Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།

1 occurrence of འཆར་སྐྱེམས་
[Clear Hits]


  
གནོད་སྦྱིན་དཀོར་གྱི་བདག་པོའི་རྩ་སྒྲུབ་བསྡུས་པ་དཔག་བསམ་ལྷུན་གྲུབ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
no previousགནོད་སྦྱིན་དཀོར་གྱི་བདག་པོའི་རྩ་སྒྲུབ་བསྡུས་པ་དཔག་བསམ་ལྷུན་གྲུབ།next

གནོད་སྦྱིན་དཀོར་གྱི་བདག་པོའི་རྩ་སྒྲུབ་བསྡུས་པ་དཔག་བསམ་ལྷུན་གྲུབ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ གནོད་སྦྱིན་དཀོར་གྱི་བདག་པོའི་རྩ་སྒྲུབ་བསྡུས་པ་དཔག་བསམ་ལྷུན་གྲུབ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ཕྲིན་ལས་གང་འདུལ་སྐུར་བསྟན་བ༔ དཀོར་བསྲུང་ཆེན་པོ་ཟླ་བའི་དབང་༔ བསྒྲུབ་པར་འདོད་པའི་སྐལ་བཟང་གིས༔ གཏོར་མ་དཀྱིལ་འཁོར་སྤྱི་དང་བསྟུན༔ དེ་ནས་ཡི་དམ་ང་རྒྱལ་གྱིས༔ དྲེགས་པ་རང་སེམས་ཉིད་ཤེས་པས༔ གྱེར་བསྒོམ་ལྷན་ཅིག་འདི་སྐད་དོ༔ ༼ ཨོཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་༴ སོགས་བརྒྱ་རྩ་བཟླས་ལ༔ ༽ཧཱུྃ༔ མདུན་དུ་དུར་ཁྲོད་རབ་བརྗིད་དབུས༔ པདྨ་ཉི་མ་བམ་ཆེན་སྟེང་༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་ནི༔ དབུས་སུ་ཀུན་གྱི་ཁྱབ་བདག་མཆོག༔ རྣལ་འབྱོར་ཆས་ཅན་གཡས་པ་ན༔ མི་མགོའི་ཅང་ཏེའུ་པདྨས་གཡོག༔ ལིངྐ་འབར་བའི་ཏོག་གིས་བརྡུང་༔ གཡོན་པས་དངུལ་དཀར་དྲིལ་བུ་བསྣམས༔ གྲི་རྐང་རིན་ཆེན་ཕྲ་སྤྲས་པ༔ རྐེད་ལ་འཆིང་ཞིང་ཕུར་བུ་དང་༔ ཧོམ་ཁུང་སྣ་ཚོགས་རྒྱན་གྱིས་སྤུད༔ དབུ་ལ་པདྨོའི་མཉེན་ཞུ་ཅན༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་རོལ༔ ཤར་དུ་རྒྱལ་པོ་ཆེན་པོ་ནི༔ སྐུ་མདོག་དཀར་དམར་བཀྲག་མདངས་རྒྱས༔ ཞི་མ་ཁྲོ་འཛུམ་གཟི་བརྗིད་ལྡན༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ འདོད་འཇོའི་དཔལ་སྟེར་མ་ཎི་ཀ༔ གཡོན་པས་ནོར་གྱི་གཞོང་པ་འཛིན༔ ཟ་འོག་སྔོ་ཁྲའི་བེར་ཆེན་གསོལ༔ ལྷོ་རུ་སུ་ཝརྞ་ཡི་མདོག༔ གཡས་པས་བུམ་བཟང་གཡོན་པ་ཡིས༔ གསེར་གཞོང་རཏྣའི་སྤྲས་པ་བསྣམས༔ ཟ་འོག་སེར་ཁྲའི་བེར་ཆེན་གསོལ༔ རེ་འགའ་སྐུ་མདོག་དམར་པོ་ལ༔ ཕྱག་གཡས་འགུགས་པའི་ལྕགས་ཀྱུ་དང་༔ གཡོན་པས་ཟས་གཞོང་ལོ་ཐོག་སྤྲས༔ ཟབ་བེར་དམར་པོ་སྐུ་ལ་གསོལ༔ རེས་འགའ་སྐུ་མདོག་ཆར་སྤྲིན་མདོག༔ ཕྱག་གཡས་སྤེན་གྲི་ཡུ་བ་གཉིས༔ རྭ་གདེང་གྱིས་མཚན་གཡོན་ཕུར་བ༔ བེར་ནག་གསོལ་ཞིང་ཁྲོ་ཉམས་ཅན༔ ཀུན་ཀྱང་རཏྣ་མི་མགོའི་ཕྲེང་༔ ཞབས་གཉིས་བཞེངས་སྟབས་ཀྱིས་རོལ་ཞིང་༔ འཁོར་དུ་ཞི་རྒྱས་དབང་དྲག་གི༔ ཆ་ལུགས་འཆང་བ་མངོན་སུམ་བཞིན༔ མདུན་དུ་དམག་ཆས་སྤྲས་པ་འབུམ༔ གཡས་སུ་ཉན་ཐོས་ཚུལ་འཛིན་དང་༔ རྒྱབ་ཏུ་རྣལ་འབྱོར་སྔགས་ནག་འབུམ༔ གཡོན་དུ་བུད་མེད་ནག་མོ་འབུམ༔ དགྱེས་བསྐྱེད་གཟུངས་ཀྱི་ལྷ་མོའི་ཚུལ༔ སྟོང་ཕྲག་དག་གིས་འདུད་པའི་ཚུལ༔ སྤྲུལ་པ་ཡང་སྤྲུལ་བྱེ་བར་བཅས༔ མ་འདྲེས་ཡོངས་སུ་རྫོགས་པར་གསལ༔ སྤྱི་བོར་བཀའ་རྟགས་རྡོ་རྗེ་འབར༔ དེ་ཡི་སྦུབས་སུ་རྡོ་རྗེ་གསུམ༔ སྙིང་པོའི་ཡི་གེའི་འཕྲོ་འདུ་ལས༔ ས་དཀར་གནས་དང་བྷཾ་ག་བྱང་༔ ཤམ་བྷ་ལ་དང་གངས་རིའི་ཕྲེང་༔ ཁྱད་པར་མཆོད་རྟེན་དཀར་པོ་ནས༔ དམ་ཚིག་དབང་གིས་ས་མ་ཛ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་མཚན་མ་ཚིག་བྲལ་ལས༔ མི་བསྲུན་འདུལ་ཕྱིར་མི་བསྲུན་གཟུགས༔ ཞི་བརྗིད་སྒེགས་པ་ཐུགས་གསུང་སྐུའི༔ རང་མདངས་གར་གྱིས་རྣམ་རོལ་བ༔ ལན་མང་ཕན་བདེའི་གཞིར་གྱུར་བ༔ སྤེལ་དང་མི་ནུབ་འགོང་བྱེར་སླར༔ ཡིད་བཞིན་ནོར་བུ་དོན་གྲུབ་དཔལ༔ སྒྱུ་འཕྲུལ་རང་ལས་མི་གཞན་པའི༔ གར་མཛད་རུ་འདྲེན་ཆེན་པོར་བཅས༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ སྔགས་འཆང་བུ་བཞིན་སྐྱོང་བ་དང་༔ ཁམས་གསུམ་དབང་དུ་བསྡུད་པ་དང་༔ སྐྱེ་འགྲོའི་ཕན་བདེ་སྤེལ་བ་དང་༔ སྲིད་གསུམ་ཟིལ་གྱིས་གནོན་པ་དང་༔ མོས་བཞིའི་མངའ་ཐང་བསྐྱེད་པ་དང་༔ སྲིད་ལ་ཆོས་བརྟེན་སྲིད་དཔལ་གྱིས༔ ཆོས་ལ་སྲིད་བརྒྱུད་སྤེལ་བའི་ཕྱིར༔ སྦྱིན་པའི་རྒྱགས་ཕྱེའི་གཞིར་གྱུར་བའི༔ ཕྱིན་དྲུག་ལང་ཚོ་བསྐྱེད་པའི་ཕྱིར༔ ཉམས་པ་རྡུལ་དུ་བརླག་པའི་ཕྱིར༔ སྐུ་ཡི་གནོད་སྦྱིན་དཀར་པོ་དང་༔ གསུང་གི་པདྨ་རཱ་ག་དང་༔ ཐུགས་ཀྱི་ག་བུར་དབང་པོ་དང་༔ ཡོན་ཏན་མཐར་ཕྱིན་སུ་ཝརྞ༔ ཕྲིན་ལས་རང་བཞིན་དབང་སྔོན་དང་༔ དཔུང་བཞིའི་འདེགས་པའི་རུ་འདྲེན་བཅས༔ སྟོང་ཆེན་སྙེམས་མ་ལ་རྒྱས་འདེབས༔ འཁོར་དང་བཅས་པ་ཐམས་ཅད་ཀུན༔ རང་བཞིན་ཆོས་དབྱིངས་མཉམ་པ་ལས༔ ཐུགས་རྗེ་སྣ་ཚོགས་གང་འདུལ་བ༔ གསལ་བརྟན་དམ་ཚིག་དཀྱིལ་འཁོར་དུ༔ བསྒྲུབ་པོའི་གདུང་ཤུགས་མི་བསྙེལ་ཕྱིར༔ གར་བསྒྱུར་མཚོ་ལ་ཁ་ཆར་བཞིན༔ དམ་ཚིག་གནས་ནས་གཤེགས་སུ་གསོལ༔ རཱ་ཛ་ཙནྡྲ་སརྦ་ས་པཱ་རི་ཝ་ར་བཛྲ་ས་མ་ཡ་ཛཿཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ བསྐྱེད་པ་མོས་བསྒོམ་དཀྱིལ་འཁོར་དུ༔ ངེས་རྫོགས་དམ་ཡེ་དབྱིངས་ཀྱི་ལྷ༔ དུ་མ་རོ་གཅིག་མཉམ་པའི་ངང་༔ དབྱེར་མེད་ཆེན་པོར་བརྟན་པར་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ དོན་ལ་དྲེགས་པ་རང་རྒྱུད་མེད༔ མཉམ་ཉིད་ལྷ་ལ་ཕྱག་འཚལ་ལོ༔ རྟགས་ལ་རྣམ་འགྱུར་འགགས་པ་མེད༔ བསྟན་པ་བསྲུང་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་མི་མཐུན་བསལ་བ་དང་༔ ཉམས་རྟོགས་སྤེལ་བའི་འཚོ་ཆས་ཀྱིས༔ ཕོངས་ཤིང་དབུལ་བ་སེལ་བའི་སླད༔ རྒྱལ་བའི་ཕྲིན་ལས་ཡིན་ཤེས་པའི༔ དམ་ཚིག་དབང་གིས་གུས་པས་འདུད༔ ན་མོ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ དངོས་དང་ཏིང་འཛིན་སྒྱུ་མ་རུ༔ སྒྱུ་མ་ལྟ་བུའི་མཆོད་པའི་སྤྲིན༔ ཕྱི་ནང་གསང་དང་ཏན་གན་པ༔ ཁྱད་པར་ཐོད་པའི་ཅང་ཏེའུ༔ ཕྲ་གསང་སྒྲ་མའི་ཡོན་ཏན་ཅན༔ བམ་དང་གྲི་ཡི་གླིང་བུ་དང་༔ ཕྲན་དང་མཆོག་གི་ཤ་བཅུད་འཛིན༔ དཀྱིལ་འཁོར་ཡོངས་རྫོགས་དྲིལ་བའི་མཚན༔ རིགས་བཞིའི་རཏྣ་སྤུངས་པ་དང་༔ ལྷ་མོ་ཡིད་འོང་ཉེ་རེག་བདེ༔ ཕུབ་དང་ཁྲབ་བེམ་བཙན་པའི་གོ༔ རལ་གྲི་དགྲ་སྟྭ་རྡོ་རྗེ་ཕུར༔ ཐུན་རྫས་སྣ་ཚོགས་བསྒྲལ་བའི་ཆས༔ གཡུ་དམར་ལ་སོགས་སྣ་བདུན་དང་༔ ཀླུ་དབང་གཙུག་གི་གདེངས་ཀ་འབར༔ ཁྱད་པར་དབང་པོའི་ཡོན་ཏན་གྱི༔ བརྒྱ་ཕྲག་བཅུ་གཉིས་འཆར་བ་ཡི༔ མདངས་ཀྱི་རང་བཞིན་བསྐངས་བའི་རྫས༔ སྲིད་ཞིའི་དཔལ་ཡོན་གཅིག་བསྡུས་པ༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་ཆེ༔ ཉེ་དང་བཅས་པའི་འཁོར་ལོ་སོགས༔ དཔུང་བཞིའི་རང་བཞིན་ཕུན་ཚོགས་འབུམ༔ ཆོས་སྐྱོང་ཆེན་པོ་ཁྱོད་ལ་འབུལ༔ ཐུགས་དམ་དགྱེས་པ་བསྐང་གྱུར་ཅིག༔ དཀར་དམར་ཕྲུམ་དང་བྷ་ལིངྟ༔ ཤ་ལྔ་བདུད་རྩི་གཟུགས་འགྲོས་དཀོར༔ སྤྱན་གཟིགས་ལ་སོགས་མཆོད་པ་ཡིས༔ ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐངས༔ དགྲ་ཤ་ཁྲག་གི་རྒྱ་མཚོ་དང་༔ དབང་ལྔའི་མེ་ཏོག་ཆུ་སེར་བསིལ༔ ལ་སོགས་དྲག་པོའི་མཆོད་པ་ཡིས༔ ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐངས༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐངས༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐངས༔ དགྱེས་སྡེ་ཡུམ་གྱི་ཐུགས་དང་བསྐངས༔ སྤྲུལ་དང་ཡང་སྤྲུལ་ཐུགས་དམ་བསྐངས༔ མཆོད་པའི་བྱེ་བྲག་དམ་པ་ཡིས༔ སྤྱན་སོགས་ཡུལ་ལ་དགྱེས་པ་བསྐྱེད༔ རཱ་ཛ་ཙནྡྲ་ས་པ་རི་ཝཱ་ར་སརྦ་ཨརྒྷཾ་སོགས། ཤ་བྟ་རུ་པ་སོགས་མ་ཧཱ་སརྦ་པཉྩ་རཀྟ་བྷ་ལིངྟ་ཏ་ན་ག་ན་ཀྲོ་དྷ་པཱུ་ཛ་སརྦ་པཱུ་ཙ་ཁཱ་ཧི༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ བཻཿཙཿན་མོ་སྟྭ་དྲ༔ ཆོས་དབྱིངས་འགགས་མེད་རང་མདངས་ལས༔ རྩལ་སྣང་ཐབས་ཀྱིས་གདུལ་ཐབས་སུ༔ རོལ་བའི་གར་སྒྱུར་སྣ་ཚོགས་སྟོན༔ དཀོར་སྲུང་ཆེན་པོ་ཁྱོད་ལ་བསྟོད༔ དཀར་པོ་བྷཾ་ག་བྱང་ནས་རོལ༔ ཐལ་སྐྱོང་ཞི་བའི་སྐུ་ལ་བསྟོད༔ དམར་པོ་ཤམ་བྷ་ལ་ནས་རྒྱུ༔ ཝ་ཀི་པ་ལས་གསུང་ལ་བསྟོད༔ ནག་པོ་སྡེ་བཞིའི་གྲུ་ལ་གནས༔ སྟག་མདའི་གདོང་བའི་ཕྲིན་ལས་བསྟོད༔ སེར་པོ་དཔལ་སྤུང་དཀོར་ལ་བསྲུང་༔ དོན་གྲུབ་རྒྱལ་པོའི་ཡོན་ཏན་བསྟོད༔ སྣ་ཚོགས་མ་ངེས་ལྷུན་གྱིས་གྲུབ༔ རབ་འབྱམས་ཕྲིན་ལས་ཀུན་ལ་དབང་༔ ག་བུར་དབང་པོའི་མཚན་དཔེ་བཀོད༔ ཡིད་བཞིན་དབང་གི་རྒྱལ་པོར་བསྟོད༔ ཅེས་སོ༔ དེ་ནས་བསྙེན་པ་བཟླ་བ་ནི༔ བདག་ཉིད་དྲག་པོའི་ཐུགས་ཀ་ནས༔ འོད་ཟེར་ཁ་དོག་སྣ་ལྔ་འཕྲོས༔ དྲེགས་པའི་སྲོག་ཏུ་རཿཡིག་གནས༔ ཐ་མར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་དེས་སྲོག་ལ་རྒྱས་གདབས་པས༔ ཁོ་ཡི་སྲོག་སྙིང་བདག་ལ་ཐོབ༔ ཐུགས་སྲོག་གདན་ལ་བཀོད་པ་དང་༔ རང་རང་ཁས་བླངས་མནའ་བོར་དེ༔ རབ་འབྱམས་ཕྲིན་ལས་བསྒྲུབ་བསམ་ཞིང་༔ སླར་ཡང་འོད་ཀྱི་རྡོ་རྗེ་འབར༔ སྤྱི་བོར་དབང་གི་བཀའ་རྟགས་བཀོད༔ བཀའ་དང་དམ་ལས་འདས་གྱུར་ན༔ སྙིང་ཁྲག་ཞོ་ལྟར་དཀྲུགས་བསམ་ཞིང་༔ ཨ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ ༴ སོགས། རཱ་ཛ་ཙནྡྲ་སརྦ་ས་མ་ཡ་ཛཿཛ༔ དེ་ནི་ཨར་ལ་གཏད་པའོ༔ ཡང་གཅིག་རྦད་སྔགས་ནི༔ རཱ་ཛ༴ སོགས། ཨ་ནྲི་ནཱ་ག་ཏྲི་བིགྣཾ་སརྦ་དུ་ཁ་མ་ར་ཡ་རྦད་རྦད༔ ཡང་གཅིག་བསད་སྔགས་ནི༔ རྩ་སྔགས་གཤམ་དུ༔ བིགྣཾ་མ་ར་ཡ་སོད་སོད༔ སརྦ་དུརྨིག་མ་ར་ཡ་སོད༔ སརྦ་པྲེ་ཏ་ཀ་མ་ར་ཡ་སོད༔ སརྦ་མ་མུ་ཀུ་ཁཱ་ཧི༔ ཅེས་བརྗོད་དོ༔ གོང་གནོན་དམིགས་པ་མ་ལྷོད་ན༔ ཆོས་དེ་ཟླ་གཅིག་བསྒྲུབ་པས་འགྲུབ༔ གྲུབ་པའི་རྟགས་མཚན་སྔར་བཞིན་ནོ༔ ཞག་བདུན་གྱིས་ནི་སྤྱི་མོས་འགྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཐུགས་གསུང་སྐུའི་རྒྱ༔ ཅེས་པ་འདི་ཡང་པདྨ་ཆོས་དཔལ་གྱི་བཞེད་སྐོང་དུ༔ པདྨ་མཁའ་ཀློང་ཡངས་བས་སོ། །དགེའོ། །དགེའོ། །དགེའོ། །ཚེ་གཡང་ཁ་སྤྲོད་ལ༔ ལས་བྱང་ལས༔ རྡོ་རྗེ་འབར༔ དེ་ཡི་སྦུབས་སུ་རིགས་ཀྱི་བདག༔ ཚེ་དཔག་མེད་མགོན་སྤྱན་རས་གཟིགས༔ དབང་ཆེན་རྟ་མགྲིན་དམར་པོ་ཡི༔ ཐུགས་ཀར་སྙིང་པོའི་ཡི་གེ་ནི༔ ཨོཾ་དཀར་ཨཱཿ དམར་ཧཱུྃ་མཐིང་ལས༔ འོད་ཟེར་ཆེན་པོའི་འཕྲོ་འདུ་ལས༔ ས་དཀར་གནས༴ སོགས་གཞུང་ལ་འཇུག་གོ །


no previousགནོད་སྦྱིན་དཀོར་གྱི་བདག་པོའི་རྩ་སྒྲུབ་བསྡུས་པ་དཔག་བསམ་ལྷུན་གྲུབ།next