Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
མཚན་མ་བྲལ་བ་དབུ་མ་ཆེན་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཚན་མ་བྲལ་བ་དབུ་མ་ཆེན་པོ།next

མཚན་མ་བྲལ་བ་དབུ་མ་ཆེན་པོ།

མཚན་མ་བྲལ་བ་དབུ་མ་ཆེན་པོ་ཉིད༔ ཟབ་ཞི་སྤྲོས་བྲལ་སོ་སོ་རང་རིག་པ༔ སྒྲོ་འདོག་སོ་གཉིས་ཟད་པའི་རྣམ་པར་ཐར༔ མི་ཕྱེད་སེམས་ཀྱི་རྡོ་རྗེར་མངའ་གསོལ་ལོ༔ ཟག་བཅས་དམིགས་པ་ཞི་བའི་བརྡལ་ཁྱབ་ཏུ༔ ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་ཀྱིས༔ ཟག་འབྲས་ལྷག་མར་བཅས་ཀུན་རྣམ་གཅོད་པའི༔ འོད་ཟེར་ལྡན་པའི་ཉི་མར་མངའ་གསོལ་ལོ༔ ག་བུར་དབང་བོའི་ཡུལ་ནས་ཆས་པ་ལྟར༔ སེམས་ཀྱི་གདུང་བའི་སྟུག་པོ་གཞིལ་ནུས་པའི༔ དང་པོའི་དཔལ་སྟེར་ཟིལ་ཐིག་སྟོང་འཕྲོ་བའི༔ དབང་བཅུར་ནོར་བའི་སྐལ་ནོད་མངའ་གསོལ་ལོ༔ རྣམ་པར་དབུལ་བའི་རང་མཚན་ངོམ་པའི་དུས༔ ཡིད་བཞིན་ནོར་ལ་འཁུ་བའི་རྣམ་རོལ་བརྒྱའི༔ སྐྱེ་དགུའི་དྲུག་པའི་སྨོན་ལམ་དབང་མེད་དུ༔ དགུགས་པའི་བྱེད་པོ་མཆོག་ཏུ་མངའ་གསོལ་ལོ༔ གཞན་དག་ལོག་ལྟའི་སྨོད་པར་གྱུར་བའི་དུས༔ ཕྱིར་ཞིང་ཡོན་ཏན་ཉིད་དུ་དག་དྲན་ནས༔ གཅིག་དུ་ལྟ་བ་ཟབ་མོར་དཀྱིལ་འཁོར་གྱིས༔ འཁོར་ལོར་འབྱམས་སུ་ཀླས་པར་མངའ་གསོལ་ལོ༔ རྣལ་འབྱོར་སྤྱོད་པ་ཟབ་མོར་གཞོལ་བའི་ཚེ༔ སྡིག་ཅན་བདུད་ཀྱི་རྒྱུ་བ་མི་སྦྱིན་པར༔ རྣམ་བཅས་རྣམ་མེད་ཉམས་སུ་བལྟར་བ་ཀུན༔ མཐར་ཕྱིན་གྲོགས་པོ་ཆེ་རུ་མངའ་གསོལ་ལོ༔ ཁྱོད་ནི་རྒྱལ་སྲིད་བདུན་དང་ལྡན་པ་སྟེ༔ ལོག་སྨྲ་རྩིབས་ཀྱིས་གཅོད་པའི་འཁོར་ལོ་ཆེ༔ རྣམ་དཔྱོད་ཕུན་ཚོགས་བཀྲ་བའི་བློན་པོ་སྟེ༔ མངའ་འབྱོར་ཁྱིམ་གྱི་བདག་པོར་མངའ་གསོལ་ལོ༔ ཤེས་རབ་ཟབ་མོའི་ཆོས་འབྱེད་བཙུན་མོ་ལ༔ ཟབ་རྒྱས་ཕུན་ཚོགས་མ་ཎིའི་རྒྱན་འཕྱང་འཕྲུལ༔ ཉམས་སུ་ཆུད་པའི་ཐབས་ཤེས་རྟ་མཆོག་གིས༔ འཁོར་བའི་གྲོང་ལས་རྒྱང་བསྲིང་མངའ་གསོལ་ལོ༔ མཐུ་སྟོབས་ཟབ་མོའི་སྣ་ཞགས་དྲག་ཤུལ་གྱི༔ ཕྲིན་ལས་མཚོན་ཆའི་དགྲ་དཔུང་གཞོམ་པའི་སྒྲས༔ བསྟན་ལ་འགོང་བའི་སྡེ་རིགས་ཚར་ཆོད་པའི༔ སྟོབས་ཆེན་ལྡན་པའི་གླང་པོར་མངའ་གསོལ་ལོ༔ ཤེས་རབ་ཡུལ་དུ་དྲན་པ་ཉེར་བཞག་པའི༔ གཞན་དུ་བདག་པོའི་སྟོང་བའི་རང་རྩལ་ཉིད༔ རང་སྣང་དབང་དུ་འདུས་པའི་རྣལ་འབྱོར་བས༔ གཞན་སྣང་ཟིལ་གནོན་གྲོགས་སུ་མངའ་གསོལ་ལོ༔ ཡང་དག་དགེ་ཆོས་མ་སྐྱེས་སྐྱེ་བ་དང་༔ སྐྱེས་པ་གོང་འཕེལ་སྡིག་ཕྱོགས་དེ་ལས་ལྡོག༔ བརྩོན་འགྲུས་དྲག་པོའི་ཉམས་སུ་ལོན་པ་ཡི༔ ཚོགས་ཀྱི་ལམ་བཟང་གྲོགས་སྦྱོར་མངའ་གསོལ་ལོ༔ ཞི་བའི་བསམ་གཏན་སྟོབས་སུ་འདྲེན་པ་ཡིས༔ རྐང་བཞིའི་བསྒྲོད་པའི་རྫུ་འཕྲུལ་ལ་དབང་ནས༔ དབང་ལྔ་སྟོབས་སུ་རྒྱས་པའི་སྦྱོར་མཆོག་གི༔ དྲོད་རྩེ་བཟོད་ཐོབ་གྲོགས་སུ་མངའ་གསོལ་ལོ༔ མཐོང་བའི་བདེན་དོན་བསྒོམ་པའི་རྣལ་འབྱོར་ལ༔ བྱང་ལག་བདུན་དང་འཕགས་ལམ་ཀླུ་དབང་གིས༔ ས་བཅུ་ཅིག་ཆར་བསྒྲོད་བྱེད་ཉེ་རྒྱུ་ཡིས༔ སྣང་བཞི་འབྱུང་ལྡོག་གྲོགས་སུ་མངའ་གསོལ་ལོ༔ ཁྱད་པར་རིག་སྟོང་ཐིག་ལེ་ཉག་གཅིག་ཏུ༔ རང་སྣང་རང་ངོ་ཤེས་པའི་ཤེས་རབ་ཀྱི༔ སྐད་ཅིག་བྱེ་བྲག་བྱེད་པའི་གཞན་བྱུང་མིན༔ རང་གནས་འབྲས་བུ་སྐུར་སྨིན་ཁྱད་ཆོས་ཅན༔ རྣལ་འབྱོར་བདག་གིས་ཡང་དག་གཉེར་བ་ལ༔ བར་ཆད་ཉེར་འཚེ་ཞི་བར་འགྱུར་བ་ཡིས༔ གྲོགས་པོར་ཁྱོད་ནི་རྟག་ཏུ་བརྟེན་ལགས་ཏེ༔ གཉིས་མེད་དོན་གྲུབ་གྲོགས་སུ་མངའ་གསོལ་ལོ༔ མཐར་ཐུག་སྐུ་གཉིས་འབྲས་བུ་གྲུབ་པ་ན༔ གང་འདུལ་འགྲོ་བའི་དོན་དུ་ལྷག་པའི་ཚེའང་༔ ཕྲིན་ལས་ཕྱོགས་བཅུར་རབ་ཏུ་འབར་བ་ཡིས༔ ཆོས་སྐྱོང་ཆེ་རུའང་ཁྱོད་ནི་མངའ་གསོལ་ལོ༔ མངའ་གསོལ་བྱས་སོ་རང་དོན་ཕུན་ཚོགས་མཛོད༔ མངའ་གསོལ་བྱས་སོ་གཞན་དོན་ཕུན་ཚོགས་མཛོད༔ མངའ་གསོལ་བྱས་སོ་གཉིས་དོན་ཕུན་ཚོགས་མཛོད༔ མངའ་གསོལ་བྱས་སོ་བཀྲ་ཤིས་ཕུན་ཚོགས་མཛོད༔ ཞེས་ཀྱང་ནམ་མཁའ་འཇིགས་མེད་པས་བྲིས།


previousམཚན་མ་བྲལ་བ་དབུ་མ་ཆེན་པོ།next