Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།

1 occurrence of འཆར་སྐྱེམས་
[Clear Hits]


  
  
  
  
  
  
  
  
  
  
གནོད་སྦྱིན་དཀོར་གྱི་བདག་པོའི་གསང་སྒྲུབ་དངོས་གྲུབ་གཏེར་མཛོད།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousགནོད་སྦྱིན་དཀོར་གྱི་བདག་པོའི་གསང་སྒྲུབ་དངོས་གྲུབ་གཏེར་མཛོད།next

གནོད་སྦྱིན་དཀོར་གྱི་བདག་པོའི་གསང་སྒྲུབ་དངོས་གྲུབ་གཏེར་མཛོད།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ གནོད་སྦྱིན་དཀོར་གྱི་བདག་པོའི་གསང་སྒྲུབ་དངོས་གྲུབ་གཏེར་མཛོད་བཞུགས་སོ༔

ན་མོ་གུ་རུ་པདྨ་སཾ་བྷ་ཝེ༔ བརྡ་ཡིག །སྒྲུབ་གཏོར་རིན་ཆེན་འོད་འབར་ལ༔ པདྨ་དཀར་བོའི་ཞལ་རིས་ཅན༔ མི་ནུབ་རྒྱལ་མཚན་བཙུགས་པས་བརྒྱན༔ མཆོད་གཏོར་དཀར་གཏོར་འདབ་བཞིའི་མཚན༔ གཡང་གཏོར་གཏེར་ཆེན་བུམ་པའི་གཟུགས༔ ཕྱི་ནང་མཆོད་སྣ་མདོས་མདངས་དཀོར༔ སྤྱན་གཟིགས་འབྱོར་ཚོགས་ཡོ་བྱད་བརྒྱན༔ འབྱོར་ཚོགས་དང་བསྟུན་རང་ཉིད་ནི༔ པདྨ་དྲག་པོའི་ང་རྒྱལ་གནས༔ དེ་ཡི་མདུན་དཀྱིལ་འདི་ལྟར་བསྐྱེད༔ ཧཱུྃ༔ རང་ཉིད་ཡི་དམ་ལྷར་གསལ་མདུན༔ སུ་ཝརྞ་ཡི་གཞལ་ཡས་དབུས༔ པདྨ་རཱ་གའི་ཁྲི་སྟེང་དུ༔ སྣ་ཚོགས་གེ་སར་འབོལ་བརྩེགས་དང་༔ ཟླ་སྟེང་ཙཿཡིག་ཡོངས་གྱུར་ལས༔ ཡིད་བཞིན་པདྨ་དབང་གི་རྒྱལ༔ སྐུ་མདོག་དམར་སེར་ཉི་གཞོན་ལྟར༔ འོད་དང་འོད་ཟེར་སྟོང་དུ་འཚེར༔ ལྷུན་ཆགས་གཟི་བརྗིད་ལྡན་པ་ལ༔ ཞི་མ་ཁྲོ་འཛུམ་ཚུལ་གྱི་ཞལ༔ ཕྱག་གཉིས་ལྕགས་ཀྱུ་གཏེར་བུམ་ལ༔ འོད་འབར་ནོར་བུའི་ཁ་རྒྱན་ཅན༔ ཞབས་གཉིས་རྒྱལ་པོ་རོལ་བའི་སྟབས༔ པཉྩ་ལི་ཀའི་ནང་གོས་གསོལ༔ རིན་ཆེན་སྣ་ཚོགས་རྒྱན་ཕྲེང་ནི༔ བསམ་འཕེལ་སེར་བོའི་རྣ་ཆ་དང་༔ དབང་རྒྱལ་དམར་པོའི་མགུལ་ཆུན་ལ༔ ཕ་རོལ་དཔུང་འཇོམས་སེ་མོ་དོ༔ མུ་ཏིག་དཀར་པོའི་དོ་ཤལ་དང་༔ རིན་ཆེན་གསེར་གྱི་ཕྱག་ཞབས་གདུབ༔ བཻཌཱུར་སྔོན་པོའི་འོག་པག་ལ༔ ཨནྡྷ་སྙིལ་དང་གཡུ་བྱུར་སྤུག༔ པད་རག་གཟི་དུང་ཆུ་ཤེལ་དང་༔ རྡོ་རྗེ་ཕ་ལམ་སྤེལ་མ་ཡིས༔ རྒྱན་ཕྲེང་དཔག་ཏུ་མེད་པས་ཕྱུག༔ ཟ་འོག་བེར་ཆེན་ཕྱི་ནས་བསྒོས༔ དབུ་ལ་དར་ཐོད་མཐོན་མཐིང་བཀྲིས༔ ཆོས་འབྱུང་པདྨའི་འདབས་ལྡན་གཡོ༔ བརྒྱ་བྱིན་གཙུག་གི་ནོར་བུ་ཡིས༔ མདུན་ངོས་ནས་ནི་གསལ་བར་བྱས༔ རྩེ་ལ་དབང་རྟགས་རྡོ་རྗེའི་བརྒྱན༔ དཔག་བསམ་ཤིང་ལ་སྐུ་རྒྱབ་བརྟེན༔ ཐོ་ཕྱི་ཉེ་འཁོར་ཐམས་ཅད་དུ༔ ཟས་ནོར་དབྱིག་གི་ཆར་ཆེན་འབེབས༔ གཟུགས་འགྲོའི་དཀོར་ནོར་ཡོ་བྱད་ཕྱུག༔ ལྕང་ལོ་ཅན་ལྟར་ཕུན་སུམ་ཚོགས༔ ཕྱོགས་བཞིའི་རྒྱལ་ཆེན་སྡེ་བཞི་དང་༔ དཔུང་དང་རུ་འདྲེན་འཁོར་ཚོགས་ནི༔ ནམ་མཁའི་སྐར་ཚོགས་ལྟ་བུ་བཀྲ༔ དབང་རྟགས་སྦུབས་ཀྱི་ཧཱུྃཿཡིག་དང་༔ དྲེགས་པའི་ཐུགས་ཀར་ཀླུ་དབང་གི༔ གཙུག་ནོར་ཉིན་བྱེད་སྣང་བའི་སྦུབས༔ སྙིང་པོའི་ཙཿལས་འོད་དམར་གྱི༔ འཕྲོ་འདུས་འཁོར་འདས་སྣང་སྲིད་ཀྱི༔ ཡེ་ཤེས་འཇིག་རྟེན་ནོར་ལྷའི་ཚོགས༔ མ་ལུས་སྤྱན་དྲངས་གཉིས་མེད་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ རིན་ཆེན་བརྒྱན་སོགས་དབྱིངས་ཀྱི་དཀྱིལ་འཁོར་ནས༔ འགྲོ་བའི་རྒྱུ་འབྲས་དབུལ་སེལ་བཅོམ་ལྡན་འདས༔ ས་དཀར་གནས་སོགས་དམ་ཚིག་ས་སྤྱོད་དང་༔ མ་ངེས་གར་མཛད་སྤྲུལ་པའི་མི་མཇེད་དུ༔ བསམ་ཡས་ནོར་ལྷའི་ཁྱབ་བདག་ཟླ་བའི་རྒྱལ༔ འཁོར་བཅས་དད་དང་དམ་ཚིག་གཉན་གྱིས་འབོད༔ མ་ཐོགས་ཐུགས་དམ་དབང་གིས་གཤེགས་སུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ རཱ་ཛ་ཙནྡྲ་ས་མ་ཡ་ཛ་ཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཡེ་ནས་འདུ་འབྲལ་མེད་པའི་ཡེ་ཤེས་ཀྱི༔ རྩལ་སྣང་རོལ་པའི་ཆོ་འཕྲུལ་དྲེགས་པའི་ཚུལ༔ གཉིས་སྣང་གློ་བུར་དྲི་མའི་ཤན་ཞུགས་པ༔ གཉིས་མེད་དགོངས་པ་བརྟན་པོའི་ཆིངས་ཀྱིས་བཅིངས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་ནི༔ ཧཱུྃ༔ མ་དག་སྤྲུལ་བར་སྣང་བའི་འཁྲུལ་བ་ལ༔ ཞི་ཁྲོ་ཕྲ་མེན་རྣམ་པས་འདུལ་ཐབས་མཁས༔ ད་ནི་རང་སྣང་སྟོན་པའི་མངའ་དབང་ཆེར༔ རང་ཤེས་གཉིས་སྣང་བྲལ་བའི་ལྟ་བས་བཏུད༔ ཨ་ན་མོ་ན་མ༔ མཆོད་པ་ནི༔ ཨ་ཨཱཿཧཱུྃ༔ རང་ཤར་རྡོ་རྗེ་བཀོད་པའི་མཆོད་སྤྲིན་ཆེ༔ མ་བཤམས་མངའ་དབང་རྫོགས་པའི་རྒྱན་དུ་བརྗིད༔ འཁོར་འདས་ཁམས་ཀྱི་བཞེད་དགུ་མ་ཚང་མེད༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་འདུམ་ཕྱིར་མཆོད༔ ཨ་བཛྲ་ཨརྒྷཾ༴ རཱུ་པ༴ སྤརྴེ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་རཀྟ་བྷ་ལིངྟ་ཁཱ་ཧི༔ བསྟོད་པ་ནི༔ ཧཱུྃ༔ ཆོས་སྐུའི་དབྱིངས་བཞུགས་རྒྱན་སྣང་ཀུན་ཏུ་བཟང་༔ ལོངས་སྤྱོད་རྫོགས་སྐུ་བཅོམ་ལྡན་རིན་ཆེན་འབྱུང་༔ ཐུགས་རྗེ་སྤྲུལ་པ་སངས་རྒྱས་རིན་ཆེན་མང་༔ ངོ་བོ་དབྱེར་མེད་ཁྱོད་ལ་མངོན་པར་བསྟོད༔ སྔོན་ཚེ་ནོར་བདག་ཨཱརྱ་ཛམྦྷ་ལ༔ རྣམ་སྲས་ཨ་པར་དབང་ཕྱུག་ཆེན་པོ་ཉིད༔ སླར་ཡང་དྲེགས་པའི་ཚུལ་གྱིས་དབུལ་ཕོངས་སྐྱོབས༔ ཡིད་བཞིན་པདྨ་བསྟན་སྐྱོངས་ཁྱོད་ལ་བསྟོད༔ གསང་གསུམ་ཡོན་ཏན་ནམ་མཁའི་མཐའ་དང་མཉམ༔ ཐུགས་བསྐྱེད་ཕྲིན་ལས་ཞིང་ཁམས་ཡོངས་ལ་ཁྱབ༔ མྱུར་མགྱོགས་མཐུ་སྟོབས་སྲིད་ཞིའི་ཁམས་ན་འཕགས༔ ཟླ་བའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་བསྟོད༔ བསྟན་འགྲོའི་མགོན་བཞུགས་ཡིད་སྲུབ་རྨེགས་མེད་འཇོམས༔ བཀའ་དང་དམ་ཚིག་གཉན་པོའི་གཡར་དམ་འཛིན༔ སྒྲུབ་མཆོག་བུ་བཞིན་སྐྱོངས་བའི་བྱམས་བརྩེའི་བདག༔ ཡིད་བཞིན་དབང་རྒྱལ་འཁོར་དང་བཅས་ལ་བསྟོད༔ དེ་ནས་འཛབ་ནི༔ བདག་ཉིད་ཡི་དམ་གྱི་འོད་ཟེར་འཕྲོས་པས་ཆོས་སྐྱོང་ཆེན་པོའི་ཐུགས་ཀའི་སྙིང་པོ་ལ་རྩ་སྔགས་ཀྱི་བསྐོར་བ་ལ་ཕོག་པས་ཐུགས་རྒྱུད་བསྐུལ་ནས་འོད་ཟེར་འཕྲོ་འདུས་འཁོར་འདས་སྣང་སྲིད་ཁམས་ཀྱི་དཔལ་ཡོན་དྭངས་བཅུད་གཟི་བྱིན་བརྟན་གཡོའི་དྭངས་མ་བཅུ་བཞི་ཐམས་ཅད་འོད་དམར་སེར་གྱི་རྣམ་པར་བསྡུས་ནས་ཐུགས་ཀར་ཐིམ་པས་བཀྲག་མདངས་གཟི་མདངས་དང་ལྡན་ཞིང་༔ དམ་ཚིག་གཉན་པོའི་དཔང་དྲན་ནས་ཅི་བཅོལ་ཐོགས་མེད་དུ་བསྒྲུབ་པར་བསམ་ལ༔ ཨོཾ་རཱ་ཙ་ཙནྡྲ་ས་མ་ཡ་ཛ་ཛ་ཕེམ་ཕེམ༔ ཁྱད་པར་རྒྱས་དབང་གི་ལས་སྔགས་ནི༔ སླར་ཡང་ཐུགས་ཀའི་འོད་ཟེར་འདོད་དགུ་དཔལ་ཡོན་གྱི་ཚུལ་དུ་འཕྲོས་པ་བདག་ལ་ཐིམ་པས་ཚེ་བསོད་རྣམ་ཐོས་སྲས་དང་མཉམ་པར་བསམ་ལ༔ ཨ་མ་ཧཱ་པདྨ་ཤ་ས་ན་པཱ་ལ་ཡ༔ པུཎྱེ་ཨཱ་ཡུ༔ སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་བཟླས་གྲུབ་རྟགས་མཚན་མ་འབྱུང་༔ རྒྱལ་སར་འདོན་དང་རིན་ཆེན་བརྒྱན༔ མེ་ཏོག་སེར་པོའི་ཆར་བ་བབས༔ རི་རབ་རྩེ་ལ་ཕྱིན་པ་དང་༔ སྦྱིན་པ་རྒྱ་ཆེར་གཏོང་བ་ནི༔ དངོས་ཉམས་རྨི་ལམ་གང་རུང་འབྱུང་༔ ཚེ་བསོད་དཔལ་འབྱོར་ཤེས་རབ་རྩལ༔ ཡར་ངོས་ཟླ་ལྟར་འཕེལ་ཞིང་རྒྱས༔ མཐོ་རིས་ཡོན་ཏན་བདུན་དང་ལྡན༔ ཆོས་དོན་ལས་དང་མངའ་ཐང་གི༔ སྡེ་བཞིའི་དཔལ་གྱི་ཕྱུག་འཛིན་ལ༔ རྒྱལ་བློན་ཕ་མ་མཁན་སློབ་ཀྱི༔ མོས་པ་རྣམ་བཞིའི་དབང་དུ་འདུ༔ དེ་དག་ཐུན་མོང་དངོས་གྲུབ་པོ༔ དྲེགས་པ་སེམས་སུ་རྟོགས་པ་དང་༔ སེམས་ཉིད་སྟོང་པར་རིག་པ་ཡིས༔ བདག་འཛིན་མཚན་མས་དབེན་པ་ནི༔ མཆོག་གི་དངོས་གྲུབ་གཉེན་གྱུར་རྟགས༔ ས་མ་ཡཱ༔ བྱེ་བྲག་གཡང་སྒྲུབ་བྱེད་པ་དང་༔ ཁམས་གསུམ་དབང་དུ་བསྡུད་འདོད་པས༔ རྒྱས་པར་གཞན་ལས་ཤེས་པར་བྱ༔ སྤྲོས་ཆུང་རྒྱུན་དུ་ཁྱེར་བདེ་བ༔ ཅུད་ཟད་ཙམ་ཞིག་འདི་ན་བཀོད༔ རྣམ་རྟོག་རེ་དོགས་མཚན་འཛིན་ཞིང་༔ ཡིད་གཉིས་ཐེ་ཚོམ་རྒྱར་ཚུད་ན༔ སྤྱིར་གྱི་ཆོས་སྐྱོང་མི་འགྲུབ་ལ༔ ཁྱད་པར་དངོས་གྲུབ་རྒབ་འདྲེའི་འཚེ༔ ལྟ་བ་མི་འགྱུར་གཟེར་ལྡན་པས༔ འཕྲོ་འདུ་ཕྲིན་ལས་བསྐུལ་མཁས་ན༔ ཐེའུ་བྲང་ཐལ་སྐྱ་ཞིག་གིས་ཀྱང་༔ དངོས་གྲུབ་རྣམ་གཉིས་འགྲུབ་པར་གསུངས༔ ཨ་ལ་ལ་ཧོ༔ རང་ཅིག་བུམ་གཏེར་བཞག་འདོད་པས༔ དེ་ཡི་ལྟ་གོན་འདི་ལྟར་བྱ༔ གཏན་དུ་སྡོད་པའི་ཁང་ཁྱིམ་དང་༔ ཞིང་དཀྱིལ་ཕྱུག་གི་སླས་མལ་དང་༔ བང་མཛོད་ནང་སོགས་གཞག་པ་ན༔ རིན་པོ་ཆེའམ་སོ་ཕག་ནི༔ རང་རང་འབྱོར་བའི་ཚོད་དང་བསྟུན༔ རྒྱ་ཁྱོན་ཁལ་ཚད་ཤོང་བ་དགོས༔ གལ་ཏེ་འབྲོག་པ་ལྟ་བུ་ལ༔ མཛོད་ཕུག་གཡང་སྒམ་ནང་ཤོངས་བའི༔ གསེར་དངུལ་ཟངས་རྫ་ངེས་མེད་ལ༔ ཆེ་ཆུང་སེམས་ལ་ལྡན་པས་ཆོག༔ རྫ་སོགས་ཆག་གྲུམ་གྱུར་བ་ན༔ རྟེན་འབྲེལ་མི་ལེགས་དེ་ཕྱིར་སྤངས༔ རིན་ཆེན་བུམ་པ་བཟོ་དབྱིབས་ནི༔ རྐེད་པ་མན་ཆད་པདྨའི་མཚན༔ དེ་སྟེང་རིན་ཆེན་འཁོར་ལོ་རིས༔ ཁ་ཁྱེར་དཔག་བསམ་ལྗོན་ཤིང་དང་༔ ཁ་ཁེབ་རྒྱན་ནི་ནོར་བུ་སྟེ༔ སྔར་ནི་བརྡ་འཁྲུགས་གྱུར་བའི་དོན༔ དམ་ཉམས་འགྲིམ་སྒོ་མང་བས་ལན༔ ཡིད་བཞིན་ནོར་བུའི་ནང་སྟོང་ཆར༔ སྲོག་ཤིང་ཙན་དན་དམར་པོ་བྱ༔ རིང་བསྲེལ་རྩེ་ལ་བཞག་པའི་མཐར༔ སྟོད་དུ་རྩ་གསུམ་རྐེད་ཆ་ལ༔ འདི་ཡི་སྲོག་འཁོར་དེ་ཡི་གཤམ༔ ཇི་ལྟར་འདོད་པའི་གསོལ་སྨོན་རྣམས༔ སྲོག་གི་སྙིང་པོ་དབུས་བཞག་སྟེ༔ དྲིལ་སྟབས་འཁོར་ལོའི་ངང་ཚུལ་གྱིས༔ དར་ཚོན་ལྔ་ཡིས་བཏུམ་སྟེ་བཞག༔ མཐའ་བསྐོར་བརྟེན་བསྒྲུབ་བཅིངས་རྒྱ་རྣམས༔ རི་མོར་བྲིས་དང་བླ་རྡོར་བཅས༔ རིན་ཆེན་ཕྱེ་མས་ཁ་བཀང་བྱ༔ ཞབས་རྒྱ་ཤེལ་ནི་ཟླུམ་འཁྱིལ་ལ༔ དཀྱིལ་དུ་བུག་པ་ཡོད་པ་བྱ༔ བུམ་པའི་མཐིལ་ནི་ལྔ་བརྩེགས་པར༔ ཆོས་འབྱུང་རྒྱ་གྲམ་རྒྱ་མཚོ་དང་༔ དབང་ཆེན་རི་མོའི་ལྟེ་བ་ལ༔ ཨེ་ཡཾ་བཾ་ལཾ་ཡི་གེ་བྲིས༔ མེ་ནི་ཤེལ་ཁེབ་ངོས་ལ་རཾ༔ བུམ་པའི་དཀྱིལ་དྲང་དཔག་བསམ་ཤིང་༔ ཡོངས་འདུས་ཙནྡན་དམར་པོ་ཡི༔ ཤེལ་སྦུག་ནང་ནས་རང་བཏོན་ཏེ༔ ཁ་བཀང་གཡུ་ཤུག་ལོ་ལྡན་ལ༔ ཤིང་ཐོག་རྒྱས་པ་ཕྱོགས་ནས་བརྒྱན༔ དེ་ཡི་ཕྱི་རིམ་རིན་ཆེན་ཕྱེ༔ ལི་བཞུའི་ ༼ མི་བཞུའི་ཞེས་དཔེ་གཅིག་ན་སྣང་དཔྱད། ༽ཁམས་དང་གསེར་བསྲེས་པ༔ ལྷ་ཁང་བཟང་པོའི་རྟེན་དུ་བཀོད༔ ཟངས་སྦུབས་ནང་དུ་མ་འཁྲུགས་བཀང་༔ ཡང་ན་རྒྱ་ཤོག་དག་གིས་བཏུམ༔ ཤར་དུ་ཤེལ་དང་ལྷོ་རུ་སྤུག༔ ནུབ་ཕྱོགས་རཱ་ག་བྱང་དུ་གཡུ༔ དབྱས་སུ་བཻཌཱུརྱ་དང་ནི༔ མ་རྙེད་མུ་མེན་ཡིན་ཀྱང་རུང་༔ གཟི་དུང་བྱུ་རུ་ཨིནྚ་ནི༔ མུ་ཏིག་སྦུར་ལེན་རྡོའི་སྙིང་པོ༔ ནལ་འཕྱོང་ཛཱ་ཏི་རྡོ་རྗེ་དང་༔ མརྒད་པི་རག་༼ པད་རག་དཔྱད། ༽ཆུ་སྙིང་པ༔ ཙི་ཏཱ་ཀུ་བནྡྷ་ཡིད་བཞིན་ནོར༔ ལ་སོགས་ཁ་དོག་ཕྱོགས་བསྟུན་བཀོད༔ མ་རྙེད་མིང་བྲིས་རིན་ཆེན་ཕྱེ་མས་བསབས༔ ཤར་ལྷོ་ནས་ནི་རིམ་པ་བཞིན༔ དངུལ་དང་ལྗོན་ནམ་ཟི་ཁྲེམ་༼ ཁྱིམ་དཔྱད། ༽པ༔ ཟངས་དམར་ལྕགས་རྣམས་མཚམས་བཞིར་བཀོད༔ དེ་མཐར་ལྕགས་ཆེན་ལྷག་མ་རྣམས༔ ཁ་དོག་གོང་བསྟུན་གྲོང་ཚུལ་ལོ༔ དབང་རྒྱལ་ལ་སོགས་ཕུག་ནོར་རྒྱུ༔ ཟ་འོག་ལ་སོགས་གོས་གྱི་རྒྱུ༔ རས་ཕྲུག་སྣ་ཚང་ཡོད་ན་དང་༔ སྟག་གཟིག་ལ་སོགས་རས་མ་ནི༔ སྤྱན་གཟིགས་དཀོར་ལ་མ་ཚང་མེད༔ ཕྱུག་༼ ཕྱུགས་དཔྱད། ༽མ་སྣ་སྟོང་སྤུ་མཚན་ཀྱང་༔ སྐུ་བལ་རིང་བསྲེལ་ཚུལ་དུ་བླུག༔ དམག་ཆས་རྒྱན་ཕྲེང་ཡོ་བྱད་དང་༔ ཀ་ཆ་མཁོ་ཆས་ལ་སོགས་པ༔ ཀུན་ཀྱང་རི་མོའི་ལམ་དུ་བཀོད༔ མ་འཛོམ་སོ་སོའི་མིང་བྲིས་ཏེ༔ དེ་མཐར་འབྲུ་སྣ་སྨན་སྣ་༼ དྲི་བཟང་མཆན། ༽དང་༔ དཀར་གསུམ་མངར་གསུམ་དམར་གསུམ་རིགས༔ སྣ་ཚོགས་ཟས་སྣ་ཚང་བ་རིལ་བུར་དྲིལ༔ མ་རུལ་མ་སུང་བ་ཞིག་དགོས༔ དམ་གཙང་རྡོ་རྗེའི་མཆེད་ཀྱིས་སམ༔ ཡང་ན་རང་གིས་བསགས་ཏེ་དགང་༔ དེ་ནས་ཞབས་རྒྱ་ལྔ་བོ་བསྡམས༔་ཡང་ན་ཤེལ་ལ་མིག་མ་ཕུག༔ སྲོག་ཤིང་གོང་འོག་གཉིས་བྱས་རུང་༔ སྲོག་ཤིང་འོག་མའི་སྟེང་ཆར་ལ༔ ཤེལ་དཀར་ཁ་འདན་ལ་ཀྵའི་སྦྱར༔ དཀྱིལ་ནས་ནང་ལ་མཐོང་བར་བྱ༔ ནོར་བུའི་མཐིལ་ཀྱང་ཤེལ་གྱིས་བྱས༔ ནང་མཐོང་ཚུལ་དུ་རྒྱ་བསྡམས་ཀྱི༔ གཉིས་ཀ་ཡ་བྲལ་བྱས་ཀྱང་རུང་༔ བསྒྲུབ་དུས་སྟེང་འོག་བཀོད་པས་འཐུས༔ རྒྱན་བཞག་ཡུལ་བ་ལྟ་བུ་ཡིས༔ དེ་གཉིས་སྟེང་འོག་སྲིབ་མེད་བསྡམས༔ ས་མ་ཡཱ༔ དེ་ནས་གཏེར་བུམ་བྱིན་རླབས་ནི༔ ཡི་དམ་ཆོས་སྐྱོང་གཞུང་བཞིན་བསྲིངས༔ དེ་ཡི་ལྷ་ཚོགས་བརྟན་བཞུགས་ནི༔ གཏེར་བུམ་སྲོག་འཁོར་སོགས་ལ་བྱ༔ དེ་ནས་མཆོད་༼ གཏེར་བུམ་མཆན། ༽གསོལ་རྐྱང་པ་འདོན༔ དེ་ནི་རྒྱུན་དུ་ཉམས་ལེན་བདེ༔ ཁྱད་པར་དགོས་སྒྲུབ་བྱེད་པ་ན༔ ཡི་དམ་གཞུང་བསྲིངས་མཆོད་བསྟོད་བྱ༔ དེ་ནས་གཏེར་བུམ་སྒྲུབ་པ་ལ༔ ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་ཚད་དང་མཚན་ཉིད་རྫོགས་པའི་རྒྱ་ཁྱོན་ནམ་མཁའི་མཐའ་དང་མཉམ་པ༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཞིང་ཁམས་ཀྱི་བཀོད་པ་གང་འདོད་གང་འོས་སུ་འཆར་བའི་ཡིད་བཞིན་གྲུབ་པའི་ཡོན་ཏན་དང་ལྡན་པའི་དབུས་སུ༔ གངས་ཆེན་མཚོ་རིགས་ལྔའི་ཐུགས་བསྐྱེད་དང་གཟུངས་སྨོན་ཕྱག་རྒྱ་ཏིང་ངེ་འཛིན་གྱི་རྣམ་པར་ཐར་བ་ལས་བྱུང་བའི་གཞལ་ཡས་ཁང་སྟེང་འོག་ལོགས་ཟུར་གྱི་རྒྱན་ཕུན་སུམ་ཚོགས་པ་དང་ལྡན་པ་མང་པོ་དང་༔ གཞན་ཡང་ལྷའི་ཁང་བཟང་རྨིང་གཞི་རྡོ་རྗེ་རིན་པོ་ཆེ་ལས་འདིངས་བ་ལ༔ དབུས་སུ་སུ་ཝརྞ་བཙོ་མའི་རྩིགས་ཐབས་སུ་ཡོད་པ༔ བ་གམ་གཅིག་ནས་སྟོང་ཕྲག་དང་ལྡན་པ་ལ༔ དངུལ་དང་༔ ཟངས་དང་༔ དུང་བྱུ་རུ་པདྨ་རཱ་ག་བཻཌཱུརྱ་སོགས་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བརྩེགས་པ༔ ཁ་ཅིག་གཡུ་ཡི་རྨིངས༔ བྱུ་རུའི་བརྩིགས་པ༔ ཤེལ་གྱི་སྐར་གླེགས༔ ཨིནྚའི་ཐོག་ཁེབས་སུ་བྱས་པ་ལ་སོགས་པ་གྲངས་མེད་པས་མཛེས་ཤིང་བལྟ་ན་སྡུག་པ་གྲངས་མེད་པ༔ དེའི་འཁོར་ཡུག་གི་ཕྱོགས་མཚམས་ཐམས་ཅད་དུ༔ སྟོང་གསུམ་བྱེ་བ་ཕྲག་བརྒྱ་ཁྲག་ཁྲིག་གི་བཀོད་པའི་ཁྱད་པར་དང་དཔལ་འབྱོར་ལོངས་སྤྱོད་མ་ཚང་བ་མེད་པ་ལ་དེ་ལས་ཀྱང་བརྒྱ་སྟོང་གྲངས་མེད་ཀྱི་གཡང་ཆགས་པ༔ རྔོམ་ཆེ་བ༔ བཀྲག་འཚེར་བ༔ ལྷུན་སྟུག་པ༔ རྒྱ་ཆེ་བ༔ གྲངས་མང་བ༔ བརྗིད་ཆགས་པ༔ གཏིང་ཟབ་པ༔ གཅིག་ལས་གྲངས་མེད་འཆར་བ༔ བཀོད་ལེགས་པ༔ རྒྱུ་བཟང་བ༔ སྤུས་གཙང་བ༔ གང་ལ་གང་འདོད་དུ་རྣམ་པར་འཕྲུལ་བ༔ ནད་གསོས་ཀྱི་སྨན༔ འཆི་གསོས་ཀྱི་བདུད་རྩི༔ རོ་བརྒྱ་ལྡན་པའི་བཟའ་བཏུང་༔ ཐུགས་དམ་བསྐང་བའི་དམ་རྫས༔ ལྷ་རྫས་ཀྱི་ཡོན་ཏན་ཚང་པའི་པཉྩ་ལི་ཀའི་གོས༔ ཉེ་བར་མཁོ་བའི་ཡོ་བྱད༔ ལོངས་སུ་སྤྱོད་པའི་འདོད་ཡོན༔ མཛེས་པར་བྱེད་པའི་ལྷའི་མེ་ཏོག་དང་རིན་པོ་ཆེའི་རྒྱན་ཕྲེང་དང་ཆས་ཀ༔ དམག་ཆས༔ ཀ་ཆ༔ དཀོར་ཆ༔ སྙིང་ཟོག་གི་ནོར་བུའི་གཏེར་ཁ༔ གོས་དར་རས་ཕྲུག་ཟ་འོག་ལ་སོགས་པའི་བཟང་དགུའི་ནོམས་པ༔ གསེར་དངུལ་ལ་སོགས་རིན་པོ་ཆེའི་བང་འཛོད༔ ཨ་མོ་ནི་ག་སོགས་འདོད་འབྱུང་གི་རྡོ་ལེབ༔ སྐྱེད་མོའི་ཚལ༔ དཔག་བསམ་གྱི་ཤིང་༔ འདོད་འཇོའི་བ་མོ༔ མ་རྨོས་པའི་ལོ་ཐོག༔ སྨན་སྣ་རྣམ་པ་སྣ་ཚོགས༔ འབྲུ་སྣ་རྣམ་པ་སྣ་ཚོགས༔ ཅང་ཤེས་ཀྱི་རྟ༔ ས་བསྲུང་གི་གླང་ཆེན༔ རྟ་ནོར་ར་ལུག་མ་ཧེ༔ གཡང་ར་བ་སྒོ་བཞིའི་མཚོན་པའི་གཡུང་དྭགས་རྣམ་པ་སྣ་ཚོགས༔ སྟག་སེང་ཁྱུང་འབྲུག་གི་གཙོས་རི་དྭགས་ཆུ་གནས་བྱ་རིགས་གཅན་ཟན་ལ་སོགས་སྤྱན་གཟིགས་རྣམ་པ་སྣ་ཚོགས༔ མཆོད་རྫས་བརྟེན་རྫས་སྒྲུབ་རྫས་མདོངས་གསོལ་ཀྱི་ཆ་ཀ་ལ་སོགས་པ་རེ་རེ་ལའང་རྩིས་ལས་འདས་པ༔ ནམ་མཁའ་མཛོད་ཀྱི་དཔལ་ཡོན་ཆེན་པོ་དང་༔ ཀུན་ཏུ་བཟང་པོའི་རྣམ་པར་ཐར་བ་ལྟ་བུ་བློས་དཔག་ཏུ་མེད་པ་འབྱུང་བའི་རང་བཞིན་དུ་གྱུར༔ སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་བརླབས་ལ༔ སྟོང་པའི་ངང་ལས་བྷྲཱུྃ་ཡིག་ཡོངས་གྱུར་ལས༔ རིན་ཆེན་བུམ་པ་ཁ་གཡེལ་ཞབས་ཞུམ་ལ༔ ལྟོ་བ་རྒྱ་ཆེ་མགྲིན་པ་ལྷུན་མཐོ་བའི༔ ཚད་དང་མཚན་ཉིད་རབ་ཏུ་རྫོགས་པ་ཡི༔ རྣམ་པར་དག་པའི་ཞིང་ཁམས་ཆེན་པོ་ནི༔ འབྱུང་བའི་དྭངས་མ་འོད་ལྔ་བརྩེགས་པའི་དཀྱིལ༔ རིན་ཆེན་འོད་འབར་ལྷུན་པོ་བརྗིད་ཆགས་སྟེང་༔ ཡོངས་འདུས་ས་བརྟོལ་དཔག་བསམ་ལྗོན་བཟང་མདུན༔ རིན་ཆེན་བུམ་པ་རྩེ་མོ་མཛེས་པའི་ཏོག༔ མཚན་ཉིད་ཡོངས་རྫོགས་ཡེ་ཤེས་གཞལ་ཡས་ནང་༔ རང་རང་འཚམས་པའི་གདན་ཁྲི་མཐོ་བ་ལ༔ བརྒྱུད་གསུམ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ དཀོན་མཆོག་རྒྱ་མཚོའི་སྤྲིན་དཔུང་འཁྲིགས་པར་ནི༔ མཆོད་པའི་ཡུལ་དང་དངོས་གྲུབ་གཏེར་དུ་རོལ༔ མདུན་དུ་པདྨ་རཱ་གའི་ཁྲི་སྟེང་དུ༔ སྣ་ཚོགས་གེ་སར་འབོལ་བརྩེགས་དང་༔ སོགས་ནས། ལྟ་བུར་བཀའི་བར་དང་༔ ཧཱུྃ༔ སྟོང་གསུམ་དར་ཡུག་ཆེན་པོའི་དཔེ་ཇི་བཞིན༔ རིན་ཆེན་བུམ་པའི་ཞིང་ཁམས་རྒྱ་ཆེ་བར༔ གངས་ཆེན་རིགས་ལྔའི་བཀོད་པའི་གནས་ཡུལ་གྱི༔ མངའ་ཐང་ལོངས་སྤྱོད་དཔལ་འབྱོར་བསམ་མི་ཁྱབ༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་བརྟེན་པའི་གནས༔ བཞུགས་པའི་སྐུ་མཁར་སྒྲུབ་པའི་བླ་རྡོ་དང་༔ འཁྲུགས་པ་བཅོས་ཤིང་འཁོན་པ་སྦྱོངས་བ་དང་༔ འདྲིས་པ་བཤགས་ལ་ཉམས་གྲིབ་ཡོངས་སུ་བསངས༔ ཐུགས་དམ་བསྐང་བའི་མཆོད་སྤྲིན་འབྱུང་བའི་གཏེར༔ རྣལ་འབྱོར་བདག་དང་ཁམས་གསུམ་ཡིད་ཅན་ལ༔ ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོངས་བར༔ ཡེ་ཤེས་བུམ་སྐུའི་ཐུགས་རྗེའི་གཟི་འོད་ལས༔ ས་ཡི་བཅུད་དང་སྐྱེ་འགྲོའི་གཡང་དུ་གྱུར༔ ཆོས་དང་སྲིད་ཀྱི་དངོས་གྲུབ་ཆར་ཆེན་པོ༔ འདོད་བཞིན་ནམ་ཡང་སྩོལ་བའི་དགེ་མཚན་གྱི༔ མཆོད་སྡོང་ཆེན་པོ་འཇིག་རྟེན་གསོས་སུ་གྱུར༔ ཞེས་པའི་མཚམས་སུ་གོང་གི་བྱིན་རླབས་འདོན་ལ༔ དེའི་རྗེས་སུ༔ དེ་ལྟར་སྐྱབས་གནས་དཀྱིལ་འཁོར་ལྷ་ཚོགས་དང་༔ དམ་ཚིག་ཏིང་འཛིན་བཀད་པའི་བུམ་བཟང་གི༔ སྐུ་གསུང་ཐུགས་ནི་ ༼ ཨོཾ་ཨཱཿཧཱུྃ༔ མཆན། ༽ རྡོ་རྗེའི་སྙིང་པོར་ཤར༔ འོད་འཕྲོས་དབྱིངས་ནས་ཡེ་ཤེས་གཡང་སྤྱན་དྲངས༔ ཧཱུྃ༔ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་༔ བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ༔ དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི༔ བརྒྱུད་གསུམ་བླ་མ་ཡི་དམ་མཁའ་འགྲོ་དང་༔ ནོར་དང་གཡང་གི་ལྷ་ཚོགས་མ་ལུས་པ༔ འདིར་གཤེགས་བསོད་ནམས་སྐྱབས་སུ་གཤེགས་སུ་གསོལ༔ ཧཱུྃ༔ རིན་ཆེན་བརྒྱན༴ སོགས་ནས། ཛ་ཛ༔ རྒྱས་པར་སྤྲོ་ན་གཡང་གི་བྱིན་འབེབས་ལ་ཁ་བསྒྱུར་ཅན་དུ་བྱས་ལ༔ དེའི་རྗེས་སམ་གོ་རུ༔ ཧཱུྃ༔ དབུས་ཕྱོགས་སྡུག་༼ སྟུག་དཔྱད ༽པོ་བཀོད་པའི་ཞིང་ཁམས་ནི༔ རྣམ་པར་སྣང་མཛད་ཆེན་པོའི་མངའ་དབང་ལས༔ ཡ་མཚན་བཀོད་པ་འཇིག་རྟེན་གང་ནའང་༔ ཆ་ཙམ་མཚོན་དུ་མེད་པའི་ངོ་མཚར་འབར༔ བཅོམ་ལྡན་མགོན་པོ་མཆོག་གི་ཐུགས་བསྐྱེད་ཀྱིས༔ འདིར་གཤེགས་གཏེར་གྱི་བུམ་པའི་བཅུད་དུ་ཕོབ༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནི༔ རྡོ་རྗེ་སེམས་དཔའ་ཆེན་པོའི་མངའ་དབང་ལས༔ དགའ་སྐྱིད་དཔལ་འབྱོར་འཇིག་རྟེན་གང་ནའང་༔ ཆ་ཙམ་མཚོན་དུ་མེད་པའི་ངོ་མཚར་འབར༔ བཅོམ་ལྡན་མགོན་པོ་མཆོག་གི་ཐུགས་བསྐྱེད་ཀྱིས༔ འདིར་གཤེགས་གཏེར་གྱི་བུམ་པའི་བཅུད་དུ་ཕོབ༔ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནི༔ རིན་ཆེན་འབྱུང་ལྡན་ཆེན་པོའི་མངའ་དབང་ལས༔ དཔལ་འབྱོར་གཟི་བརྗིད་འཇིག་རྟེན་གང་ནའང་༔ ཆ་ཙམ་མཚོན་དུ་མེད་པའི་ངོ་མཚར་འབར༔ བཅོམ་ལྡན་མགོན་པོ་མཆོག་གི་ཐུགས་བསྐྱེད་ཀྱིས༔ འདིར་གཤེགས་གཏེར་གྱི་བུམ་པའི་བཅུད་དུ་ཕོབ༔ ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་ཁམས་ནི༔ སྣང་བ་མཐའ་ཡས་ཆེན་པོའི་མངའ་དབང་ལས༔ བདེ་སྐྱིད་ལོངས་སྤྱོད་འཇིག་རྟེན་གང་ནའང་༔ ཆ་ཙམ་མཚོན་དུ་མེད་པའི་ངོ་མཚར་འབར༔ བཅོམ་ལྡན་མགོན་པོ་མཆོག་གི་ཐུགས་བསྐྱེད་ཀྱིས༔ འདིར་གཤེགས་གཏེར་གྱི་བུམ་པའི་བཅུད་དུ་ཕོབ༔ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ནི༔ དོན་ཡོད་གྲུབ་པ་ཆེན་པོའི་མངའ་དབང་ལས༔ དགེ་ལེགས་མཛད་ཕྲིན་འཇིག་རྟེན་གང་ནའང་༔ ཆ་ཙམ་མཚོན་དུ་མེད་པའི་ངོ་མཚར་འབར༔ བཅོམ་ལྡན་མགོན་པོ་མཆོག་གི་ཐུགས་བསྐྱེད་ཀྱིས༔ འདིར་གཤེགས་གཏེར་གྱི་བུམ་པའི་བཅུད་དུ་ཕོབ༔ ཕྱོགས་བཅུའི་རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི༔ གྲངས་མཉམ་སངས་རྒྱས་ཞིང་ཁམས་བསམ་ཡས་ན༔ དགེ་མཚན་ཡོན་ཏན་དཔལ་འབྱོར་ཚད་ལས་འདས༔ རྒྱ་ཆེ་ཁྱོན་ཡངས་བདེ་དགའ་ཕུན་སུམ་ཚོགས༔ དོག་པ་མེད་ཅིང་གཙེར་བ་མེད་པའི་གཡང་༔ སངས་རྒྱས་སྲས་བཅས་ཐུགས་བསྐྱེད་བསོད་ནམས་མཐུའི༔ འདིར་གཤེགས་གཏེར་ཆེན་བུམ་བཟང་བཅུད་དུ་ཕོབ༔ ཞིང་གི་ཁྱད་པར་ཅི་ཙམ་སྟོན་པ་དང་༔ བསོད་ནམས་ཚོགས་གཉིས་མཐའ་རུ་རྫོགས་པ་དང་༔ རྒྱུ་འབྲས་དབུལ་བ་ནམ་ཞིག་སེལ་ནས་ཀྱང་༔ འགྲོ་ཀུན་མངའ་དབང་རྫོགས་པར་སངས་རྒྱས་པར༔ མཆོད་སྦྱིན་རྫས་ཀྱི་ཕོང་བ་མེད་པ་དང་༔ བཟའ་བཏུང་གོས་རྒྱན་ལོངས་སྤྱོད་དཔལ་འབྱོར་གྱི༔ དགོས་འདོད་འབྱུང་བའི་སྐྱབས་དང་རྟེན་མཆོག་དང་༔ ཐུན་མཆོག་དངོས་གྲུབ་རྒྱ་མཚོའི་འབྱུང་གནས་སུ༔ འདིར་གཤེགས་གཏེར་ཆེན་བུམ་བཟང་བཅུད་དུ་ཕོབ༔ ཨོཾ་སརྦ་ཏ་ཐཱ་ག་ཏ༔ དེ་ཝ་མཎྜ་ལ་ཤྲཱི་གུ་ཎ༔ སུ་ཁ་ཤརྨ༔ བྷུ་ཏི༔ མ་ཧཱ་ཀ་རུ་ཎི་ཀ་དྲ་ཤྱ་ཧོ༔ ས་མ་ཡ་ཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རྟེན་དང་བརྟེན་པར་བཅས་པའི་འཁོར་ལོ་ཀུན༔ ཡེ་ནས་རང་བྱུང་རིག་པའི་རྒྱན་དུ་ཤར༔ གཉིས་སྣང་༴ སོགས་ནས་བསྟོད་པའི་མཐར༔ འཛབ་ཀྱི་ཤམ་དུ་དམིགས་གསལ་ནི༔ སླར་ཡང་ཐུགས་ཀའི་འོད་ཟེར་ཡར་སངས་རྒྱས་ཀྱི་ཞིང་དང་མར་འཇིག་རྟེན་གྱི་ཁམས་རབ་འབྱམས་སུ་འཕྲོས་པས་གངས་ཆེན་མཚོ་རིགས་ལྔ་ལ་སོགས་དཔལ་ཡོན་དང་༔ འཇིག་རྟེན་ལྷ་ཀླུ་མིའི་གཡང་ཕུད་ཐམས་ཅད་བསྡུས་ནས་ཆར་ལྟར་བབས་པས་བདག་གི་གནས་ཁང་དང་བང་མཛོད༔གཡང་རྫས་མཛོད་རྣམས་གང་༔ དྭངས་མ་ཐམས་ཅད་གཡང་རྟེན་དག་གི་བཅུད་དུ་འདྲིལ༔ ལྷག་མ་ནམ་མཁའི་གར་ཁྱབ་ཏུ་མཆེད་པས་ཡི་དྭགས་ཀྱི་སྡེའི་གཙོ་བྱས་པའི་ནམ་མཁའི་གར་ཁྱབ་པའི་འགྲོ་བ་ཐམས་ཅད་ཀྱི་རྒྱུ་འབྲས་ཀྱི་དབུལ་བ་མཐའ་དག་བསལ་ནས་ནམ་མཁའ་མཛོད་ཀྱི་གཏེར་ལ་དབང་བའི་དངོས་གྲུབ་ཀྱི་མཆོག་ལ་བཀོད་པར་དམིགས་ལ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ གུ་རུ་དཱེ་ཝ་ཊཱ་ཀྐི་ནི༔ ན་མོ་པདྨ་ཤ་ས་ན་མནྠ༔ ཏདྱ་ཐཱ༔ ཨ་མ་ཧཱ་ནི་ཏི་གྷ་ཌ་ཕ་ལ༔ ཏ་ཏྭ་ཝ་ནི་ད་ཤ་ཏི༔ མ་ཎི་རཏྣ་དཱ་ན་བསྟྲ་བ་སུ་ཨཱ་མི་ཥ་བྷོ་ག་པ་ཏི་སྐ་ར༔ ཨཱ་ལངྐ་ར་ཤྲཱི་ལཀྵི་ཏེ་ཛོ་ཤསྟ་གུ་ཎ་པུཎྱ་ ཨཱ་ཡུར་པྲཛྙཱ་ཛྙཱ་ན་ད་རུ་ཎ༔ པྲ་པྲི་ཏི་ལཀྵིཾ་ཨཱ་ཡི་ཏ་སྠཱ་བི་ར་པུཥྚཾ་ཨ་དྷིཥྛ་ནཾ་སིདྡྷི་བྷུ་ཏ་ནི་སྭཱ་ཧཱ༔ ཐུན་ཕྱེད་དུ༔ ཨ་ཨཱཿཧཱུྃ༔ བྷྲཱུྃ་ན་མོ་རཏྣ་ཏྲ་ཡ་ཡ༔ སརྦ་སིདྡྷི་ཕ་ལ་ཧོ༔ རཱ་ཛ་ཙནྡྲ་སརྦ་ས་པཱ་རི་ཝ་ར༔ སརྦ་དྷེ་ཝ་མ་ནུ་ནཱ་ག་ལོ་ཀ་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་ཟས་ནོར་ལོངས་སྤྱོད་འདོད་དགུའི་དཔལ་ཡོན་ཐམས་ཅད་དབང་དུ་བསྡུས་ཤིག༔ ཅེས་འདོད་གསོལ་མ་གཏོགས་པའི་སྔགས་ཅི་འགྲུབ་བྱ༔ གཡང་ཆོག་ལྟ་བུ་ལ་སྔར་ཡོད་ཀྱི་རྟེན་ལ་ཁ་གསོས་ཕྲན་བུས་རྒྱུ་ལས་གོང་བཤད་རྒྱས་པར་མེད་ཀྱང་ཆོག་གོ༔ སླར་མཆོད་པ་དང་གཏེར་བཙུགས་གང་གི་དུས་སུའང་འདི་ལྟར༔ ཧཱུྃ༔ རྒྱལ་བའི་མགུལ་མཚན་ལས་བྱང་བཀྲ་ཤིས་པ༔ དགོས་འདོད་ཀུན་འབྱུང་གཏེར་ཆེན་གྱིས་གཏམས་ཤིང་༔ འཕགས་པ་ཀུན་མཆོད་འགྲོ་བའི་ཕོངས་དགུ་སེལ༔ ཡིད་བཞིན་འདོད་པ་འཇོ་བའི་ཞིང་ཁམས་སུ༔ གངས་ཆེན་བཀོད་པའི་བྱད་ལས་གཟུགས་བརྙན་དུ༔ འཕོས་པ་ཇི་ལྟའི་ངོ་མཚར་དཔལ་ཡོན་ཅན༔ ཕྱོགས་བཞི་མཚམས་བརྒྱད་འདས་དང་མ་འདས་ཀྱི༔ ཞིང་དང་གནས་ཡུལ་འབྱོར་བ་འབུམ་དུ་སྤུངས༔ རྒྱ་ཆེ་བཀོད་ལེགས་ཞིང་ཁམས་དང་རེ་སྤྲོ༔ གཞལ་ཡས་ལྷ་ཡི་ཁང་བཟང་དཔང་རེ་མཐོ༔ ཟས་ནོར་རིན་ཆེན་བང་མཛོད་གྲངས་ལས་འདས༔ འཕན་གདུགས་ནམ་མཁའི་རྒྱན་གྱུར་མཐའི་མི་ཐུག༔ ཁྲི་རྐང་པད་ཟླ་འབོལ་གདན་བརྩེགས་རེ་ལེགས༔ ཟ་འོག་པཉྩའི་ན་བཟའ་བཀྲག་རེ་གསལ༔ མེ་ཏོག་རཏྣའི་རྒྱན་ཕྲེང་ཚར་རེ་དངར༔ ཕྱི་ནང་མཆོད་པའི་སྤྲིན་ཕུང་ལྷུན་རེ་སྟུག༔ རིན་ཆེན་སྣ་ཚོགས་བྲག་རི་སྤུངས་སེ་སྤུང་༔ འདབས་ཞོལ་ཐམས་ཅད་སྨན་གྱི་སྤངས་རིའི་བསྐོར༔ ཨུ་དུམ་ཝ་ར་མནྡྷ་ར་བ་དང་༔ པདྨ་དཀར་དམར་སྦྲང་རྩའི་བཅུད་ཀྱི་རྒྱས༔ མི་འགྲེང་བདུན་སྲིད་མེ་ཏོག་ཆར་གྱི་འགྲེམས༔ དཔག་བསམ་ཤིང་རྒྱལ་བཟའ་ཤིང་ལྗོན་པའི་ཚལ༔ རོ་བརྒྱ་ནུས་སྟོང་བདའ་དགུའི་ཤིང་ཐོག་རྒྱས༔ ས་མཆོག་སྦྲུལ་སྙིང་ཨ་ག་རུ་ལ་སོགས༔ སྨན་ཤིང་ལོ་འབྲས་ཕུན་སུམ་ཚོགས་པས་བརྒྱན༔ བསིལ་སྐྱོབས་བསུངས་ཞིམ་དར་དང་རིན་པོ་ཆེ༔ དྲིལ་བུ་གཡེར་ཁའི་འཕྱང་འཕྲུལ་གཡོ་བ་ཅན༔ ཡོངས་འདུ་བཟང་པོ་འབུམ་དུ་བརྡལ་བའི་ཚུལ༔ གང་ལྟར་གསོལ་བ་བཏབ་བཞིན་འབད་མེད་འབྱུང་༔ བལྟ་ན་སྡུག་ལས་བརྒྱ་སྟོང་ཁྱད་དུ་འཕགས༔ དག་གཙང་ཡན་ལག་བརྒྱད་དང་ལྡན་པ་ཡི༔ མཚོ་དང་རྫིང་བུ་པདྨས་བརྒྱན་པ་དང་༔ བསིལ་ཞིང་དྭངས་པའི་འཆི་མེད་བདུད་རྩིའི་ཀླུང་༔ གསེར་གྱི་ཕྱེ་མར་ནོར་བུའི་གྲམ་ཁྲོད་བརྡལ༔ ཆུ་ཤིང་རི་བྲག་འཁོར་བའི་བྱ་ཚོགས་ནི༔ ཀ་ལ་པིང་ཀ་ངང་ངུར་རི་སྐེགས་དང་༔ རྨ་བྱའི་བུ་མོའི་ཟློས་གར་བསྒྱུར་བ་སོགས༔ སྤུ་སྡུག་ཁ་དོག་སྣ་ཚོགས་མདངས་བཀྲ་བས༔ སྙན་འཇེབས་ཡིད་ལ་འཇུག་པའི་ལྷའི་རྔ་སྒྲའི༔ རྟག་ཏུ་ཆོག་མི་ཤེས་པས་བསྟི་སྟངས་བགྱིད༔ ཉི་ཟླ་རིན་ཆེན་འབུམ་བརྡལ་སྣང་གསལ་བཀྲ༔ ས་སྲུང་ཅང་ཤེས་ལ་སོགས་བཞོན་པའི་རིགས༔ མ་ཧེ་གནག་ཕྱུགས་ལ་སོགས་གཡུང་དྭགས་རིགས༔ སྟག་གཟིག་དོམ་དྲེད་ལ་སོགས་གཅན་གཟན་རིགས༔ སྤོས་གླང་ཤ་རྐྱང་ལ་སོགས་རི་དྭགས་རིགས༔ ཆུ་སྲིན་ཉ་སྲམ་ལ་སོགས་ཆུ་གནས་རིགས༔ འབྲུག་སེང་ཁྱུང་ཆེན་ལ་སོགས་མཁའ་འགྲོའི་རིགས༔ ནམ་མཁའི་སྐར་ཚོགས་ལྟ་བུའི་རུ་འདྲེན་དཔུང་༔ བདེ་སྟོང་སྙོམས་འཇུག་དམ་ཚིག་ཕྱག་རྒྱ་ཡུམ༔ བསྟི་སྟངས་གླུ་གར་མཆོད་བསྟོད་ལྷ་མོའི་སྤྲིན༔ མ་ཚང་མེད་ཅིང་སྣ་རེའི་གྲངས་མཐའ་ཡང་༔ གང་གཱི་ཕྱེ་མའི་སྙེད་ཀྱིས་བཟུང་དུ་མེད༔ གཏེར་ཁ་ཁྲག་ཁྲིག་འབུམ་དུ་རྡོལ་བ་ལས༔ ཕོངས་རྒུད་འདོད་པས་ནམ་ཡང་བྲེལ་བ་མེད༔ གཞན་ཡང་འཚོ་བྱེད་དམག་ཆས་དཀོར་ཀ་ཆ༔ གོས་དར་རས་ཕྲུག་དཀར་གསུམ་དམར་གསུམ་དང་༔ ཟླ་རྒྱས་ཟླ་ཕྲུམ་ཁུར་བ་རྨུགས་བསངས་རྫས༔ རི་ཐང་མཚོ་དང་བྲག་རི་སྤྲིན་ལྟར་གཏིབས༔ ཉི་མ་རེ་བཞིན་འདོད་དགུའི་ཆར་གྱིས་སིམ༔ རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་རྟགས་སོགས༔ ཕུན་ཚོགས་དགེ་མཚན་དཔལ་གྱི་བུམ་པ་ནི༔ ཆུང་བ་ཉུང་འབྲུ་ཙམ་གྱི་ཁོངས་སུའང་༔ ཆེས་ཏེ་འཁོར་འདས་རབ་འབྱམས་འུབས་སུ་ཆུབ༔ འཇིག་རྟེན་ཀུན་ན་མེད་པའི་ཁྱད་ནོར་བཟང་༔ སྐྱབས་གནས་མཆོག་གསུམ་རྩ་གསུམ་ལྷ་ཚོགས་དང་༔ ཁྱད་པར་ཡིད་བཞིན་དབང་གི་རྒྱལ་བོ་ནི༔ འཁོར་དང་དཔུང་ཚོགས་བཅས་པ་ཐམས་ཅད་ལ༔ མཆོད་དོ་འབུལ་ལོ་ཐུགས་དམ་གཉན་པོ་བསྐང་༔ སྤྱིར་ན་སྙིགས་མའི་སྐྱེ་བོ་ཐམས་ཅད་དང་༔ ཡང་དགོས་རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀྱིས༔ མི་དགེ་སྡིག་སྤྱོད་དགེ་བཅུ་རྒྱབ་ཏུ་བོར༔ འཐབ་རྩོད་རྒྱུ་རྐྱེན་ངན་བའི་དམེ་གྲིབ་ཀྱིས༔ ཡེ་ཤེས་ལྷ་མནོལ་དཀར་ཕྱོགས་སྲུང་མ་འཁྲུགས༔ རྡོ་རྗེའི་དམ་ཚིག་ཉམས་པའི་དམ་གྲིབ་ཕོག༔ རང་བཞིན་གཙང་སྦྲ་མེད་དང་ཉམས་པ་དང་༔ རྒྱུ་ཆུང་ཕུད་ཉམས་དམ་རྫས་འབགས་རྩོག་གྲིབ༔ དམེ་མགར་ནལ་ཡུག་ཐབ་མཁོན་བང་རོ་གྲིབ༔ སྨེ་རྩོག་མི་གཙང་དྲི་མས་གྲིབ་ཕོག་པ༔ དག་བྱེད་ཁྲུས་དང་བསངས་ཀྱི་ངོ་བོར་འབུལ༔ ཁྱད་གསོད་བརྙེས་བཙུགས་ལྟ་བ་ངན་པ་དང་༔ གཞན་གྱི་གཡེམ་རྒྱུག་ཆོས་སྐྱོངས་སྤངས་ལེན་བྱས༔ བསོད་ནམས་ཟད་པས་ཡིད་ཆད་ལྷ་ལ་འགེལ༔ སྨོད་ཅིང་སྒྲོ་བསྐུར་གྱིས་ནི་གཡེང་བ་དང་༔ སྲུང་མའི་ཁྱད་པར་དམ་ཚིག་ཉམས་གྱུར་ཞིང་༔ རྦད་བསྐུལ་བྱད་བྱས་མཐུན་འཇུག་འཁོན་སྡུམ་བསྲུང་༔ སངས་རྒྱས་བསྟན་ལ་གནོད་པའི་གཞུང་བསྲིང་བས༔ ཆོས་སྐྱོང་སྲུང་མའི་ཐུགས་དང་འགལ་གྱུར་ཞིང་༔ ལེ་ལོ་བག་མེད་སེར་སྣ་ཕྱི་བཤོལ་གྱིས༔ དུས་སུ་མ་མཆོད་ལོ་ཟླ་འདས་པ་དང་༔ ཕྲིན་ལས་མྱུར་མགྱོགས་གཏང་རག་མ་འཚལ་སོགས༔ འཁོན་འཁྲུགས་གཡེལ་འགྱང་ཞུད་པའི་ལས་བགྱིས་པ༔ ཀུན་གྱི་ཉེས་བཤགས་འཁོན་སྦྱངས་འཁྲུགས་བསྐང་དང་༔ མཆོད་པའི་ཚབས་སུ་རིན་ཆེན་གཏེར་འདིས་མཆོད༔ བརྟེན་པའི་གནས་དང་བཞུགས་པའི་སྐུ་མཁར་རྫོང་༔ སྒྲུབ་བརྟེན་བསྐང་མཆོད་མཐུན་པའི་དམ་ཚིག་རྫས༔ གདན་དང་བགོ་བ་ཡོ་བྱད་སྙིང་ནོར་གཏེར༔ བང་མཛོད་དཔལ་འབྱོར་རྒྱན་ཕྲེང་ལོངས་སྤྱོད་ཆེ༔ འདོད་ཡོན་མི་ཟད་རྒྱན་གྱི་འཁོར་ལོར་འབུལ༔ འཛད་མེད་གོང་ནས་གོང་དུ་བརྒྱ་སྟོང་ཁྲི༔ བྱེ་བ་གྲངས་མེད་འཕེལ་བའི་ལང་ཚོ་ཡིས༔ ཕྱིན་ཆད་མཆོད་པའི་ཐེབས་སུ་གཏེར་འདི་འཛུག༔ ཐུགས་བརྩེ་དགྱེས་པས་དེང་དུ་བཞེས་ནས་ཀྱང་༔ རྟེན་འདིར་རྟེན་ཆོས་རྟག་བཞུགས་བྱམས་བརྩེའི་སྐྱོངས༔ ཉམས་ཆགས་སོར་ཆུད་ཚངས་པའི་དངོས་གྲུབ་སྩོལ༔ དེ་ལྟར་གཏེར་ཆེན་དམ་པའི་རྟེན་བཙུགས་པས༔ སྔར་བྱས་ངན་པའི་ནོངས་པ་ཀུན་དག་ནས༔ ནམ་ཡང་འཁོན་གྲིབ་སེལ་གྱིས་མི་འཇུག་ཞིང་༔ ཆོས་སྐྱོང་སྲུངས་མ་མི་འབྲལ་རྟག་ཏུ་མགོན༔ གང་དུ་བཞུགས་པའི་ཡུལ་ཕྱོགས་གཙོར་བྱས་པའི༔ མ་ལུས་འཇིག་རྟེན་ཁམས་ཀྱི་རྡུལ་སྙེད་དུ༔ གཅིག་ལས་གྲངས་མེད་འདོད་དགུའི་གྲུ་ཆར་འབེབས༔ ས་བརྐོས་རྡོ་རློག་ཤིང་བཅད་ཆུ་གཉན་རྙོགས༔ ལུང་གཉན་ཀྭའི་དཀྲུགས་དུར་ཤིད་ས་ཉེས་པ༔ ས་བཅུད་བླ་གཏེར་བཏོན་དང་ཕྱྭ་གཡང་ཉམས༔ སྔར་བྱས་གཏང་རག་དང་བཅོལ་གཉེར་བརྔན་པ༔ དགྲ་ལྷའི་དཔང་བསྟོད་ཡུལ་ལྷའི་ཆེ་བཀྱགས་དང་༔ ཕྱུག་གི་རུ་མ་གཡང་གི་རྟེན་མཁར་དུ༔ རིན་ཆེན་རིན་ཐང་བྲལ་བའི་རྟེན་བཙུགས་པས༔ སྟོང་གསུམ་འཁྲུགས་པ་འཆོས་ཤིང་ཉམས་རྒུད་གསོས༔ དབང་ཆེན་ཀུན་ཀྱང་བྱམས་པའི་ཡིད་གྱུར་ཅིག༔ དུས་གསུམ་རྒྱལ་བ་སྲས་བཅས་ཐུགས་བསྐྱེད་དང་༔ དབང་ཕྱུག་ནོར་གྱི་བདག་པོའི་མཐུ་སྟོབས་དང་༔ རྟེན་འབྱུང་རྒྱུ་འབྲས་བསླུ་བ་མེད་པ་ཡིས༔ མི་མཐུན་བར་ཆད་འགལ་རྐྱེན་ཀུན་ཞི་ཞིང་༔ མཐུན་རྐྱེན་བསམ་དོན་ཆོས་བཞིན་འགྲུབ་གྱུར་ཅིག༔ ཕྲིན་བཅོལ་བཀྲ་ཤིས་ཅི་རིགས་ཀྱིས་མཐའ་བརྒྱན་པར་བྱའོ༔ ཅེས་ཀྱང་ག་གཱ་ཨ་བྷྱེས་མཁའ་འགྲོའི་བརྡ་ལས་བཤུས་པའོ། །དགེའོ། །དགེའོ། །དགེའོ། །


previousགནོད་སྦྱིན་དཀོར་གྱི་བདག་པོའི་གསང་སྒྲུབ་དངོས་གྲུབ་གཏེར་མཛོད།next