Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།

1 occurrence of འཆར་སྐྱེམས་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
ཡིད་བཞིན་དབང་གི་རྒྱལ་པོའི་བསྟོད་དབྱངས་ཚངས་པའི་སྒྲ་ཆེན།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousཡིད་བཞིན་དབང་གི་རྒྱལ་པོའི་བསྟོད་དབྱངས་ཚངས་པའི་སྒྲ་ཆེན།next

ཡིད་བཞིན་དབང་གི་རྒྱལ་པོའི་བསྟོད་དབྱངས་ཚངས་པའི་སྒྲ་ཆེན།

ཡིད་བཞིན་དབང་གི་རྒྱལ་པོའི་བསྟོད་དབྱངས་ཚངས་པའི་སྒྲ་ཆེན་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །སྐུ་གསུང་ཐུགས་ཡོན་རྣམ་ཐར་ལ༔ བཅོས་མིན་མོས་གུས་གདུང་ཤུག་གིས༔ སྒོ་གསུམ་འཇུག་པ་གཅིག་དྲིལ་དུ༔ བསྟོད་པའི་གླུ་མཆོད་འདི་སྐད་འབུལ༔ ཨེ་མ་ཧོ༔ སྟོབས་ཀྱི་སྟོབས་འཕགས་བདུད་འཇོམས་ཧེ་རུ་ཀ༔ སྤངས་རྟོགས་མཐར་ཐུག་དོན་གཉིས་ལྷུན་གྲུབ་དཔལ༔ སངས་རྒྱས་ཀུན་འདུས་མགོན་པོ་འོད་དཔག་མེད༔ བདེ་ལྡན་ཞིང་གི་དབང་པོ་ཁྱོད་ལ་བསྟོད༔ སྒྲུབ་སྡེ་ཆེན་པོ་བརྒྱད་ལ་བཞུགས་པའི་ཚེ༔ འཁོར་འདས་ཐམས་ཅད་གསུང་གི་ཁྱབ་བྱེད་མགོན༔ གསུང་ཆེན་ཐེངས་གསུམ་འདུལ་གླུའི་ཁམས་གསུམ་ཀུན༔ གསུང་རྔམས་སྲིད་པ་གཞི་ལ་གཞིག་པར་བསྟོད༔ དཔལ་ཆེན་རྒྱུད་སྡེ་རྒྱ་མཚོའི་ད་ལ་ནས༔ བཅོམ་ལྡན་ཁྲག་འཐུང་པདྨ་ཧེ་རུ་ཀ༔ ཁམས་གསུམ་དབང་བསྡུད་དབང་གི་འཁོར་ལོ་སྡོམ༔ ཆགས་མེད་ཆགས་པས་འདུལ་ཚུལ་ཁྱོད་ལ་བསྟོད༔ མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་ཆེན་པོ་རུ༔ དབང་ཕྱུག་འདོད་རྒྱལ་ཚོགས་ཀྱི་བདག་པོ་ཆེ༔ ཕྱི་ནང་ཐུན་མོང་ལྷ་ཆེན་རྩོད་པ་མེད༔ སྡེ་དཔོན་ཡོངས་ཀྱི་འཕྲོ་གཞི་ཁྱོད་ལ་བསྟོད༔ འདོད་པའི་ཁམས་ཀྱི་སུམ་ཅུ་རྩ་གསུམ་དུ༔ འདོད་དགུའི་ཆར་འབེབས་རྣམ་མང་ཐོས་སྲས་དབང་༔ རི་རབ་བྱང་གི་བ་གམ་ཀུན་དབང་བསྒྱུར༔ མགོན་པོ་དངོས་གྲུབ་གཏེར་བདག་ཁྱོད་ལ་བསྟོད༔ གླིང་བཞི་བྱེ་བ་ཕྲག་བརྒྱའི་འཇིག་རྟེན་ན༔ ཁྱོད་ཀྱི་སྒྱུ་འཕྲུལ་མ་ངེས་ཅིར་ཡང་བསྒྱུར༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཀུན་བསྒྲུབ་མཛད༔ བསྟན་འགྲོའི་གཉེན་གྱུར་ཁྱོད་ལ་ཕྱག་འཚལ་བསྟོད༔ ནཱ་ག་ཀླུ་ཡི་ཡུལ་དུ་འདུལ་སྤྱོད་ཚེ༔ རཏྣའི་བང་མཛོད་མི་མགོན་དཀར་པོ་ཞེས༔ གྲགས་སྙན་འཇིག་རྟེན་གསུམ་གྱི་མཐར་ཁྱབ་པའི༔ ས་འོག་སྐྱོང་བ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཁྱད་པར་སྙིགས་མ་ལྔ་ཡི་ཡང་མཐའ་འདིར༔ གནས་ཡུལ་དུར་ཁྲོད་ཧེ་རུའི་ཞིང་ཁམས་སུ༔ རྟེན་དང་བརྟེན་པའི་བཀོད་པ་མཐའ་ཡས་པ༔ ཁྱོད་གཅིག་འདོད་དོན་སྒྱུ་འཕྲུལ་ཅིར་ཡང་བསྒྱུར༔ བྱེ་བྲག་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྒྱལ་ཆེན་ལྔ་དང་རུ་འདྲེན་ཕོ་ཉར་བཅས༔ བེ་དཀར་བེ་ནག་ཙི་དམར་སྐུ་འཁོར་ལྔ༔ ཅིར་ཡང་བསྒྱུར་བ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཁྱོད་སྐུ་འཇིག་རྟེན་གསུམ་ན་མངོན་པར་འཕགས༔ སྔགས་ཀྱི་ཡེ་ཤེས་གཟུགས་ལས་སྐྱེས་པའི་ཕྱིར༔ ཁྱེད་གསུངས་བརྡ་དག་ཀུན་ལས་མཆོག་བླར་ཕྱིན༔ ལུང་རྟོགས་ཆོས་ཀྱི་གཏེར་མཛོད་ཁྱོད་ལ་བསྟོད༔ ཐུགས་ནི་ཤེས་བྱའི་གནས་ལ་ཆགས་ཐོགས་མེད༔ མཁྱེན་གཉིས་ཡེ་ཤེས་ཉི་ཟླའི་སྤྱན་རས་གསལ༔ ཡོན་ཏན་སྲིད་ཞིའི་ཆེ་བ་མཐའ་དག་རྫོགས༔ ཕྲིན་ལས་རྩོལ་མེད་ལྷུན་གྲུབ་ཁྱོད་ལ་བསྟོད༔ མཐུ་སྟོབས་ལྷ་བརྒྱའི་དཔུང་བ་དུས་གཅིག་བསྟོད༔ ཡིད་སྲུབ་བུ་ལོ་མ་དགྲའི་བརྟན་པ་འཕྲོགས༔ ཞིང་བཅུའི་སྲིད་པ་ཡུད་ཙམ་གཅིག་གིས་བསྣུབས༔ ཧེ་རུ་ཀ་དཔལ་ཆེ་མཆོག་ཁྱད་ལ་བསྟོད༔ བསྟན་དང་བསྟན་འཛིན་ཡོངས་ཀྱི་མགོན་དུ་ཆེ༔ བསྟན་བཤིག་དམ་ཉམས་སྲོག་གི་གཤེད་པོར་ཆས༔ དཀར་ཕྱོགས་རྒྱལ་བློན་ཡུལ་སྡེའི་སྐྱོངས་བྱེད་པོ༔ ཆོས་འཁོར་སྤེལ་དང་འཛིན་བསྲུང་བདག་པོར་བསྟོད༔ ཁྱད་པར་ལྷ་སྔགས་ཏིང་འཛིན་མཐུ་ཐོབ་པས༔ གང་སྒྲུབ་ཡེ་ཤེས་ལས་གྲུབ་རང་དབང་ཀྱང་༔ སྟོབས་ཕྲའི་སྐྱེ་བོ་བདག་འདྲ་ཡོངས་བཟུང་བའི༔ སྙིང་རྗེའི་མངའ་བདག་ཁྱོད་ལ་ཕྱག་འཚལ་བསྟོད༔ དགའ་ན་གདོད་མའི་མགོན་པོའི་རང་ཞལ་སྟོན༔ ཁྲོས་ན་སྲིད་པ་ཡོ་ལོག་གཡོ་འཁྲུགས་སྦྱོར༔ འཁོར་འདས་སྣང་སྲིད་ཡོངས་ཀྱི་ཁྱབ་བདག་ཆེ༔ གནོད་སྦྱིན་རྗེ་བོ་ཁྱོད་ལ་ཕྱག་འཚལ་བསྟོད༔ སྟོང་ན་ནད་གདོན་སྡིག་སྒྲིབ་རྨིགས་ ༼ རྨེག་དཔྱད། ༽མེད་མཛད༔ གང་ན་སྲིད་དང་ཞི་བའི་བཀྲ་ཤིས་དཔལ༔ བསྐྱེད་བྱེད་མ་མའི་ཟོལ་གྱིས་ཀུན་བཀྲུན་པ༔ ས་གསུམ་སྐྱོངས་བ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྔོན་ཚེ་གསང་ཆེན་བབས་སོ་དང་བོ་ལ༔ འོག་མིན་རྣམ་མཛེས་གྲགས་བའི་གནས་བཟང་དུ༔ གྲུབ་པའི་རྒྱལ་པོ་གྲགས་པ་མཐའ་ཡས་ཞེས༔ དངོས་གྲུབ་བརྙེས་པ་ཁྱོད་ལ་ཕྱག་འཚལ་བསྟོད༔ དེ་འོག་བབས་སོ་གཉིས་པའི་དུས་ཚིགས་ལ༔ དགའ་ལྡན་བརྩེགས་པར་པདྨ་ལས་གྲུབ་ཀྱི༔ རྡོ་རྗེ་ཐེག་པའི་སྟོན་པའི་བསྟན་བཞུགས་སྐྱངས༔ བཀའ་བབས་རིག་འཛིན་ཁྱོད་ལ་ཕྱག་འཚལ་བསྟོད༔ དེ་རྗེས་སུམ་རྩེན་ལྷ་ཡི་གྲལ་མདུན་འདོན༔ སེམས་དཔའ་རྡོ་རྗེའི་ཀུན་སྙིང་གཅུང་གྲགས་བཙུན༔ དབང་བསྐུར་དབུགས་དབྱུང་ཁྱོད་ལ་ཕྱག་འཚལ་བསྟོད༔ སླར་ཡང་འཛམ་གླིང་ཡངས་བའི་གྲུ་ཆར་དུ༔ དབང་བསྒྱུར་མ་ངེས་ཆོ་རོལ་གར་བསྒྱུར་བ༔ དངོས་གྲུབ་གཏེར་བདག་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧོ༔ རྡོ་རྗེ་རིགས་ཀྱི་བཀའ་སྡོད་དྲེགས་པའི་རྗེ༔ དགྲ་གདོན་མེ་ཆུ་དུག་མཚོན་ཐོག་གཅན་ཟན༔ སྡིག་སྒྲིབ་མི་འདོད་མི་མཐུན་སྦབ་ ༼ རྦབ་དཔྱད། ༽ གཡང་ནད༔ ཞི་མཛད་ཟླ་བའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧོ༔ ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་བཀའ་སྡོད་པ༔ ཚེ་དཔལ་ཐབས་ཤེས་དཔལ་ཡོན་ཆོས་སྲིད་མཐུ༔ སྲོག་ལུས་དབང་རླུང་གཟི་བརྗིད་བཀྲག་ཟས་ནོར༔ རྒྱས་མཛད་དོན་གྲུབ་མགོན་པོའི་ཡོན་ཏན་བསྟོད༔ ཧོ༔ ནུབ་ཕྱོགས་པདྨའི་རིགས་ཀྱི་བཀའ་སྡོད་པ༔ ཁམས་གསུམ་ལྷ་འདྲེ་མི་ཡི་ཟས་ནོར་གཡང་༔ དབང་ཕྱུག་བརྒྱད་དང་མོས་པ་རྣམ་བཞིའི་དཔལ༔ དབང་བསྡུད་ཝ་ཀི་པཱ་ལའི་གསུང་ལ་བསྟོད༔ ཧོ༔ བྱང་ཕྱོགས་ལས་ཀྱི་རིགས་ཀྱི་བཀའ་སྡོད་ཚུལ༔ བསད་དབྱེ་བསྡིགས་བསྐྲད་རྨོངས་བསྲེགས་བརྡུང་གཏུབ་བརྡེག༔ འབིགས་མནན་གཟིར་གཅིངས་ཟ་གསོད་བསྒྲལ་འདྲེན་པ༔ སྟག་མདའ་མགོན་པོའི་ཕྲིན་ལས་མཆོག་ལ་བསྟོད༔ ཤར་དང་ཤར་ལྷོའི་དཔུང་དང་རུ་འདྲེན་གྱི༔ དྲི་ཟ་མེ་ལྷའི་དཔལ་གཡང་ཡོན་ཏན་འགུགས༔ མི་མཐུན་སྦྱོར་བ་ངན་པ་དབྱིངས་སུ་སྡོམ༔ ལུས་འཕགས་གླིང་ཕྲན་མངའ་བདག་ཁྱོད་ལ་བསྟོད༔ ལྷོ་དང་ལྷོ་ནུབ་རུ་འདྲེན་དཔུང་བཅས་ཀྱི༔ གཤིན་རྗེ་སྲིན་པོའི་དཔལ་གཡང་ཡོན་ཏན་འགུགས༔ མི་མཐུན་བསམ་སྦྱོར་ངན་པ་དབྱིངས་སུ་སྡོམ༔ འཛམ་བུའི་གླིང་ཕྲན་མངའ་བདག་ཁྱོད་ལ་བསྟོད༔ ནུབ་དང་ནུབ་བྱང་རུ་འདྲེན་དཔུང་བཅས་ཀྱི༔ བཙན་དང་རླུང་ལྷའི་དཔལ་གཡང་ཡོན་ཏན་འགུགས༔ མི་མཐུན་བསམ་སྦྱོར་ངན་པ་དབྱིངས་སུ་སྡོམ༔ བ་ལང་ཕྲན་བཅས་མངའ་བདག་ཁྱོད་ལ་བསྟོད༔ བྱང་དང་བྱང་ཤར་རུ་འདྲེན་དཔུང་བཅས་ཀྱི༔ གནོད་སྦྱིན་རླུང་ལྷའི་དཔལ་གཡང་ཡོན་ཏན་འགུགས༔ མི་མཐུན་བསམ་སྦྱོར་ངནཔ་དབྱིངས་སུ་སྡོམ༔ སྒྲ་མི་སྙན་པའི་མངའ་བདག་ཁྱོད་ལ་བསྟོད༔ གཞན་ཡང་ནག་པོ་སྟོང་དང་ཤ་ཟ་འབུམ༔ མ་མོ་བྱེ་བ་གནོད་སྦྱིན་ཁྲི་ཚོགས་གྱིས༔ སྟེང་འོག་ཕྱོགས་མཚམས་དཔལ་གཡང་ཡོན་ཏན་འགུགས༔ མི་མཐུན་བསམ་སྦྱོར་ངན་པ་དབྱིངས་སུ་སྡོམ༔ མིང་གི་བརྗོད་ཚུལ་འཁོར་འདས་གཉིས་ཀྱི་ཆོས༔ དོན་དམ་ཁྱོད་དབྱིངས་གཅིག་དང་དུ་མས་དབེན༔ ཆོས་ཉིད་ཆིངས་སུ་ཡེ་ཤེས་རྒྱ་མཚོར་འདུ༔ འཁོར་འདས་མངའ་བདག་དཔོན་འཁོར་བཅས་ལ་བསྟོད༔ ཧོ༔ ཁྱོད་མཆོག་གསང་གསུམ་ཡོན་ཏན་མཛད་ཕྲིན་ལས༔ ཆོས་ཀྱི་དབྱིངས་དང་ནམ་མཁའི་རྗེས་འགྲོ་བས༔ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ན་ལས༔ བརྗོད་དུ་མ་ཟད་བསམ་པའི་ཡུལ་ལས་འདས༔ མཁྱེན་བརྩེ་ནུས་སྟོབས་ཐུགས་རྗེའི་ཚད་གྲངས་རིམ༔ ས་ཆེན་རྡུལ་གྱི་ཕྲ་རབ་ལས་འདས་པས༔ ཉི་ཚེའི་ཡིད་དང་ངག་གི་སྙིམ་པའི་ཚད༔ བཟུང་དུ་མ་དམིགས་མོད་དེ་རང་ཉིད་ཀྱིས༔ གུས་རྟགས་སྲིད་ཞི་ ༼ སྲི་ཞུ་དཔྱད། ༽ ཙམ་ཞིག་དཔང་པོར་བགྱིས༔ འོན་ཀྱང་མཁའ་མཐའ་སྦྲང་བུའི་གཤོག་རླབས་ཀྱིས༔ ཆོད་དུ་རེ་བ་གཞན་དག་གནམ་པོར་འགྱུར༔ རང་ཉིད་འབའ་ཞིག་ངལ་བ་བསྐྱེད་པར་རིགས༔ ལུས་ཀྱི་གུས་པས་ཕྱག་འཚལ་བསྟོད་པར་བྱ༔ ངག་གི་གུས་རྟགས་ཡོན་ཏན་བརྗོད་པས་བསྟོད༔ ཡིད་ཀྱི་ཟོལ་མེད་དད་ཅིང་ཡི་རང་བསྟོད༔ མཆོད་ཚོགས་འབྱོར་དགའི་བསྟི་སྟངས་བཅས་ཏེ་བསྟོད༔ རོལ་མོ་སྙན་པའི་སྒྲ་དབྱངས་བསྒྲགས་ཏེ་བསྟོད༔ མིག་གི་གདུང་ཤུགས་མཆིལ་མ་འཁྲིགས་ཤིང་བསྟོད༔ ལག་པའི་ཐལ་མོ་སྙིང་ཁར་གཡོ་ཞིང་བསྟོད༔ བཀའ་དྲིན་རྗེས་སུ་བསྐྱང་བ་དྲན་ཅིང་བསྟོད༔ འདོད་དོན་ཕྲིན་ལས་འགྲུབ་པ་དྲན་ཅིང་བསྟོད༔ མི་འདོད་ཉེར་འཚེ་སེལ་བ་དྲན་ནས་བསྟོད༔ དགྲ་གདོན་འཇིགས་ལས་སྐྱོབས་པ་དྲན་ཅིང་བསྟོད༔ སྡོང་གྲོགས་རྒྱབ་བརྟེན་རགས་པ་དྲན་ཅིང་བསྟོད༔ ད་དུང་སྲིད་འཚོའི་བར་དུ་ཁྱེད་ལ་རེ༔ ནམ་ཡང་ཡལ་ཡོལ་བཏང་སྙོམས་མེད་བྱམས་པས༔ བདག་ལ་བདེན་པ་མངོན་སུམ་བསྟན་ནས་ཀྱང་༔ འཇིག་རྟེན་སྨོན་དགུའི་བཀྲ་ཤིས་བདེ་ལེགས་སྩོལ༔ ཨོཾ་ཀཱ་ཡ་བཛྲ་གུ་ཎ་ན་མོ་སྟྭོ་ཏྲ༔ ཝཀྐ་བཛྲ་གུ་ཎ་ན་མོ་སྟྭོ་ཏྲ༔ ཙིཏྟ་བཛྲ་གུ་ཎ་ན་མོ་སྟྭོ་ཏྲ༔ ཛྙཱ་ན་བཛྲ་གུ་ཎ་ན་མོ་སྟྭོ་ཏྲ༔ སྭ་སྟི་སིདྡྷི་རིསྨུ་ ༼ རིསྶུ་ ༽ མངྒ་ལཾ༔ ཅེས་པ་འདི་ཡང་བཀའ་དྲིན་བྱས་པ་གཟོ་ཕྱིར་འདི་འདྲ་དགོས་ཞེས་འབྲོག་འཇིག་རྟེན་ཀུན་ཏུ་དགའ་བས་བསྐུལ་བ་དོན་ཡོད་པར་བྱ་ཕྱིར་མཁའ་འགྲོའི་གསང་མཛོད་བདག་པོ་ག་གཱ་ཨ་བྷྱེ་ནས་དད་གསུམ་གཡོ་བ་མེད་པའི་ལག་པད་སྤྱི་བོར་བགྱིས་པའོ། །དགེའོ། །མངྒ་ལཾ། །


previousཡིད་བཞིན་དབང་གི་རྒྱལ་པོའི་བསྟོད་དབྱངས་ཚངས་པའི་སྒྲ་ཆེན།next