲེགས་པའི་ཚུལ་མང་བརྒྱུད་མར་སྟོན༔ འགྲོ་འདུལ་སྤྲུལ་བ་མཆོག་གི་དབུ་འཕང་བསྟོད༔ འདི་ན་སྤྱི་བརྟོལ་སྨོན་པའི་འཁོར་ལོའི་བསྒྱུར༔ མཚུངས་དཔེར་འདྲེན་པའི་དབུ་འཕངས་བསྟོད་མོད་དེ༔ ལས་དང་ཐུགས་རྗེའི་འཕེན་པས་ཕྱོགས་མི་མཚོན༔ མཚོན་མིན་མཚོན་དཔེའི་ཉེར་འཇལ་མངའ་གསོལ་ལོ༔ ཡེ་ཤེས་ལྷ་ནི་འགྲུབ་ཐག་རིང་བར་འཛིན༔ སྔོན་གྱི་དྲེགས་ཚོགས་མཐའ་བཞིའི་བསྡུས་པར་འཛིན༔ སེམས་ཀྱི་སར་བ་གྱད་དུ་གྱུར་བ་ལས༔ དགོས་པ་གཞན་དབང་བསྟན་པའི་ཐབས་མཁས་པོ༔ མི་མཐུན་ཉེར་འཚེ་ཕྲིན་ལས་རྩིབས་ཀྱིས་གཅོད༔ འགྲོ་ཆོས་བཅུ་ཡི་ཕན་བདེའི་ཤུལ་ཀྱང་མཚོན༔ མཐར་ཐུག་གོ་འཕང་མཆོག་ལ་དཀྲི་མཁས་པའི༔ འཁོར་ལོ་རིན་ཆེན་མཆོག་ཏུ་མངའ་གསོལ་ལོ༔ གཤིས་ལ་སྒྲིབ་གཉིས་མེད་པའི་ཆོ་རིགས་བཙུན༔ མཚན་དཔེ་འདུ་འབྲལ་མེད་པའི་ལང་ཚོའི་སྒེགས༔ ཆོས་འབྱོར་དབང་ཐང་བཀྲུན་པའི་མ་ཆེན་མོ༔ ཤེས་རབ་མཛངས་མ་མཆོག་ཏུ་མངའ་གསོལ་ལོ༔ གང་ཞིག་བསོད་ནམས་མེད་ལ་སྙད་དེ་བཏགས༔ དངོས་གྲུབ་སྩོལ་བར་མ་ནུས་ནོར་བུ་ཕལ༔ དཀོན་མཆོག་ཁྱོད་ཉིད་སྒྲིབ་གསུམ་ཅན་ལའང་༔ དགོས་འབྱུང་ཡིད་བཞིན་རིན་ཆེན་མངའ་གསོལ་ལོ༔ རང་དོན་ནམ་མཁའི་མཛོད་ཀྱི་ཏིང་འཛིན་ཐོབ༔ གཞན་དོན་གཏན་པ་མེད་པའི་མཆོད་སྦྱིན་གྱིས༔ བསྡུ་བཞིའི་དབུ་འདྲེན་ཡང་དག་གནས་སུ་སྦྱོར༔ ཁྱིམ་བདག་རིན་པོ་ཆེ་རུ་མངའ་གསོལ་ལོ༔ སངས་རྒྱས་བསྟན་ལ་འགོང་པའི་ཀླ་ཀློའི་དཔུང་༔ རྣལ་འབྱོར་དབུ་འཕང་སྨད་པའི་ཞིང་བཅུའི་དཔུང་༔ རྣམ་དཀར་ངང་ཚུལ་ཉམས་པའི་བདུད་སྡེས་དཔུང་༔ མཐར་བྱེད་དམག་དཔོན་ཆེན་པོར་མངའ་གསོལ་ལོ༔ ཡིད་མགྱོགས་ཕལ་གྱི་རྫུ་འཕྲུལ་རྩེ་མོ་རུ༔ རྐང་བཞིའི་འདེགས་པའི་རླུང་ཤུགས་ཐུན་མོང་མིན༔ སྤྱན་ལྔའི་དབང་བཀྲ་མངོན་ཤེས་ཅིང་ངག་འབྱིན༔ རྟ་མཆོག་རིན་ཆེན་མཆོག་ཏུ་མངའ་གསོལ་ལོ༔ ཡོན་ཏན་ཕུན་ཚོགས་རིན་ཐང་གཞལ་དུ་མེད༔ སྙིང་རྗེའི་སྣ་ཞགས་འདོད་དགུའི་བུམ་པ་འཛིན༔ སྒྲུབ་པ་པོ་ལ་དབྱིག་གིས་རྒྱལ་ཐབས་དབང་༔ སྤྱི་བོའི་བསྐུར་བའི་གླང་བོར་མངའ་གསོལ་ལོ༔ ལན་གཅིག་དངོས་གྲུབ་སྩོལ་ཀྱང་བྲི་གང་རྐྱེན༔ འཇིག་རྟེན་ཁམས་སུ་རྒྱུ་བའི་ཐེའུ་བྲང་གཟུགས༔ ཁྱོད་ཀྱི་ཡེ་ཤེས་བདག་རྐྱེན་གོང་དུ་འཕེལ༔ འཛད་མེད་གཏེར་གྱི་བུམ་པར་མངའ་གསོལ་ལོ༔ ནོར་བུའི་རྡོ་ཁམས་ཡོན་ཏན་ཉེ་ཚེ་བས༔ རྗེས་སུ་བྱེད་པའི་འབྲས་བུ་ཙམ་མིན་པར༔ བློ་དང་ཡིད་ཀྱིས་དཔག་བསམ་ལྷུན་གྱི་གྲུབ༔ རེ་སྐོང་ལྗོན་པའི་མཆོག་ཏུ་མངའ་གསོལ་ལོ༔ སྔོན་སྨོན་བསོད་ནམས་བཟང་པོའི་ས་བོན་ལ༔ བརྡོག་དགུའི་འབྲས་བུ་འབྱུང་བ་ཆོས་ཉིད་ན༔ ཁྱོད་བརྟེན་མ་བཏབས་ཕུན་ཚོགས་གཡུལ་དུ་ཟ༔ མ་རྨོས་འཁྲུངས་པ་མཆོག་ཏུ་མངའ་གསོལ་ལོ༔ ནོར་ལྷ་ཕལ་ལས་ཐོབ་བའི་འབྱོར་བའང་༔ སྡིག་དང་བརྡོས་པས་ལོག་འཚོས་མ་འདྲེས་མེད༔ ཆོས་དང་མཐུན་པའི་ཁ་ཟས་དངར་བོའི་སྐྱེས༔ སྩོལ་མཁས་འདོད་འཇོའི་བ་རུ་མངའ་གསོལ་ལོ༔ ལྷ་ཡི་ཕྱྭ་དང་སྣོད་དང་བཅུད་ཀྱི་ཁམས༔ བརྟན་གཡོས་དྭངས་མ་གཟུངས་སྨོན་དག་པའི་བྱིན༔ མ་ལུས་བཙན་ཐབས་ཉིད་དུ་འགུགས་པ་ཡི༔ འཁོར་འདས་དབང་བསྡུད་ལྕགས་ཀྱུར་མངའ་གསོལ་ལོ༔ ཚེ་བསོད་ཉམས་པ་གསོ་ཞིང་ཡལ་བ་བཀུགས༔ འཐོར་བ་སྡུད་ཅིང་ཟད་པ་བསྲིང་བ་དང་༔ ཕྱིན་ཆན་ཟག་སྡོམ་འགྱུར་མེད་བརྟན་པོར་བཅིང་༔ བྱམས་པའི་ཞགས་པ་མཆོག་ཏུ་མངའ་གསོལ་ལོ༔ གནོད་བྱེད་མུ་ལ་བསེ་རག་འགོང་པོའི་སྡེ༔ ཆགས་འཇུངས་ཀུན་ནས་མནར་བའི་འདུ་ཤེས་ཅན༔ སྟོབས་ནུས་དབང་བོ་ཡན་ལག་བཅས་པ་ཀུན༔ གྲུམ་ཆིངས་སྒྲོག་གི་མཆོག་ཏུ་མངའ་གསོལ་ལོ༔ བསོད་ནམས་ཚོགས་ཆེན་དག་པའི་འབྲས་བུ་ཡིས༔ ཕ་རོལ་སེར་སྣའི་ཉེས་དམིགས་སྟོང་རྒྱས་འདེབས༔ དབང་བཅུའི་མངོན་རྟགས་རྗེས་འཛིན་སྙན་པར་སྒྲོགས༔ རྒྱས་འདེབས་དྲིལ་བུའི་མཆོག་ཏུ་མངའ་གསོལ་ལོ༔ རྒྱུ་འབྲས་འཆོལ་བའི་མུན་པའི་རུམ་དུ་འཁྱམས༔ སྡུག་བསྔལ་ཚ་བས་བསིལ་བའི་སྐབས་མེད་ལ༔ ཡང་དག་ལམ་མཚོན་བདེ་བས་སིམ་པའི་སྐུ༔ གདུང་སེལ་ཟླ་བའི་དབང་པོར་མངའ་གསོལ་ལོ༔ འགྱུར་མེད་རྟགས་༼ རྟག་དཔྱད། ༽པ་ཐུགས་ཀྱི་ཡེ་ཤེས་དབྱིངས༔ བསམ་གྱིས་མི་ཁྱབ་ཕ་མཐའ་གཞལ་དུ་མིན༔ དཔེ་དོན་སྒོ་བསྟུན་ཆོས་འབྱུང་བདེ་ཆེན་གདལ༔ ཚད་མེད་ནམ་མཁའ་ཡངས་པར་མངའ་གསོལ་ལོ༔ གང་གསུང་གནས་སྐབས་མཐར་ཐུག་བདེན་པའི་འབྲས༔ ལམ་དང་ལམ་གྱི་རྟེན་དུ་དངོས་བརྒྱུད་འབྲེལ༔ དབུལ་སེལ་སྨོན་ལམ་ཤུགས་ཀྱི་བརྒྱན་པས་མཛེས༔ པདྨ་མ་ཆགས་མཆོག་ཏུ་མངའ་གསོལ་ལོ༔ ཡོན་ཏན་གཏིང་རྟོགས་མེད་པར་ཟབ་པའི་སྤྲིན༔ སྲིད་དང་འདས་པའི་རྡུལ་ཕྲན་བསྒྲང་དུ་མེད༔ དགོས་འདོད་བསམ་འཕེལ་གཏེར་ཆེན་གྱིས་གཏམས་པའི༔ རྒྱ་མཚོ་བཞི་བའི་མཆོག་ཏུ་མངའ་གསོལ་ལོ༔ ཕྲིན་ལས་ཀུན་ཏུ་རྟགས་ཐོགས་མི་མངའ་ཞིང་༔ རབ་འབྱམས་ངང་བྱུང་རྫོགས་པའི་ཆོ་འཕྲུལ་ལ༔ བར་ཆད་ཉེར་འཚེའི་མཚན་མས་མི་བརྫི་པའི༔ རྡོ་རྗེ་རིན་ཆེན་མཆོག་ཏུ་མངའ་གསོལ་ལོ༔ སྲིད་པ་འདི་ན་ཆེ་བཙན་དྲེགས་ལྡན་པ༔ བརྡོག་གོ་ཅོག་གི་གསེར་རིའི་ཕྲེང་བ་ལས༔ ཀུན་གྱི་གཙུག་ན་ལྷང་ངེར་གཅིག་དུ་སྤོ༔ རིན་ཆེན་ལྷུན་པོའི་མཆོག་ཏུ་མངའ་གསོལ་ལོ༔ སྒྲོན་མེའི་ཉི་ཚེ་ཟླ་བའི་ཆ་ཤས་ལྟར༔ སུས་ཀྱང་ཉེ་རིང་མུན་ལྟའི་མཐའ་དག་གདུང་༔ བསལ་བར་མི་སྤྱོད་ཁྱོད་གཅིག་ནུས་བྱིན་འབར༔ ཉིན་མོའི་མགོན་པོའི་བླ་མར་མངའ་གསོལ་ལོ༔ ཧཱུྃ༔ ཡང་ཅིག་ཁྱོད་ལ་སྔོན་རབས་མངའ་གསོལ་བས༔ རྣམ་པའི་རྒྱ་རྟགས་ད་དུང་མ་ཞིག་ཏུ༔ བདེ་གཤེགས་མངའ་གསོལ་ཆོས་འབྱུང་དབུ་རྒྱན་རྫོགས༔ རང་རིག་གསུང་གི་ཐུགས་མཆོག་ཆེན་པོ་མཚོན༔ དུས་གསུམ་བླ་མ་རྣམས་ཀྱི་མངའ་འབུལ་དུ༔ སྣ་ཚོགས་རྡོ་རྗེ་འབར་བའི་དབང་རྟགས་ཀྱིས༔ རིག་སྟོང་མི་འགྱུར་མེ་ལོང་ཡེ་ཤེས་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ རྒྱུད་སྡེ་བཞི་དྲུག་ཡི་དམ་མངའ་གསོལ་བས༔ སྲིད་ལ་མི་གནས་ཕུར་བ་ཆེ་མཆོག་འདུས༔ མཉམ་པ་ཉིད་ལ་ཆེ་བའི་ཡོན་ཏན་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ མ་རྒྱུད་མཁའ་འགྲོ་རྣམས་ཀྱིས་མངའ་འབུལ་བས༔ བརྟུལ་ཞུགས་རོལ་བའི་ཅང་དྲིལ་མཛེས་པར་སྤུད༔ སོར་རྟོགས་ཡེ་ཤེས་ཆགས་པ་མེད་པར་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ ཆོས་སྐྱོངས་བསྲུང་མ་རྣམས་ཀྱིས་མངའ་འབུལ་བས༔ སྒྲོལ་བའི་ཆས་རྒྱན་ཧོམ་དང་སྤེན་གྲིའི་བརྒྱན༔ བྱ་བ་གྲུབ་པའི་ཕྲིན་ལས་ཐོགས་མེད་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ དཀར་བོའི་ལྷ་རྣམས་ཀུན་ཀྱིས་མངའ་འབུལ་བས༔ པཉྩ་ལི་ཀའི་གཟན་ཁྲ་སྐུ་ལ་གསོལ༔ ཆོས་དབྱིངས་ཡེ་ཤེས་ལྷུན་གྲུབ་དོན་རྟགས་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ ནཱ་ག་ཀླུ་ཡི་ཚོགས་ཀྱིས་མངའ་འབུལ་བས༔ སྐུ་སྨད་ཐིང་ཤམ་སྔོན་པོའི་མཛེས་པར་དཀྲིས༔ འདའ་དཀའ་ཡེ་ཤེས་འགྱུར་མེད་དོན་དུ་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ དམར་བོ་བཙན་རྣམས་ཀུན་གྱིས་མངའ་འབུལ་དུ༔ ལེབ་རྒན་དར་གྱི་སྐུ་རགས་ལྷོད་པ་མེད༔ ཀློང་གྱུར་ཡེ་ཤེས་སྤྱི་ཆིངས་ཕྱག་རྒྱ་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ འཕན་པོ་གཉན་གྱི་སྡེ་དཔོན་མངའ་འབུལ་དུ༔ ཐུན་དུག་རྫས་ཀྱི་གཉན་རྭ་གཡས་སུ་བཅིང་༔ དབྱིངས་གྲོལ་ཡེ་ཤེས་ཆུད་མི་ཟ་བར་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ ཆེ་བཙུན་རྒྱལ་བོའི་ཚོགས་ཀྱིས་མངའ་འབུལ་དུ༔ འཁོར་དུ་དཔུང་ཚོགས་རུ་འདྲེན་ཤ་ར་ར༔ མཐའ་གྲོལ་ཡེ་ཤེས་བཟང་ངན་མཉམ་ཉིད་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ ལྕམ་མོ་སྨན་བཙུན་ཡོངས་ཀྱིས་མངའ་འབུལ་དུ༔ རིན་ཆེན་རྒྱན་གྱི་སིལ་མ་ཁྲོ་ལོ་ལོ༔ འདོད་ཡོན་རྒྱན་དུ་ཤར་བའི་དོན་དུ་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ དཔའ་བོ་རིག་འཛིན་རྣམས་ཀྱིས་མངའ་འབུལ་དུ༔ ལྕང་ལོ་རལ་བས་སྐུ་རྒྱབ་ཁེབ་པར་སྤུད༔ གདུལ་བྱ་རྗེས་སུ་འཛིན་པའི་དོན་དུ་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ རིན་ཆེན་རྣམ་པ་གསུམ་གྱིས་མངའ་འབུལ་དུ༔ ཆོས་གོས་རྣམ་གསུམ་ནང་གོས་ཚུལ་དུ་མནབ༔ འཁོར་བའི་སྐྱོན་གྱི་མ་གོས་དོན་དུ་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ གཡུང་དྲུང་བོན་པོ་ཡོངས་ཀྱིས་མངའ་འབུལ་དུ༔ བེར་དང་སག་ལྷྭམ་རྔམ་པའི་ཡོན་གྱི་བསྟབས༔ ངན་སྔགས་ཐོག་རྡུག་ནག་པོར་དོན་དུ་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ མུ་སྟེགས་ལོག་ལྟ་རིངས་བས་མངའ་འབུལ་དུ༔ ཐོད་འཕྲེང་ཚར་དུ་བརྒྱུས་པའི་རྒྱན་དུ་སྤེལ༔ འདིས་ཀྱང་དུག་གསུམ་སྒྲོལ་བའི་དོན་དུ་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ ནོར་ལྷ་ལྷ་ཆེན་ཀུན་གྱིས་མངའ་འབུལ་དུ༔ ཕྱག་གཡོན་ཟས་གཞོང་རིན་ཆེན་སྙིང་པོར་བཀྲམ༔ འདིས་ཀྱང་རང་བྱུང་ཡེ་ཤེས་དོན་དུ་མཚོན༔ བདག་ཀྱང་ཡོན་ཏན་ཤེས་པས་དབུ་འཕངས་བསྟོད༔ ཧཱུྃ༔ དགྲ་ཚིལ་དྲོན་མོར་བཞུས་པའི་སྣང་གསལ་འདི༔ སྤྱན་ལ་མངའ་འབུལ་སྒྲིབ་མེད་མངོན་ཤེས་སྩོལ༔ ཡེ་ཤེས་སྤྱན་དང་ལྡན་པར་མངའ་གསོལ་བས༔ ཉམ་ཉེས་གཡང་ལས་ཐུགས་རྗེའི་ལམ་སྟོན་ཅིག༔ གྲི་རྐང་ཕྲ་གསང་རྔམ་པའི་ཐོད་རྔའི་སྒྲ༔ སྙན་ལ་མངའ་འབུལ་ལྷ་ཡི་རྣ་བ་སྩོལ༔ མངོན་ཤེས་དྲུག་དང་ལྡན་པར་མངའ་གསོལ་བས༔ གྲགས་སྙན་ཐེག་ཆེན་སེང་གེའི་སྒྲ་སྒྲོགས་ཤིག༔ ཤ་ཚིལ་གསུར་དུད་འཁྲིགས་པའི་སྤོད་སྦྱར་གྱིས༔ ཤངས་ལ་མངའ་གསོལ་ཚུལ་ཁྲིམས་བསུངས་ཞིམ་སྩོལ༔ བསླབ་གསུམ་ཡོན་གྱི་འབྱུངས་གནས་མངའ་གསོལ་བས༔ འགལ་འཁྲུལ་ཉམས་ཆགས་བག་མེད་གཉིད་ལས་སློང་༔ ཉམས་དགྲ་ཞིང་བཅུའི་ཤ་སྣ་སྦྱར་བའི་ཟས༔ ལྗགས་ལ་མངའ་འབུལ་ཏིང་འཛིན་རོ་མཆོག་སྩོལ༔ འགོགས་ལམ་མཐར་ཐུག་མགོན་པོར་མངའ་གསོལ་བས༔ དྲེགས་པ་རང་བརྒྱུད་བརྙེས་བཙུགས་རྟོག་སྒྲིབ་སོལ༔ ཆེ་རྔམས་བསྒོ་བའི་གོས་གསུམ་ལ་སོགས་རེག༔ སྐུ་ལ་མངའ་འབུལ་རྡོ་རྗེའི་གོ་བཙན་སྩོལ༔ ཆོས་བདུན་ལྡན་པའི་ཁྲོ་བོར་མངའ་གསོལ་བས༔ སྲིད་གསུམ་མཐུ་རྡུགས་ཟིལ་གནོན་ཚར་ཕྱིན་ཅིག༔ ཧཱུྃ༔ ཕྱི་ལྟར་ཉེར་སྤྱོད་རྣམ་པ་བདུན་གྱིས་མཆོད༔ འཕགས་པའི་ནོར་བདུན་རྒྱན་གྱི་བརྒྱན་པར་བཀུར༔ རྒྱལ་སྲིད་ནོར་བུ་ཟུང་བདུན་ལྡན་པའི་མཆོད༔ བྱང་ཆུབ་ཡན་ལག་གྲུབ་པའི་ངོ་བོར་བཀུར༔ བཀྲ་ཤིས་རྫས་རྟགས་ཟུང་རྣམས་བརྒྱད་ཀྱི་མཆོད༔ འཕགས་ལམ་རྣམ་ཐར་དབང་འབྱོར་མཆོག་ཏུ་བཀུར༔ ཧཱུྃ༔ ནང་ལྟར་འདོད་ཡོན་རྣམ་པ་ལྔ་ཡི་མཆོད༔ སྐུ་ལྔ་ལྷུན་གྱི་གྲུབ་པོའི་མཆོག་ཏུ་བཀུར༔ དྲག་པོ་རྒྱན་གྱི་དབང་པོའི་མེ་ཏོག་མཆོད༔ གསུང་ལྔ་ལྷུན་གྱི་གྲུབ་པོའི་མཆོག་ཏུ་བཀུར༔ དུག་ལྔ་རང་གྲོལ་མཉམ་པ་ཉིད་ཀྱིས་མཆོད༔ ཐུགས་ལྔ་མ་བརྩལ་ལྷུན་རྫོགས་ཆེན་པོར་བཀུར༔ ཧཱུྃ༔ གསང་བ་བདུད་རྩི་སྨན་རཀ་གཏོར་མའི་ ༼ མས་དཔྱད། ༽མཆོད༔ སྐུ་གསུམ་ལྷུན་གྱི་གྲུབ་པོའི་མཆོག་ཏུ་བཀུར༔ ཡང་གསང་གཉིས་ཤོར་གཉིས་མཉམ་བདེ་སྒྲའི་གདེང་༔ དབྱིངས་ཡེ་ཟུང་འཇུག་བུམ་པའི་སྐུ་རུ་བཀུར༔ མཆོག་གསང་དགྲ་བགེགས་ཤ་ཁྲག་རུས་པས་མཆོད༔ དུག་གསུམ་དབྱིངས་སུ་སྒྲོལ་བའི་དཔའ་བོར་བཀུར༔ ཨོཾ༔ ལྷ་ཁྱོད་སྤྱི་བོའི་གཙུག་ཏུ་མི་བཀུར་དུ༔ མཆོག་དང་དཔལ་སྟེར་ཡོན་ཏན་སྩོལ་བའི་ཕྱིར༔ སྒྲིབ་པོའི་གདུང་ཤུགས་གསོལ་བ་མི་འདེབས་སུ༔ བསྐུལ་བའི་ཐུགས་རྗེ་ཉེ་བའི་རྐྱེན་སད་སླད༔ དབུ་འཕང་ཆོས་ཀྱི་དབྱིངས་སུ་མི་བསྟོད་དུ༔ མཉམ་ཉིད་དོན་ལས་ཞེན་གོལ་དཔྲལ་བའི་ཕྱིར༔ ཆོས་ཅན་སྨོན་པའི་སྐུ་རུ་མི་བསྟོད་དུ༔ ངེས་དངོས་ངེས་ཤེས་སྒྲོ་བསྐུར་མི་འཁྱམས་སླད༔ ཚུར་མཐོང་ཟོལ་ལ་བྱེ་བྲག་སྒེར་བསྟོད་དུ༔ ཕྲིན་ལས་ཁྱད་ཆོས་རིག་ཤིང་ནུས་འབྱིན་ཕྱིར༔ བཀུར་བསྟི་རིམ་གྲོར་བཅས་ཏེ་མངའ་གསོལ་དུ༔ ཚིག་གི་ཕ་མཐར་འཁྱམས་ལས་བཟུང་བས་ཕྱིར༔ རྟགས་ཀྱི་དོན་མཚོན་རྩལ་འདོན་མི་བྱེད་དུ༔ མུ་ཅོར་རྒྱན་གྱི་བཅིངས་ལས་སྤག་པའི་ངང་༔ མངའ་གསོལ་བྱས་སོ་དགྱེས་པའི་ཞལ་བཟང་སྟོན༔ མངའ་གསོལ་བགྱིས་སོ་འཛུམ་པའི་མདངས་ཀྱང་ཕྱུངས༔ མངའ་གསོལ་བྱས་སོ་གསུང་གིས་དབུགས་དབྱུང་ཕོབ༔ མངའ་གསོལ་བྱས་སོ་སྙིང་རྗེའི་ཐུགས་ཀྱི་དགོངས༔ མངའ་གསོལ་བྱས་སོ་ཕྲིན་ལས་རྣམ་བཞི་བསྒྲུབ༔ མངའ་གསོལ་བྱས་སོ་དབང་ཕྱུག་རྣམ་བརྒྱད་སྩོལ༔ མངའ་གསོལ་བྱས་སོ་གྲུབ་གཉིས་ཕུན་ཚོགས་མཛོད༔ མངའ་གསོལ་བྱས་སོ་མ་འགྱང་མ་གཡེལ་ཞིག༔ མངའ་གསོལ་བྱས་སོ་མ་འཁུ་མ་ཞུད་ཅིག༔ མངའ་གསོལ་བྱས་སོ་ལུས་དང་གྲིབ་བཞིན་འགྲོགས༔ སྔོན་ནས་ཐུགས་བསྐྱེད་ཡལ་གམ་བཙན་པ་དང་༔ བར་དུ་ཚུལ་བསྟན་བཀའ་དམ་བཙན་པ་དང་༔ ཐ་མ་བསྒྲུབ་པོའི་ཆད་ལ་བཙན་པ་ཡིས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ལྟར་གུས་གདུང་ཤུགས་བསྐྱེད་དེ༔ རྣམ་ཀུན་བསྟོད་པའི་སྐལ་བཟང་གིས༔ རང་འབྱམས་ལས་ཀུན་ཐོག་མེད་དུ༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་བྲལ༔ ས་མ་ཡཱ༔ ཚུལ་འདི་ག་གཱ་དཔའ་བོ་ཡིས། །བརྒྱུད་འཛིན་སྙིང་པོའི་བསྒྲུབ་བརྩོན་རྣམས། །ལོག་འཚོའི་འཇིགས་ལས་སྐྱོབས་བའི་ཕྱིར། །ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །


previousགནོད་སྦྱིན་ནོར་ལྷའི་རྒྱལ་པོ།next