Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།

1 occurrence of འཆར་སྐྱེམས་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
གནོད་སྦྱིན་དཀོར་གྱི་བདག་པོའི་མངའ་གསོལ་གཞན་སྣང་དབང་བསྒྱུར།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousགནོད་སྦྱིན་དཀོར་གྱི་བདག་པོའི་མངའ་གསོལ་གཞན་སྣང་དབང་བསྒྱུར།next

གནོད་སྦྱིན་དཀོར་གྱི་བདག་པོའི་མངའ་གསོལ་གཞན་སྣང་དབང་བསྒྱུར།

གནོད་སྦྱིན་དཀོར་གྱི་བདག་པོའི་མངའ་གསོལ་གཞན་སྣང་དབང་བསྒྱུར་བཞུགས་སོ༔

དང་པོར་གསོལ་མཆོད་རྒྱས་སུ་གྲུབ༔ དེ་ནས་ཕྲིན་ལས་གང་བཅོལ་བའི༔ རྟགས་མཚན་མངོན་ནའམ་སྔ་ཐོག་རུང་༔ ༼ རྟགས་མཚན་མངོན་པའི་སྔ་ཐོག་ཏུ༔ ཞེས་དཔེ་གཅིག་ན་སྣང་། ༽ འདི་ལྟར་གུས་གདུང་ཤུགས་ཀྱིས་ཟློ༔ ཨེ་མ་ཧོ༔ མཚ༵ན་མ་ཚིག་བྲལ་རྫོགས་པ་ཆེན་པོའི་དབྱིངས༔ མཚ༵ན་བཅས་འཛིན་པ་ཞིག་པའི་ཡེ་ཤེས་དཔལ༔ མཚ༵ན་དཔེའི་བྱད་ལས་ལེགས་འཕོས་མཚུངས་པའི་རྒྱན༔ མཚ༵ན་མཚོན་མི་གཉིས་འཁྲུལ་སྟོབས་དཀྲུགས་ལྟར་མངོན༔༡ རང༵་སྤྱི་སྣ་ཚོགས་གར་ལའང་འགོད་ཀྱང་༔ རང༵་རྩལ་དབང་བསྒྱུར་རྒྱལ་པོ་སྟོབས་པོ་ཆེ༔ རང༵་བཞིན་ཉམས་མེད་ཀུནྡྷའི་རྟེན་འབྲེལ་གྱི༔ རང༵་གི་མངོན་བརྗོད་སྲིད་པ་འདི་ན་འཆང་༔ ༢ནང༵་དབྱིངས་རང་གསལ་ག་བུར་དབང་པོ་ཁྱོད༔ ནང༵་སེལ་ཁྲག་ཁྲིག་འཁོར་འདས་གཡོན་བལྟས་ངོར༔ ནང༵་དང་ནང་གི་དེ་ཉིད་ལ་སྦྱོར་ཕྱིར༔ ནང༵་ཕྱིར་རང་ཤར་གཞོམ་མེད་ཀྱིས་བསྟི་སྟངས༔ ༣དུས༵་ཀྱང་སྨ་འབེབས་ལ་དམན་བག་ཡངས་ཀྱིས༔ དུས༵་གསུམ་གྲུབ་པའི་འདོད་ལྟ་ལས་བསྐལ་ཏེ༔ དུས༵་མེ་ཟ་ལ་རྔམས་ལྟའི་སྒྱུ་འཕྲུལ་གྱི༔ དུས༵་བསྟབས་ཉམས་ལ་དོར་དུ་མངའ་གསོལ་ལོ༔ ༤ཀཻ་ལ་ཤ་ཡི་རྟག་ཅིང་བརྟན་པའི་སྤོར༵༔ མགོ་བོའི་མར་གད་བསིལ་གྱི་བརྟན་པ་སྤོར༵༔ སྡེར་ཆགས་ལ་སྦྱིན་ཚུར་ཏེ་བརྟེན་ལ་སྤོར༵༔ སྤག་པའི་རང་བཞིན་ཡ་ནའི་ཐབས་ལ་སྤོར༵༔ ༥ རིགས་བཞིའི་རེ་སྐོངས་པདྨའི་ངང་ཚུལ་ཅ༵ན༔ འཁོད་པའི་དགེ་མཚན་དྲུག་གི་སྨོན་ལམ་ཅ༵ན༔ མཐར་དགྲམ་ཁྱབ་བརྡལ་བྲེལ་རྒྱུ་མི་དགོས་ཅ༵ན༔ སྟེར་བའི་སྨིག་ ༼ རྨུགས་དཔྱད། ༽ འཛིན་དཔལ་ཀྱང་གནོན་པ་ཅ༵ན༔ ༦ དེ༵་འབྲས་རེ་བཅས་གདུང་ཤུག་གིས་བརྟེན་ལ༔ དེ༵་ཡི་ཡུད་ཙམ་སུམ་ཅུར་བསྒོས་གྲངས་ལས༔ དེ༵་ཉིད་བར་དོར་བོར་བའི་གནས་མིན་པས༔ དེ༵་ལྟས་མཛེས་གཟུགས་རྫིངས་ལ་འཕོས་ལྟ་འཚལ༔ ༧ མཆོ༵ག་ཏུ་འཕགས་གྲགས་འཇིག་རྟེན་ལྷ་ཚོགས་ལས༔ མཆོ༵ག་བལྟས་གུས་གདུང་ཤུགས་ཅན་རང་བཞིན་ལ༔ མཆོ༵ག་གི་་ཁྱད་པར་བླར་ཕྱིན་འགྱུར་མེད་ཀྱི༔ མཆོ༵ག་སྦྱིན་རྡོ་རྗེ་ཆེན་པོར་མངའ་གསོལ་ལོ༔ ༨ ཁྱད༵་པར་འགྱུར་བརྗོད་རལ་གྲིའི་རིག་འཛིན་གྱི༔ ཁྱད༵་འདོན་མཉམ་ལའང་བཤོལ་སྙེམས་འཆང་གཞན༔ ཁྱད༵་དུ་གསོད་ལས་ཕྱིར་ཞིང་ངམ་གྱུར་བས༔ ཁྱད༵་འཕགས་ཕྲིན་ལས་ལྡན་པར་མངའ་གསོལ་ལོ༔ ༩ ཁྲིམས་ཀྱི་བཙུན་མོ་དད་སོགས་རི་ཟུང་གིས༵༔ འཁྱུད་པའི་ནོར་བཟང་སྲིད་ཀྱི་ཡང་ཐོག་གིས༵༔ བཀད་པས་སྟེང་ན་གནས་པའི་མངའ་བདག་གིས༵༔ ཕུན་ཚོགས་མཐོང་གྱུར་གཟུ་བོའི་རྣམ་རིག་གིས༵༔ ༡༠ སྟོབས་མཆོག་མངའ་བའི་ཡུད་ལྟར་མགྱོགས་པ་ལས༵༔ ལས༵་གྱི་གཞན་དབང་མ་ཡིན་ཟག་མེད་འཕ༵གས༔ འཕ༵གས་པ་གསུམ་གྱིས་བླ་མའི་བྱ་བྱེད་སྤྲུལ༵༔ སྤྲུལ༵་བསྒྱུར་སྣ་ཚོགས་འཆར་བོར་མངའ་གསོལ་ལོ༔ ༡༡ཁྱད་གཅིག་ངོ་བོའི་བཞུགས་ཚུལ་དུ་དཔག་ན༵༔ ན༵་རྒ་འཆི་བའི་སྡུག་བསྔལ་བདེན་པ་བྲལ༵༔ བྲལ༵་བའི་ཡོན་ཏན་ཐོབ་པ་མ་འདྲེས་ཆོས༵༔ ཆོས༵་ཉིད་གཟིགས་པའི་རྟོགས་མངར་དབུ་འཕང་བསྟོད༔ ༡༢ རྒྱུར༵་གྱུར་བཟུང་བས་འབྲས་ལ་བཤོལ་མེད་ཅིང་༔ རྒྱུར༵་ལྡོག་མེད་པ་བསེ་ཤིང་འབྲས་བུ་བཞིན༔ རྒྱུར༵་འཁུའི་ངང་ཚུལ་པྲཛྙཱའི་ཞུགས་གི་སྟོབས༔ རྒྱུར༵་བྱས་མ་སྨིན་མངོན་མཛད་མངའ་གསོལ་ལོ༔ ༡༣ སྤྱན་དང༵་མངོན་ཤེས་གཟུངས་དང༵་ཟད་པར་གྱི༔ དབང་དང༵་གནས་གྱུར་རིག་དང༵་ཆོས་ཀྱིས་སྤྲིན༔ གསོགས་དང༵་མ་ཡིན་ཕྱི་དང༵་ནང་གི་ཚོགས༔ གྲུབ་དང༵་མངོན་གྱུར་གང་ད༵ང་སྲིད་ཟླར་མིན༔ ༡༤ སྐུ་མདོག་དུས་བཞིའི་རྒྱལ་མོ་ལས༵་ཐལ་པའི༔ རི་དྭགས་རྟགས་ཀྱི་དལ་འཁོར་ལས༵་འབུམ་བརྩེགས༔ འཇིག་རྟེན་འདིར་སྙེམས་དཔུང་ཚོགས་ལས༵་ལྷག་པའི༔ མཚོ་ཡི་གུས་པའི་ཆེར་འདུད་ལས༵་མངའ་གསོལ༔ ༡༥ ཕྱག་གཡས་སྤེན་གྲི་ཡུ་བ་ཟུང༵་གཤིབ་ཏུ༔ རྭ་གདེངས་ཀྱིས་བརྒྱན་དེའི་ཟླ་ཟུང༵་ལ་ནི༔ དབྱིག་མཆོག་འོད་འབར་སྟེང་འོག་ཟུང་འཇུག་གི༔ བརྡ་རྟགས་ངོམས་པའི་སྒྱུ་མ་ཟུང༵་དེ་ངམ༔ ༡༦ སྲིད་ཞི་གཉིས༵་ལ་མི་གནས་ཐབས་ཤེས་ཀྱི༔ སྟབས་གཤེགས་གཉིས༵་ཀྱིས་ཆུ་ཤེལ་ལ་རོལ་ཚུལ༔ དག་འགྱུར་གཉིས༵་ལས་ཕྱི་མའི་ཁ་དོག་ཆགས༔ ཞི་བསྡུད་གཉིས༵་ལ་བསྒྱུར་མཛད་མངའ་གསོལ་ལོ༔ ༡༧གཞན༵་ཡང་མི་སྣང་ཕྱེད་ཀྱི་སྒོར་བསྟུན་ལ༔ གཞན༵་དབང་མ་དག་ཚུལ་ཅན་ལས་རིང་བས༔ གཞན༵་ངོར་ཡེ་ཤེས་སྒྱུ་མའི་འཕྲུལ་བཞད་རྩེན༔ གཞན༵་གང་ཡོན་ཏན་བརྗོད་ལ་ཁྲེལ་བར་མཆི༔ ༡༨ འོན་ཀྱང༵་རྒྱལ་བའི་ཕྲིན་ལས་རབ་འབྱམས་ཀྱི༔ ཕྱོགས་ཀྱང༵་ཆོས་ཉིད་དོན་གྱི་གནས་ལུགས་སུ༔ འདུམ་ཀྱང༵་མ་རིག་གསལ་བྱེད་འདིར་སྤོར་བས༔ བདག་ཀྱང༵་འཕྲལ་ཕུག་བཀྲ་ཤིས་བདེ་ལེགས་མཛོད༔ ༡༩ ཅེས་ཀྱང་ག་སྨྱོན་པས་ཁ་འབར་རོ། །


previousགནོད་སྦྱིན་དཀོར་གྱི་བདག་པོའི་མངའ་གསོལ་གཞན་སྣང་དབང་བསྒྱུར།next