Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
བསྙེན་དམིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྙེན་དམིགས།next

བསྙེན་དམིགས།

བསྙེན་དམིགས་ནི༔ སྔ་དྲོ་ཞི་བའི་དུས་སུ༔ བདག་ཉིད་ཡི་དམ་གྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་མདུན་བསྐྱེད་སྐུའི་ཆོས་སྐྱོང་འཁོར་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་ནས་གནོད་སྦྱིན་ཐལ་བ་སྐྱོང་གི་ཐུགས་ཀ་ནས་འོད་ཟེར་ཡར་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་༔ ཁྱད་པར་དུ་སྨན་གྱི་ལྷ་དྲང་སྲོང་རིག་འཛིན་གྱི་ཚོགས་དང་བཅས་པའི་དབང་མཆོག་དངོས་གྲུབ་ཐམས་ཅད་བསྡུས་ནས་བདག་ཅག་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་ལ་ཐིམ་པས་ནད་གདོན་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ངན་པ་མི་འདོད་པའི་ཉེ་བར་འཚེ་བ་ཐམས་ཅད་ཞི་ཞིང་༔ འོད་ཟེར་མར་འཕྲོས༔ ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མཐའ་དག་བསལ་ཏེ༔ སྣོད་བཅུད་ཁམས་ཀྱི་སྨན་དང་འཚོ་བྱེད་ཀྱི་བཅུད་བསྡུས་ནས་བདག་ལ་ཐིམ་པས་ཞི་བའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མོས་ལ༔ རཱ་ཛ་ཙནྡྲ་ས་མ་ཡཱ་སརྦ་དུ་ཁ༔ ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཡང་རྒྱས་པའི་ལས་ལ་ཉིན་གུང་དུ༔ བདག་ཉིད་ཡི་དམ་གྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་མདུན་བསྐྱེད་ཡོན་ཏན་གྱི་ཆོས་སྐྱོང་འཁོར་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་ནས༔ གནོད་སྦྱིན་དོན་གྲུབ་རྒྱལ་པོའི་ཐུགས་ཀ་ནས་འོད་ཟེར་ཡར་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་ཁྱད་པར་དུ་ཡོན་ཏན་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་འཁོར་དང་བཅས་པའི་ཞིང་ཁམས་རྟེན་དང་བརྟེན་པའི་ཡོན་ཏན་དང་བཀོད་པ་དབང་བྱིན་ཐམས་ཅད་ཚུར་བསྡུས་ནས་བདག་ཅག་བསྲུང་བྱ་ཡོན་མཆོད་མི་ནོར་འཁོར་བཅས་ལ་ཐིམ་པས་ཚེ་བསོད་དཔལ་འབྱོར་ཆོས་སྲིད་མངའ་ཐང་དང་བཅས་པ་རྒྱས་པར་བསམ༔ འོད་ཟེར་མར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་རྒྱུ་འབྲས་ཀྱི་དབུལ་བ་མཐའ་དག་བསལ་ནས༔ སྣོད་བཅུད་ཀྱི་དཔལ་ཡོན་ཐམས་ཅད་བསྡུས་ཏེ་བདག་ལ་ཐིམ་པས་ལོངས་སྤྱོད་རྣམ་ཐོས་ཀྱི་སྲས་དང་མཉམ་པའི་དངོས་གྲུབ་ཐོབ་པར་བསམ༔ རཱ་ཛ་ཙནྡྲ་ས་མ་ཡ་ཚེ་བསོད་དཔལ་ཡོན་པུཥྚཾ་ཀུ་རུ་ཡེ་སྭཱ་ཧཱ༔ དབང་ལ་དགོང་མོའི་དུས་ཉིད་དུ༔ ཧཱུྃ༔ བདག་དང་མདུན་བསྐྱེད་གཙོ་བོ་ནི༔ ཝ་ཀི་པ་ལའི་ཐུགས་ཀ་ནས༔ འོད་ཟེར་དམར་པོ་ཕྱོགས་བཅུར༴ཞེས་གཡང་འབོད་འགོའི་དེ་ལ་སྔགས་དབང་གི་ཕྲིན་བཅོལ་མཇུག་གི་སྔགས་གཤམ་བཏགས་ལ་བཟླའོ༔ དྲག་པོ་ལ་སྲོད་ཀྱི་དུས་སུ༔ བདག་ཉིད་ཡི་དམ་གྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཕྲིན་ལས་གྱི་ཆོས་སྐྱོང་འཁོར་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་ནས༔ གནོད་སྦྱིན་སྟག་མདའ་གདོང་བའི་ཐུགས་ཀ་ནས་འོད་ཟེར་ཡར་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་༔ ཁྱད་པར་དུ་ཁྲོ་བོ་རྨད་དུ་བྱུང་བའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པའི་ནུས་མཐུ་སྟོབས་རྩལ་ཕྲིན་ལས་ཐམས་ཅད་ཚུར་བསྡུས་ནས་བདག་ཅག་བསྲུང་བྱ་མི་ནོར་འཁོར་བཅས་ལ་ཐིམ་པས༔ ཁམས་གསུམ་འཁོར་བ་ཡོངས་སུ་སྒྲོལ་བའི་དབང་བྱིན་དངོས་གྲུབ་ཐོབ་པར་བསམ༔ ཡང་འོད་ཟེར་མར་འཕྲོས་འཇིག་རྟེན་ཁམས་གྱི་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས་ཏེ་བྲན་དུ་ཁོལ༔ དམ་ཉམས་པ་དང་དམ་ལས་ལོག་པ་དམ་ལ་འཁུ་བའི་ངང་ཚུལ་ཅན་རྣམས་འོད་ཟེར་གྱི་ལྕགས་ཀྱུའི་སྙིང་ཁ་ནས་དྲངས་ཏེ༔ དམ་ཚིག་གི་ཁས་བླང་ཅི་ནས་བྲན་དུ་བཀོལ༔ མ་རུང་དྲག་རྩལ་ཅན་རྣམས་འོད་ཟེར་མཚོན་ཆའི་འཁྲུལ་འཁོར་བསམ་གྱི་མི་ཁྱབ་པ་འཕྲོས་པས་བཅད་གཏུབ་བསྲེག་གཏོར་རྗེས་ཤུལ་ལྷག་མ་ཙམ་ཡང་མེད་པར་རྡུལ་དུ་བརླག་པར་བསམ་ལ༔ ལས་བྱང་མཇུག་གི་རྦད་བསད་ཀྱི་སྔགས་ཅི་རིགས་བརྗོད༔ ཡང་ཟོར་ལས་དགོས་ན་ཟོར་བསྒྲུབ་པའི་ཆེད་ཟོར་སྔགས་དང་༔ བཟློག་པའི་ལས་ལ་བཟློག་གཏོར་ལྷར་གསལ་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་རྗེས་སུ་མཆོད་པ་ལ་རཀྟ་བསྒྲེང་ནས་བསྟོད་དེ༔ བདག་མདུན་ཕྲིན་ལས་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་བཟློག་བྱེད་ཡེ་ཤེས་ཀྱི་ཁྲོ་བོའི་ཚྭ་ཚྭ་གྲངས་མེད་པ་འཕྲོས་ནས་གནོད་བྱེད་བྱད་མ་ལྷ་སྲུང་སྡེ་བརྒྱད་ལྷ་འདྲེའི་ཆོ་འཕྲུལ་རྨི་ལམ་མཚན་མ་ངན་པ་ཕུང་དཀྲོལ་གཡོ་བའི་མཁན་པོ་རྣམས་ཀྱི་སྟེང་དུ་ཕྱིར་བཟློག་ཅིང་སྤུ་གྲིའི་འཁོར་ལོ་ལ་སོགས་པའི་མཚོན་ཆ་སྣ་ཚོགས་པས་གཏུབ༔ ཡེ་ཤེས་ཀྱི་མེ་དཔུང་གིས་བསྲེགས༔ ཆོ་འཕྲུལ་གྱི་རླུང་གིས་གཡེང་པར་བྱས་ཏེ་མིང་གི་ལྷག་མ་ཙམ་ཡང་མེད་པར་གཏན་ནས་བརླག་པར་བསམ༔ རྩ་སྔགས་མཐར༔ གནོད་བྱེད་བྱད་མ་ལྷ་སྲུང་དང་བཅས་པའི་སྟེང་དུ་བྷྱོ་བྷྱོ་བཟློག་བཟློག༔ ལུས་ངག་ཡིད་གསུམ་ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ གཏུབ་གཏུབ༔ ཙིཏྟ་བརླག་བརླག༔ ཀ་ཡ་ཝཀྐ་ཨིནྡྲ་པཉྩ་མ་ནུ་ཥེ་བ་སུ་ཤྲཱི་སརྦ་མ་ར་ཡ་བྷྱོ་བྷྱོ༔ ཨེ་ས་མ་ཡཱ་བཟློག་བཟློག༔ ཞེས་མང་དུ་བཟླས་ནས་གཏོར་མ་གཟི་བྱིན་བསྐྱེད༔ འདིའི་ཟོར་གྱི་སྔགས་ཀྱང་འོང་སྟེ༔ ཟོར་ཡིན་ན་ཟོར་བསྐུལ་གྱི་མཐར༔ དྲག་པོའི་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་ཐུན་རྫས་དང་མཚོན་ཆའི་རང་བཞིན་རྣམ་པ་སྣ་ཚོགས་སུ་གྱུར་ནས་དགྲ་བགེགས་སྒྲོལ་བའི་ཕྲིན་ལས་ལ་ཆས་ཏེ༔ གང་ལ་དམིགས་པའི་ཡུལ་དེར་ས་མཁར་ལ་སྒྱོག་རྡོ་བབས་པ་བཞིན་དུ་ཕོག་སྟེ༔ བྲག་དམར་ཐོག་གིས་གཏོར་བ་བཞིན་ཐལ་བའི་རྡུལ་ཕྲན་ཙམ་ཡང་མ་ལུས་པར་རྨེག་མེད་དུ་བྱས་པར་བསམ་ལ༔ ཟོར་རྐོང་རྣམས་གདབས༔ དེའི་རྗེས་སུ་གཏོར་ཆེན་ཀྱང་འཕང་ནས༔ གཏོར་མ་ཞུགས་ལ་འབུལ་ཏེ༔ དེའི་ཤུལ་དུ་ལུ་གུ་རྒྱུད་ཀྱིས་དལ་བསྐོར་ནས་བྲོ་བརྡུང་ངོ་༔ དེའི་ལས་མི་འཇིག་ཅིང་དྲག་པོའི་འཕྲིན་ལས་ཚར་ཕྱིན་པའི་དགོས་པ་ཡོད་དོ༔ ཅེས་པ་འདི་ཡང་འཇིག་དགའི་བསྐུལ་ངོར་ག་གཱ་ཨ་བྷྱེས་སོ། །ཡི་གེ་པ་ནི་དེ་ཉིད་དོ། །ཡང་དྲག་པོར་བསྒོམ་ན་མངོན་སུམ་དུ་དགྲ་ལ་ཆས་པར་བསམ་ནས་རཱ་ཛ་ཙནྡྲ་ས་མ་ཡ་དགྲ་བགེགས་མ་ར་ཡ་ཕཊ༔ ཧུར་ཐུམ་སོད༔ བརྗོད་གསུངས༔ བདུད་འཇོམས་རྡོ་རྗེས་ནམ་མཁའི་ངོར་གསུངས་སོ། །


previousབསྙེན་དམིགས།next