Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
དཀོར་བསྲུང་དབང་གི་རྒྱལ་པོའི་གསོལ་མཆོད་ཁམས་གསུམ་འགུགས་པའི་ལྕགས་ཀྱུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཀོར་བསྲུང་དབང་གི་རྒྱལ་པོའི་གསོལ་མཆོད་ཁམས་གསུམ་འགུགས་པའི་ལྕགས་ཀྱུ།next

དཀོར་བསྲུང་དབང་གི་རྒྱལ་པོའི་གསོལ་མཆོད་ཁམས་གསུམ་འགུགས་པའི་ལྕགས་ཀྱུ།

དཀོར་བསྲུང་དབང་གི་རྒྱལ་པོའི་གསོལ་མཆོད་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ རིན་ཆེན་སྣོད་གཙང་ཡངས་བ་རུ༔ གཏོར་མ་བརྗིད་མཛེས་ཟླ་གམ་ལ༔ ལྟེ་བར་པདྨའི་ཕྲ་ཚོམ་བཀོད༔ དེ་ཡི་ཤར་དུ་རིན་ཆེན་གྲལ༔ ལྷོ་ཕྱོགས་ཐམས་ཅད་ཟས་སྣས་བརྡལ༔ ཀླུ་ཡི་ཕྱོགས་སུ་གོས་དར་ཟབ༔ གནོད་སྦྱིན་གོ་སར་མཚོན་ཆ་གཟེངས༔ མེ་ལ་དེ་ནི་སྨན་སྣའི་རིགས༔ སྲིན་པོར་གཡུ་བྱུར་སྣ་ཚོགས་དང་༔ རླུང་དུ་ཁྱད་འཕགས་རྐང་འགྲོའི་གཟུགས༔ དབང་ལྡན་ཀ་ཆ་དཀོར་ཆ་དང་༔ དེ་ཕྱིར་ཕྲེང་བ་ཉིད་ལ་ནི༔ མེ་ཏོག་དང་ནི་ནོར་བུའི་འཁོར༔ ཤར་འདབས་ཐམས་ཅད་སྒྲོན་གསུམ་གཟུགས༔ ལྷོ་འདབས་ཆུ་མཚོ་ལྡིང་ཀ་འཁྱིལ༔ ནུབ་འཁོར་ཐམས་ཅད་སྡེར་ཆགས་སོགས༔ སྤྱན་གཟིགས་མདངས་ལ་བར་མཚམས་མེད༔ བྱང་ཞོལ་ཀུན་ནས་བསུང་ཞིམ་དྲི༔ དེ་ཡི་མུ་མཐའ་ཀུན་ནའང་༔ གཟུགས་མཛེས་ཤར་དང་སྒྲ་སྙན་ལྷོ༔ དྲི་ཞིམ་ནུབ་དང་རོ་མངར་བྱང་༔ རིན་ཆེན་རི་དང་དཔག་བསམ་ཤིང་༔ འདོད་འཇོའི་བ་མོ་མ་རྨོས་པའི༔ ལོ་ཏོག་རྒྱལ་སྲིད་ཆེན་པོ་བདུན༔ ཉེ་བའི་རིན་ཆེན་ནོར་ཆ་བདུན༔ ཁྱད་པར་མཆོད་པའི་ཡོ་བྱད་མཆོག༔ ཕྱི་ནང་གསང་བའི་མཆོད་པ་དང་༔ དཔུང་བཞི་ལ་སོགས་ཚུལ་དུ་བཀོད༔ ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟར་གཏིབས༔ རང་ཉིད་རྩ་གསུམ་ང་རྒྱལ་གྱིས༔ གནས་ཤིང་དངོས་འབྱོར་མཆོད་པ་ལ༔ ཡིད་དང་ཏིང་འཛིན་སྤྲུལ་བསྒྱུར་གྱིས༔ འཛད་མེད་གནམ་ས་གང་བར་དམིགས༔ ཆོས་སྐྱོང་གཞུང་བསྲང་གསལ་བརྟན་ལ༔ ༼ ཆོས་སྐྱོང་གཞུང་བཞིན་གསལ་བཏབས་ལ༔ ཞེས་དཔེ་གཅིག་ན་སྣང་། ༽བསོད་ནམས་མཆོད་པ་འདི་ལྟ་སྟེ༔ སྭ་བྷ་ཝ་ཡིས་སྟོང་བར་སྦྱངས༔ ཨ་ཨཱཿཧཱུྃ༔ གིས་མཆོད་པའི་སྤྲིན༔ ཧ་ཧོ་ཧྲཱི༔ ཡིས་མང་དུ་སྤེལ༔ ཧཱུྃ༔ རང་ཉིད་ལྷ་ཡི་མདུན་ངོས་སུ༔ དངོས་སུ་འབྱོར་བའི་མཆོད་པའི་རྫས༔ སྐད་ཅིག་ཉིད་ལ་གཟུངས་སྨོན་གྱིས༔ ཡོངས་རྒྱས་དམིགས་བསམ་མཐའི་རྒལ་བའི༔ འཇིག་རྟེན་ལས་འདས་སྲིད་པ་ཡི༔ དཔལ་དང་འབྱོར་བ་ཕུན་སུམ་ཚོགས༔ མ་ལུས་ལུས་པ་མེད་པར་གསལ༔ མཱཾ༔ སྣ་ཚོགས་ལྷ་དང་མི་ཡི་ཡུལ༔ ཀུན་ན་དྭངས་བསིལ་འཇམ་ཡངས་ཀྱི༔ ཡོན་ཏན་ཕུན་ཚོགས་མཆོད་ཡོན་དང་༔ འོ་མ་ཞོ་ཡི་རྒྱ་མཚོ་དང་༔ སྦྲང་རྩི་འཁྱིལ་དང་ཛ་གད་ཆང་༔ ཇ་དང་ལི་ཁར་ཀོ་ལ་དང་༔ དམར་ཆེན་རཀྟའི་རྦ་ཀློང་ཆབ༔ བྱང་ཆུབ་སེམས་ཀྱི་ཏི་ལ་ཀ༔ ལན་ཚྭ་ར་དང་མར་ཁུའི་མཚོ༔ དག་གཙང་དྲི་མེད་བསིལ་བྱེད་པའི༔ བདུད་རྩི་དམ་པ་ཡོན་ཏན་ལྡན༔ ཕུད་སྐྱེམས་གཙང་ཞིམ་མཆོད་ཡོན་ཀྱིས༔ ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ ཏྲཱྃ༔ བསམ་འཕེལ་སེར་པོ་དབང་རྒྱལ་དམར༔ ཕ་རོལ་དཔུང་འཇོམས་ལྗང་སྔོན་པོ༔ ཆིང་བུ་དཀར་པོ་བརྒྱ་བྱིན་གྱིས༔ ཐོད་དང་ཀླུ་དབང་གཙུག་གི་ནོར༔ ཆ་བདུན་དབྱིག་གི་རིགས་བྱེད་ནི༔ ཆ་ཤས་རེ་དང་མཐའ་དག་པའི༔ རེ་སྐོང་ཚར་བུར་བརྒྱུས་པ་དང་༔ རུས་རྒྱན་སྐམ་རློན་རྙིད་པ་ཡི༔ ཐོད་དང་ཐེ་ཚོས་ནེ་ཚོས་བརྒྱན༔ མིག་སྙིང་ནང་ཁྲོལ་དོན་གྱི་ཕྲེང་༼ སྒྲེང་ཞེས་སྣང་། ༽༔ སོ་དང་རྣ་བ་ལ་སོགས་དང་༔ ཤེལ་དང་བཻཌཱུར་པདྨ་རག༔ ཨིནྡྲ་བྱུ་རུ་གཟི་དུང་འོལ༔ སྤུག་དང་མུ་མེན་ནལ་མཆོང་པ༔ སྤོས་ཤེལ་མརྒད་གཡུ་དམར་སོགས༔ སྤེལ་ལེགས་མཛེས་བརྗིད་འཕྱོར་རྒྱན་གྱིས༔ ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ ཧྲཱི༔ པདྨ་དང་ནི་ཨུཏྤ་ལ༔ ཧ་ལོ་ཨ་ཤོ་ཤིང་ཤིང་དྲིལ༔ བ་ཀུ་ལ་དང་ཀུ་མུད་ད༔ ཨུ་དུམ་ཝ་ར་ལ་སོགས་པ༔ ཆུ་དང་ཐང་ལས་སྐྱེས་པ་ཡི༔ ལྷ་མིའི་ཡུལ་གྱི་མེ་ཏོག་རིགས༔ དཀར་སེར་དམར་ལྗང་མཐིང་སྔོན་ནག༔ ཁྲ་བོ་ཅ་ཀ་ལེབ་རྒན་མདོག༔ དབང་པོ་ལྔ་ཡི་མེ་ཏོག་སོགས༔ དབྱིབས་ལེགས་དྲི་ཞིམ་ཡིད་འོང་མཛེས༔ དཔག་ཚད་མང་པོར་རྒྱས་པའི་འདབ༔ ཟེའུ་འབྲུར་སྦྲང་རྩིའི་རོ་མཆོག་ལ༔ རྐང་དྲུག་སྦྲང་མའི་སྙན་འཇེབས་འཁོར༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་སྤྲུལ༔ ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ པཱཾ༔ ཙནྡན་ས་མཆོག་སྦྲུལ་གྱི་སྙིང་༔ ཨ་ཀ་ར་དང་དུ་རུ་ཀ༔ རྒྱ་སྤོས་སྤང་སྤོས་ལྷན་སྐྱེས་དང་༔ སྦྱར་ནས་བྱུང་བའི་དྲིའི་བྱེ་བྲག༔ རླུང་ལ་ཞོན་པའི་རྫུ་འཕྲུལ་ཅན༔ སྨུགས་འཐིབ་སངས་ཤིང་དགའ་བ་བསྐྱེད༔ དཔག་ཚད་བརྒྱ་ཁྲིར་གདུགས་ཀྱིས་འགེབ༔ སྤྲིན་དང་ལྡིང་གུར་བླ་རེ་འཁྲིགས༔ ཤ་ཚིལ་བསྲེགས་པའི་གསུར་ཆེན་གྱིས༔ ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ རཱཾ༔ ཉི་མ་དང་ནི་ཟླ་བ་རྒྱས༔ གདེང་ཀའི་ས་འོག་མུན་པ་སེལ༔ རྩི་མར་འབྲུ་མར་འབྲི་ཡི་མར༔ ཤིང་རས་འོད་མདངས་རིན་ཆེན་སྒྲོན༔ རྐང་ཚིལ་ཞུན་གྱི་མར་མེ་དང༔ ལྷ་ཡི་རང་འོད་ལ་སོགས་པ༔ སྟུག་པོའི་མུན་པ་བཅིལ་ལ་ཆས༔ སྐྱེ་འགྲོའི་མིག་གི་གསོས་སུ་གྱུར༔ འོད་ཀྱིས་གྲངས་མེད་འཇིག་རྟེན་ཁྱབ༔ མང་ཉུང་ཚད་ལ་གཞལ་དུ་མེད༔ ཁ་དོག་སྣ་ཚོགས་འབར་བ་ཡིས༔ ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ ཧཱུྃ༔ གོས་དར་རས་ཕྲུག་སྣམ་བུ་དང་༔ ཟ་འོག་སྣ་ཚོགས་དར་ཟབ་རས༔ མཆོག་གི་པཉྩ་ལི་ཀ་དང་༔ དྲོ་འཇམ་ལྤགས་པའི་རིགས་བྱེད་དང་༔ དངོམ་ཆེན་བགོ་བའི་གོས་གསུམ་སོགས༔ མཛེས་ཤིང་འཇའ་རིས་བཀྲག་ཏུ་འཚེར༔ སྲབ་ཡང་བསིལ་ལྡན་དྲི་མ་མེད༔ རྡུལ་མི་འབྱུང་ཞིང་དྲི་ཞིམ་འཐིབ༔ རྡོས་མི་རགས་ཅིང་སྙོགས་བག་མེད༔ བརྐྱང་ན་གླིང་བཞི་ཀུན་ནས་འགེབས༔ དྲིལ་ན་འཆིང་བའི་འུབས་སུ་འདུས༔ གྱོན་ན་རན་ཅིང་འཚམ་པར་འགྱུར༔ དྲོ་གྲང་གང་འདོད་ཁ་དོག་མཛེས༔ གོ་ཁྲབ་བེམ་དང་ཚེམ་ཚེམ་བསྟར༔ ཕབ་དང་རྨོག་སག་དབུ་ཡི་ཞྭ༔ ལྷམ་ཆ་གོས་ཀྱི་རིགས་བྱེད་འབུམ༔ སྟག་གཟིག་ཐུལ་བ་བེར་ཟླ་གམ༔ འདུང་མོ་ཕུ་དུང་ཆོས་གོས་གསུམ༔ ཕུ་དུང་ ༼ ཕོ་ལུང་དཔྱད། ༽ དར་གྱི་སྟོད་འབོགས་མཛེས༔ འཇམ་མཉེན་རེག་ན་བདེ་བསིལ་དྲོ༔ འཇིགས་བྲལ་སྲོག་སྐྱོབས་གོས་ཀྱི་རིགས༔ ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ ཧཱུྃ༔ བརྗིད་ལྡན་དམ་རྫས་གཏོར་ཆེན་འབར༔ ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ འདོད་ཡོན་ལྷ་མོའི་རོལ་བར་རྩེན༔ ཞལ་ཟས་རོ་བརྒྱ་ནུས་སྟོང་ལྡན༔ དཀར་གསུམ་མངར་གསུམ་དམར་གསུམ་འཛོམ༔ འབྲས་དྲུག་འབྲས་བུ་ཕུན་སུམ་ཚོགས༔ ཕྲུམ་དང་ཚོགས་རྫས་བཟའ་བཅའ་བ༔ ལྡག་གཞིབ་མངར་སྐྱུར་ལན་ཚྭ་སྐ༔ ཤིང་ཏོག་རྩི་བཅུད་འབྲུ་སྨན་དང་༔ བདུད་རྩི་ཆེན་པོ་སུམ་ཅུ་གཉིས༔ དགྲ་བགེགས་ཤ་རུས་སྦས་པའི་རྫས༔ ཁྱད་པར་མཐུན་པ་ནལ་བུའི་ཤའི༔ ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱིས་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ ཧཱུྃ༔ དུང་དང་ཆ་ལང་རྔ་བོ་ཆེ༔ རྔེའུ་ཆུང་ཅང་ཏེའུ་རྫ་རྔ་སྦིར༔ བསིལ་སྙན་རྒྱུད་མང་ཏམྦུ་ར༔ ཕེག་རྡོབ་གླིང་བུ་རྐང་གླིང་དང་༔ དུང་ཆེན་གཎྚི་འཕྲེད་གླིང་སྙན༔ གཅུང་དྲིལ་གཡེར་ཁ་འཁར་བའི་རྔ༔ སྙན་འཇིབ་ལྡིར་ཆེམ་འུར་མཐུག་གཡོ༔ ཕྲ་གསང་རྡོ་རྗེ་སྒྲ་མའི་གདངས༔ བསྟོད་དབྱངས་སྙན་སྤྲིན་དཔག་མེད་ཀྱི༔ ཡན་ལག་དྲུག་ཅུའི་འགྱུར་བ་ཡིས༔ ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ ཧཱུྃ༔ ཁྱུ་མཆོག་གླང་ཆེན་ཅང་ཤེས་རྟ༔ བོང་དྲིལ་མ་ཧེ་བ་མིན་ལུག༔ གནག་ཕྱུགས་མཛོ་དང་རྒྱ་ཚ་གཞོན༔ ཁྱད་པར་རྭ་བ་སྒོ་བཞི་དང་༔ སྟག་གཟིག་དོམ་དྲེད་སེང་གེ་ཁྲོས༔ རྔ་མོང་ཚེ་ཚེ་ཤ་རྐྱང་འབྲོང་༔ སྤོས་གླང་གཙོད་དང་རྣ་བ་རྒོ༔ ཁ་རྒྱ་བསེ་རུ་སྙན་ལ་སོགས༔ རྐང་འགྲོའི་རྣམ་པ་སྣ་ཚོགས་ནི༔ རྩེ་བྲོ་རྒྱུག་འཕྱོང་རོལ་བ་ཡིས༔ ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ ཧཱུྃ༔ ཁྱད་པར་རིན་ཐང་ཆེ་བ་དང་༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་ནོར༔ འཁོར་ལོ་རིན་ཆེན་འདོད་དགུའི་གཏེར༔ བུམ་བཟང་དཔག་བསམ་ལྗོན་པ་དང་༔ མ་རྨོས་ལོ་ཐོག་རྒྱས་པ་འབུམ༔ ཕུན་ཚོགས་འདོད་འཇོའི་བ་ལང་མོ༔ རྒྱལ་སྲིད་ཆེན་པོ་སྣ་བདུན་དང་༔ ཉེ་བའི་རིན་ཆེན་རྫས་རྟགས་བརྒྱད༔ བརྟན་གཡོའི་དྭངས་མ་བཅུ་བཞི་སོགས༔ འཇིག་རྟེན་ཀུན་ཏུ་དཀོན་ནོར་གྱིས༔ ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ ཧྲཱི༔ མདའ་གྲི་མདུང་དང་མེའི་འཁྲུལ་འཁོར༔ རྡོ་སྒྱོགས་རལ་གྲི་གཏུན་ཤིང་འབར༔ བེ་ཅོན་ཕུར་བུ་ཐོ་བ་ལྕིད༔ དབྱུག་ཏོ་གྲི་གུག་ལྕགས་ཀྱུ་ཞགས༔ ལྕགས་སྒྲོག་དྲིལ་བུ་དུག་ཐུན་ཟོར༔ ཆུ་གྲི་འབར་བ་དགྲ་སྟྭ་གཟི་ ༼ གཟེ་དཔྱད། ༽༔ གནམ་ལྕགས་ཐོག་དང་གསལ་ཤིང་དང་༔ ཏྲི་ཤུལ་ཁ་ཊྭཱཾ་འཁོར་ལོ་རྣོན༔ འགུགས་འཆིང་སྡོམ་མྱོས་བརྡབས་བརྡེག་བཏོག༔ འགོ་བའི་ལྷ་དང་བྲལ་བའི་རྫས༔ གསོད་གཅོད་དབང་འཐག་བཅོམ་གཏུབ་འབིགས༔ ཐལ་འབྱིན་མཚོན་ཆའི་རིགས་བྱེད་ཀྱིས༔ ཆོས་སྐྱོང་ཆེན་པོའི་ཐུགས་དང་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ ཧཱུྃ༔ རིན་ཆེན་ཁང་བ་དབྱིབས་ལེགས་ཡངས༔ མཁར་ཐབས་མཆོད་རྟེན་གྲོང་ཁྱིམ་ཚུལ༔ སྒོང་དང་ཕྲིན་ལས་བཞི་ཡི་དབྱིབས༔ གུར་ཐབས་བླ་གབ་མེད་པ་ཡི༔ ཁྲུས་ཀྱི་ཁང་བུ་རྩིགས་མེད་དང་༔ ཚ་གདུང་སྐྱོབས་བྱེད་ཐོག་ཁེབ་བརྐྱང་༔ བྷནྡྷའི་རྩིགས་པ་ཞིང་ལྤགས་ཁེབ༔ སྙིང་གི་ཏོག་ལ་བམ་རྒྱལ་མཚན༔ རྒྱུ་མའི་དྲྭ་བ་ཡན་ལག་རྒྱན༔ སྐྱེས་བུའི་གདུང་འདེགས་ཆུ་སྲིན་གྱི༔ ཀ་ཞུ་རུས་སྦལ་ཀ་གདན་སོགས༔ ཞི་ཁྲོ་ཐ་མལ་གང་འཚམས་ཀྱི༔ གཞལ་ཡས་ཁང་པ་བསྒྲངས་ལས་འདས༔ རྣམ་རྒྱལ་བཟང་པོའི་བཀོད་པ་འབུམ༔ སྦྲ་གུར་ཁྲ་ལིང་ལ་སོགས་པ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ ཆོས་སྐྱོང་ཆེན་པོའི་ཐུགས་དང་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ ཧཱུྃ༔ སྒྲོམ་བུ་རིན་ཆེན་གཏམ་པ་འབུམ༔ ཀ་ཆ་སྐྱེམས་བརྒྱའི་བཀང་བ་འབུམ༔ སྣོད་སྤྱད་ཟས་སྣས་རླིད་བུ་འབུམ༔ ཟ་མ་ཏོག་དང་དྲ་ཕད་མཛེས༔ དེམ་དང་བྱ་བུམ་ཟ་འོག་ཁུག༔ སྟག་གཟིག་སྒྲོ་བ་འབྲུ་བརྒྱས་དགངས༔ གཞོང་བ་ནོར་བུའི་སྤུང་བ་འབུམ༔ བསེ་ཕོར་བཀྲ་ཤིས་མཚན་དང་ལྡན༔ བྷནྡྷ་ལྕང་ལོ་ཅན་དང་ནི༔ སྒམ་བརྒྱ་གྱ་ནོམ་དངོས་པོས་བཀང་༔ ཡོ་བྱད་ཆ་མ་ཆོ་དགུ་ཡིས༔ ཆོས་སྐྱོང་ཆེན་པོའི་ཐུགས་དང་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ ཏྲཱྃ༔ ཁྲི་རྐང་མཛོད་མིག་བདུན་པ་དང༔ མལ་ཆ་གཟིམ་ཁྲི་འབོལ་འཇམ་སྟན༔ ངལ་སྟེགས་ཐེག་པ་ཁྱོགས་ཤིང་རྟ༔ སྒ་སྟན་སྲབ་མཐུར་གོང་སྨེད་དང་༔ གནས་སྐབས་གནས་སྐབས་བསྟུན་པ་ཡི༔ མཁོ་ཆས་བཟོ་མགར་དམག་ལ་སོགས༔ གདུགས་དང་རྒྱལ་མཚན་བ་དན་གཡོ༔ སྐྱེད་ཚལ་མུ་ཤིང་བཟའ་ཤིང་སོགས༔ འདོད་དགུ་ལྷུན་གྱིས་གྲུབ་པ་ཡིས༔ ཆོས་སྐྱོང་ཆེན་པོའི་ཐུགས་དང་བསྐང་༔ སྤྲུལ་བ་རིགས་བཞིའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕོ་ཉ་ལྷ་སྲིན་ཐུགས་དམ་བསྐང་༔ ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད༔ དེ་ལྟར་མཆོད་པ་ཕུལ་བ་ཡིས༔ བསྲུང་མའི་ཐུགས་དམ་གཉན་པོ་བསྐང་༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ཤིང་༔ ལྷ་མིའི་མཁོན་འདྲེས་ཉམས་ཆགས་དག༔ རྒྱུ་ཆུང་ཕུད་ཉམས་མ་འབྱོར་དང་༔ ལེ་ལོ་བག་མེད་དབང་གྱུར་དེ༔ དུས་ལས་གཡེལ་དང་དམ་རྒྱ་རལ༔ བསྒོམ་བཟླས་གནད་འདས་ལ་སོགས་པ༔ ཐམས་ཅད་མ་ལུས་འདིའི་སྐོངས་ཤིང་༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག༔ ཡིད་ལ་གང་སྨོན་འགྲུབ་པ་དང་༔ བསྲུང་མ་གཉན་པོ་ཐོད་བཞིན་དུ༔ མི་འབྲལ་གྲོགས་སུ་རྟག་བཞུགས་ནས༔ འཕྲལ་ཕུག་དགའ་བདེའི་དཔལ་ཐོབ་ཤོག༔ ཅེས་ཀྱང་ག་གཱ་ཨ་བྷྱེ་ནས་སྨྲས་པ་དགེའོ། །ཨེ་མ་ཧོ། །ཀ་དག་གདོད་མའི་གཤེས་ལས་མ་གཡོས་ཀྱང་། །ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་གར་སྟོན་པའི༔ དཀོར་སྲུང་ཟླ་བའི་དབང་པོའི་གསོལ་མཆོད་འདི། །གཅིག་ལས་དུ་མར་མཆར་བའི་སྤར་གྱི་འཕྲུལ། །ལྷག་བསམ་བཟང་པོས་ཚུལ་ཁྲིམས་མིང་གིས་བཀོད། །དགེ་བའི་སྟོབས་ཀྱི་བརྒྱུད་འཛིན་བུ་སློབ་གྱིས། །ལས་བཞི་ལྷུན་གྲུབ་འགལ་རྐྱེན་ཀུན་ཞི་ནས། །འཇའ་ལུས་འཕོ་ཆེན་འགྲུབ་པའི་གྲོགས་མཛོད་ཅིག །སརྦ་མངྒ་ལཾ། ཞེས་པའང་ཤི་ལས་སོ། །དགེའོ། །


previousདཀོར་བསྲུང་དབང་གི་རྒྱལ་པོའི་གསོལ་མཆོད་ཁམས་གསུམ་འགུགས་པའི་ལྕགས་ཀྱུ།next