Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།

1 occurrence of འཆར་སྐྱེམས་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཡུལ་སྐྱོངས་ཕོ་རོག་རྒྱལ་མོའི་གསོལ་མཆོད་ཕྲིན་བཅོལ་འཇིགས་པ་ཀུན་སྐྱོབས།
 
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousཡུལ་སྐྱོངས་ཕོ་རོག་རྒྱལ་མོའི་གསོལ་མཆོད་ཕྲིན་བཅོལ་འཇིགས་པ་ཀུན་སྐྱོབས།next

ཡུལ་སྐྱོངས་ཕོ་རོག་རྒྱལ་མོའི་གསོལ་མཆོད་ཕྲིན་བཅོལ་འཇིགས་པ་ཀུན་སྐྱོབས།

ཡུལ་སྐྱོངས་ཕོ་རོག་རྒྱལ་མོའི་གསོལ་མཆོད་ཕྲིན་བཅོལ་འཇིགས་པ་ཀུན་སྐྱོབས་ཞེས་བྱ་བ་བཞུགས་སོ༔

ཧཱུྃ༔ བདེ་ཆེན་ཀུན་ཏུ་བཟང་པོའི་མཁའ་ཀློང་དུ༔ དུས་གསུམ་རྒྱལ་བའི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ འདི་ལས་མ་གཏོགས་འཁོར་འདས་ཡོད་མིན་པས༔ ཡེ་གྲོལ་ཆོས་སྐུའི་མ་མོའི་དཀྱིལ་འཁོར་ལ༔ ཤིན་ཏུ་རྣམ་པར་དག་པའི་ཡུམ་ཆེན་ལྔ༔ འོད་གསལ་འབྱུང་ཆེན་གཟུགས་སྐུའི་གཞི་དང་རྒྱུར༔ མ་བཅོས་ངང་གིས་གནས་པ་དེ་ཁོ་ནས༔ ཤེས་རབ་རྟགས་ཀྱི་ཕྱག་རྒྱ་ཅིར་ཡང་འཆར༔ དེ་ཕྱིར་མྱ་ངན་འདས་པའི་ཆོས་སོ་ཅོག༔ མ་མོ་མཁའ་འགྲོ་དབྱིངས་ལས་རང་ཤར་ཤིང་༔ ཟག་མེད་བདེ་དཔལ་འབྱོར་བའི་ཡོན་ཏན་ཀུན༔ མ་མོ་མཁའ་འགྲོའི་མཚན་དཔེའི་ལང་ཚོ་ཙམ༔ དེ་ཉིད་མ་མཐོང་ཕྱི་སྣོད་འཇིག་རྟེན་ཀྱང་༔ དོན་ལ་མ་མོ་མཁའ་འགྲོའི་ངོ་བོ་ཉིད༔ འགྲོ་བའི་དོན་དུ་གངས་ཆེན་མཚོར་བཀོད་དེ༔ བརྟན་གཡོས་དྭངས་བཅུད་དཔལ་ཡོན་ཚད་མེད་བཀྲམ༔ མ་མོའི་དཀྱིལ་འཁོར་ཐུགས་རྗེའི་འདུལ་ཐབས་མཁས༔ དགེ་བར་སྤྱོད་པས་བཀྲ་ཤིས་བདེ་སྐྱིད་བྱེད༔ དྭངས་སྤྲོ་འདྲེན་པས་འགྲོ་བློ་ཆོས་ལ་བསྒྱུར༔ དེ་ཡང་སྲིད་པ་མ་མོའི་ཕྲིན་ལས་ལ༔ ནག་པོར་སྤྱོད་པས་ནད་མུག་མཚོན་འཁྲུགས་སློང་༔ འཁོར་བའི་ཆོས་ལ་ངེས་འབྱུང་སྐྱོ་ཤེས་བསྐྱེད༔ ཐར་པ་དམ་པའི་བདེ་ལ་གཞོལ་བར་བསྐུར༔ དེ་སླད་སྲིད་པའི་བདེ་སྡུག་མ་མོས་བྱེད༔ སྲིད་དང་ཞི་བའི་རྣམ་རོལ་ཚད་མེད་པས༔ སྲིད་པ་མ་མོའི་དཀྱིལ་འཁོར་བསམ་མི་ཁྱབ༔ ཐམས་ཅད་དབྱིངས་གཅིག་རང་བཞིན་དབྱེར་མེད་དེ༔ རེ་ཞིག་ཕྱོགས་འདིར་ཕོ་རོག་རྒྱལ་མོ་བཙུན༔ ཞི་རྒྱས་དབང་དྲག་ཆ་ལུགས་སྣ་ཚོགས་ཀྱིས༔ རབ་འབྱམས་ཕྲིན་ལས་སེམས་ཅན་དོན་ཕྱིར་མཛད༔ དེ་ཕྱིར་མཆོད་བསྟོད་ཐུགས་གནད་ནས་བསྐུལ༔ མ་གཡེལ་མ་འགྱང་སྙིང་རྗེའི་བདག་ཉིད་ཆེ༔ ཁྱེད་ལ་བདག་གིས་ཕྲིན་ལས་གསོལ་བ་ནི༔ སངས་རྒྱས་བསྟན་སྲུང་བསྟན་འཛིན་དབུ་འཕང་བསྟོད༔ དགོན་གནས་གཙུག་ལག་ཆོས་འཁོར་སྤེལ་ཞིང་སྐྱོངས༔ ཆོས་སྐྱོངས་རྒྱལ་ཁབ་བདེ་སྐྱིད་དར་རྒྱས་མཛོད༔ འབྱུང་འཁྲུགས་སྤྱི་དང་དལ་ཡམས་གཉན་རིམས་ནད༔ གངས་ཞོད་དབྱར་དགུན་གོ་ལྡོག་ལོ་ཕྱུགས་ཉེས༔ མུ་གེ་འཁྲུགས་རྩོད་དུས་ཀྱི་རྒུད་པ་ཀུན༔ ཁྱེད་ཀྱི་མཐུ་ཡིས་བཟློག་བསྒྱུར་ལྷག་མེད་མཛོད༔ ཁྱད་པར་མ་ཉེས་རང་གར་འདུག་པ་ལ༔ བཙན་བཙུག་གླེང་འགེལ་ཐོབ་དང་སྟོབས་ཀྱིས་ལེན༔ དགྲ་ཇག་ཆོམ་རྐུན་ངན་སེམས་གནོད་གདུག་མཁན༔ མཐའ་ཡི་དམག་སྣ་འདྲེན་སོགས་དབང་པོ་བསྣུབས༔ ཁྱེད་ནི་མྱུར་མགྱོགས་དྲག་རྩལ་མཆོག་ལྡན་ཅིང་༔ དམ་ཚིག་ཐུགས་དམ་གཉན་པོའི་བདག་ཉིད་པས༔ སྔོན་དུས་པདྨའི་སྤྱན་སྔར་ཀླ་ཀློའི་ཚོགས༔ རྒྱུ་བར་མི་སྟེར་ཡལ་གམ་བླང་མིན་ནམ༔ དེ་ཕྱིར་ཀོ་ལོང་བཙན་པའི་འབྲས་བུ་ལ༔ ཕྱི་རོལ་མུ་སྟེགས་རྒྱུ་བའི་ལམ་སྲང་ཆོད༔ ཕུང་དགུའི་འདུག་སྦྱོར་གཡོམ་པའི་འདྲེ་དང་བདུད༔ ནག་པོའི་རྩ་ལག་ཡོངས་ཀྱི་གཉའ་ནོན་མཛོད༔ རི་སུལ་རྣལ་འབྱོར་རྐྱེན་སོལ་འཚོ་བ་སྦྱོར༔ སྔགས་འཆང་དགའ་བཞི་སྤོར་པའི་གཟུང་གྲོགས་བཅོལ༔ སྐྱེ་དགུའི་གདུང་བ་མཐའ་དག་ཞི་བ་དང་༔ ལྷ་ཡུལ་ལྷ་ལ་འགྲན་པའི་བདེ་སྐྱིད་སྤེལ༔ མདོར་ན་རྣལ་འབྱོར་བསམ་དོན་རེ་སྨོན་ཀུན༔ མ་ལུས་ལུས་པ་མེད་པར་ཁྱེད་ཀྱིས་བསྒྲུབ༔ ཕྱོགས་ལས་རྣམ་རྒྱལ་སྙན་པས་མཁའ་ཁྱོན་འཁོར༔ ཚེ་བསོད་དཔལ་འབྱོར་ཡར་ངོས་ཟླ་བཞིན་བསྐྱེད༔ ལས་དབང་རླུང་རྟ་གཟི་བརྗིད་སྟོབས་ཡོན་ཏན༔ ཆོས་སྲིད་ཟུང་འབྲེལ་བསྟན་པ་དར་ཞིང་རྒྱས༔ ཁམས་གསུམ་སྲིད་གསུམ་ཟས་ནོར་བློ་ཡིད་སེམས༔ བདག་སྣང་དབང་བསྡུད་གཞན་སྣང་ཟིལ་གྱིས་གནོན༔ སྔོན་དུས་ཐུགས་བསྐྱེད་གཡར་དམ་བཙན་པོའི་རྒྱ༔ བར་དུ་ཨོ་རྒྱན་དབང་བསྐུར་བཀའ་ཡི་རྒྱ༔ ཐ་མ་རིག་འཛིན་བརྒྱུད་བཅས་ཐ་ཚིག་རྒྱ༔ མ་འདའ་དངོས་ངན་བདག་གི་སྡོང་གྲོགས་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་དོན་དུ་འདི་གསུངས་ཏེ༔ རྨི་ལམ་ངོགས་སུ་འཕྲུལ་གྱི་བརྡའ༔ མཁའ་འགྲོའི་དངོས་སུ་བསྟན་ལས་བསྡུས༔ དགེའོ། །༈ཧཱུྃ་བྷྱོ༔ ཀུན་བཟང་གནམ་ཞལ་སྣ་ཚོགས་ཡུམ་ཆེན་མོ༔ རྡོ་རྗེ་ཕག་མོ་ཁྲོས་ནག་ཨེ་ཀ་ཛ༔ འདོད་ཁམས་དབང་མོ་ཕོ་རོག་རྒྱལ་མོ་བཙུན༔ ཅིར་ཡང་བསྒྱུར་མཛད་ཁྱེད་ལ་མཆོད་གསོལ་བསྟོད༔ ཕྱོགས་འདིར་ནད་མུག་མཚོན་འཁྲུགས་གངས་ཞོད་སོགས༔ འཇིགས་དང་སྡུག་བསྔལ་མི་འདོད་ཀུན་ཞི་ནས༔ མཐུན་རྐྱེན་ལེགས་ཚོགས་སྨོན་དགུ་ཡོངས་འགྲུབ་ཀྱི༔ ཕྲིན་ལས་རབ་འབྱམས་བསྒྲུབ་མཛོད་ས་མ་ཡཱ༔ ཨོཾ་སརྦ་པཉྩ་བྷ་ལིངྟ་ཁཱ་ཧི༔ ཅེས་པ་འདི་ནི་ཀུན་བཙན་སྐྱེ་འགྲོ་ལ་འཚེ་བའི་གངས་ཞོད་དུས་ཚིགས་ངན་པས་སྐྲག་ཟིང་གི་ངང་ནས་ག་གཱ་ཨ་བྷྱེས་གསོལ་བ་བཏབས་པའོ། །སརྦ་མངྒ་ལཾ། །


previousཡུལ་སྐྱོངས་ཕོ་རོག་རྒྱལ་མོའི་གསོལ་མཆོད་ཕྲིན་བཅོལ་འཇིགས་པ་ཀུན་སྐྱོབས།next