Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཨོ་རྒྱན་པདྨའི་བསྟན་བསྲུང་ཡིད་བཞིན་དབང་རྒྱལ་ཀྱི་ཕྲིན་བཅོལ་འདོད་དགུའི་སྙེ་མ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཨོ་རྒྱན་པདྨའི་བསྟན་བསྲུང་ཡིད་བཞིན་དབང་རྒྱལ་ཀྱི་ཕྲིན་བཅོལ་འདོད་དགུའི་སྙེ་མ།next

ཨོ་རྒྱན་པདྨའི་བསྟན་བསྲུང་ཡིད་བཞིན་དབང་རྒྱལ་ཀྱི་ཕྲིན་བཅོལ་འདོད་དགུའི་སྙེ་མ།

ཨོ་རྒྱན་པདྨའི་བསྟན་བསྲུང་ཡིད་བཞིན་དབང་རྒྱལ་ཀྱི་ཕྲིན་བཅོལ་འདོད་དགུའི་སྙེ་མ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །དུས་རྣམ་ཀུན་ཏུ་འདོད་དགུ་ལྷུན་གྲུབ་ཕྱིར༔ ཕྱི་ནང་མཆོད་སྐོངས་ཚང་བར་བཀོད་བྱས་ཏེ༔ ལྷ་བསྐྱེད་གསོལ་མཆོད་མངའ་གསོལ་བཅས་པའི་མཐར༔ དོན་སྟོངས་སེམས་ཀྱི་འདེགས་པའི་མོས་ངེས་བཅས༔ ས་མ་ཡཱ༔ ཨེ་མ་ཧོ༔ རིག་སྟོང་གྲྭ་ཟུར་མེད་པའི་ཐིག་ལེ་ཟླུམ༔ འདོད་འབྱུང་ལྷུན་གྲུབ་ཡིད་བཞིན་དབང་གི་རྒྱལ༔ རྩལ་སྣང་སྤྲུལ་སྐུའི་རྣམ་རོལ་གདོན་ཆེན་བགེགས༔ མཛད་པའི་འདུལ་དགོངས་རྒྱལ་ཆེན་སྤྲུལ་འཁོར་བཅས༔ ཚུལ་བཞིན་བསྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ༔ སྨོན་དགུའི་རེ་བ་མཆོག་དང་ཐུན་མོང་སྟེ༔ གོ་འཕང་ཀུན་གྱི་ཕོངས་བ་མེད་པ་ལ༔ ད་ལྟ་ཉིད་དུ་ཁྱོད་ཀྱིས་འགོད་པར་མཛོད༔ གཅན་གཟན་ཁྲོ་བོ་གཉིས་འཐུང་ཆང་གིས་མྱོས༔ ཞུགས་དང་སྦྲུལ་གདུག་ཙོ་ར་མི་རྒོད་རྔམས༔ ལྕགས་སྒྲོགས་མཁའ་ལྡིང་ཆུ་བོ་གནམ་ལྕགས་ཐོག༔ ནད་དང་དབུལ་ཕོངས་བགེགས་ཀྱི་རིགས་བྱེད་འབུམ༔ མཚོན་ཆ་ལ་སོགས་འཇིགས་དང་སྡུག་བསྔལ་ཕྱོགས༔ མི་འདོད་ཉེ་བར་འཚེ་བ་མཐའ་དག་ཀུན༔ མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ༔ ཆོས་སྐྱོངས་ཆེན་པོ་ཁྱོད་ལ་རེ་ལྟོས་འཆའ༔ ཚེ་དང་བསོད་ནམས་དཔལ་དང་བདེ་སྐྱིད་དང་༔ དབང་ཕྱུག་བརྒྱད་དང་གྲགས་དང་སྐལ་བ་བཟང་༔ ཟས་གོས་འཕྱོར་རྒྱན་རྟ་ཕྱུགས་གནག་ལུག་དཀོར༔ ནོར་དང་བང་མཛོད་བུ་དཔལ་རིན་པོ་ཆེ༔ ཕྲིན་ལས་མངའ་ཐང་རླུང་རྟ་བླ་གཟའ་སྟོབས༔ ཕུན་ཚོགས་དྲུག་དང་བདེ་ཆེན་བདུན་གྱི་གཟི༔ ཁ་དབང་ཤེས་རྒྱལ་བློ་སྤོབས་གཟུངས་ལ་སོགས༔ ཡར་ངོས་ཟླ་ལྟར་གོང་དུ་འཕེལ་རྒྱས་མཛོད༔ པཎྚི་ཏ་དང་དེ་བཞིན་ལོ་ཙ་༼ ཙཱ་དཔྱད། ༽བ༔ རྒྱལ་བློན་མོ་བཙུན་ཕོ་སྐྱེས་བན་བོན་དང་༔ མུ་སྟེགས་ལྷ་ཀླུ་གཉན་དང་བྲན་གཡོག་སྡེ༔ འདྲེ་སྲིན་མི་མིན་འབྱུང་པོ་གདུག་པ་ཅན༔ བརྟན་གཡོས་དྭངས་མ་རྭ་བ་སྒོ་བཞིའི་གཡང་༔ འཇིག་རྟེན་ཁམས་ན་ཡོད་དགུའི་སྣོད་བཅུད་དཔལ༔ སྐྱེ་འགྲོ་ཕོ་མོའི་བློ་ཡིད་དབང་དུ་བསྡུས༔ རྒྱལ་བློན་ཕ་མའི་མོས་བཞི་བརྟན་པར་མཛོད༔ གནོད་བྱེད་སྡང་པའི་དགྲ་དང་གདུག་པའི་འདྲེ༔ བཀའ་དམ་ཁྱད་གསོད་བསམ་སྦྱོར་གནག་པའི་རིགས༔ གཟུགས་ཅན་གཟུགས་མེད་སྔ་ཕྱི་ད་ལྟ་བ༔ རྣལ་འབྱོར་ཡོན་མཆོད་རིགས་བརྒྱུད་སློབ་མར་བཅས༔ ཉེས་སྤྲོད་ལེགས་ལ་སྡང་བྱེད་ཐམས་ཅད་ཀྱང་༔ ཚར་བཅད་བསད་གཏུབ་བརྡེག་བཏོགས་གྲོགས་དང་ཕྲོལ༔ འགུགས་འཆིང་སྡོམ་མྱོས་སྲིད་པའི་མཐའ་ཆོས་ཅིག༔ དྲག་པོ་སྒྲོལ་བའི་ཀིང་ཆེན་ཁྱོད་ལ་བཅོལ༔ གཞན་ཡང་ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ སངས་རྒྱས་བསྟན་བསྲུང་དཀོན་མཆོག་དབུ་འཕང་བསྟོད༔ དགེ་འདུན་སྡེ་སྐྱོང་རྣལ་འབྱོར་སྐུ་ཚེ་བསྲིངས༔ སྙན་པའི་དར་ཕྱོར་གྲགས་པའི་དུང་བུས་ལ༔ ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་མཛོད༔ སྔུན་ནས་སུན་མ་རྒྱབ་ཀྱི་སྐྱེལ་མ་དང་༔ ཟས་ལྷ་གྲོགས་ལྷ་ནོར་ལྷ་གཡང་ལྷ་དང་༔ དགྲ་ལྷ་སྲོག་ལྷ་ལུས་ལྷ་ཡུལ་གཞིའི་ལྷ༔ གོས་དང་ལོངས་སྤྱོད་ལྷ་མཆོག་ཁྱོད་ཀྱི་གྱིས༔ དགྲ་སོད་རྐྱེན་བཟློག་འགལ་བ་མཐའ་དག་སོལ༔ བསམ་པའི་དོན་རྣམས་ཡིད་བཞིན་འགྲུབ་པར་མཛོད༔ ཧཱུྃ༔ ཁྱད་པར་མཆོག་གི་རྡོ་རྗེ་སེམས་དཔའི་སྐུ༔ སྨན་དང་འཆི་མེད་འབྱུང་བའི་ཡན་ལག་གིས༔ ལེགས་གྲུབ་ལྷན་ཅིག་སྐྱེས་པའི་འོད་གསལ་ལ༔ རྟགས་ཀྱི་ཕྱག་རྒྱ་སྟོང་གཟུགས་མཐར་ཐུག་པ༔ ཟུང་འཇུག་སློབ་དང་མི་སློབ་སིདྡྷིའི་དངོས༔ གཞན་ཕན་ཕྲིན་ལས་རྣམ་བཞིའི་སྤྲུལ་བའི་སྐུ༔ རྡོ་རྗེ་རིན་ཆེན་པདྨ་ཀརྨ་དང་༔ འཁོར་ལོའི་ཕྱག་རྒྱ་ཆེན་པོའི་རིག་པ་འཛིན༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང་༔ རིགས་གསུམ་རིགས་བཞི་རིགས་ལྔ་རྡོ་རྗེ་འཛིན༔ ཁྱད་པར་རྡོ་རྗེ་ཐེག་པའི་བཅུ་དྲུག་སས༔ ཡེ་ཤེས་བླ་མའི་དབུ་འཕང་བསྟོད་པ་ཡི༔ སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་ས༔ གྲུབ་པའི་མཐུན་རྐྱེན་དམ་ཅན་ཁྱོད་ཀྱིས་བསྒྲུབ༔ རང་དོན་ཆོས་སྐུ་གཞན་དོན་གཟུགས་ཀྱི་སྐུ༔ སྤངས་རྟོགས་བྲལ་སྨིན་འབྲས་བུ་མངོན་གྱུར་གྱི༔ བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད༔ ཅེས་ཀྱང་ནཱ་ཐའི་ངོར་ག་གཱས་སོ། །དེ་ནས་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ ཆོས་སྐྱོངས་ཆེན་པོ་བདག་ལ་དགོངས་སུ་གསོལ༔ དེང་གི་དུས་སུ་ཕྱོགས་འདིར་བསྒྲུབ་པོ་བདག༔ གང་ཟག་གཞན་གྱིས་མཉམ་པར་ཟླ་འོས་ན༔ ཁྱེད་ཀྱིས་བདག་ཉིད་ཡལ་བར་དོར་རམ་ཅི༔ གལ་ཏེ་ང་ཉིད་ཡལ་བར་དོར་བ་ན༔ སྒྲུབ་པ་དོན་མེད་གྱུར་བ་མ་ལགས་སམ༔ དེ་ལྟ་ན་ནི་བདག་ཉིད་ཡིད་བཅད་པས༔ ཀུན་ཀྱང་ཉིད་ལ་ནུས་སྟོབས་མེད་པར་བལྟ༔ དེ་ཕྱིར་བརྩེ་བའི་ཞལ་བཟང་བསྟན་ནས་ཀྱང་༔ བདག་ཅག་ཁྱོད་བརྟེན་པ་ལ་དངོས་གྲུབ་སྩོལ༔ སྔོན་དུས་རིག་འཛིན་པདྨའི་ཞལ་སྐྱིན་པ༔ ཀློང་གསལ་སྙིང་པོའི་ཐ་ཚིག་དྲན་པར་གྱིས༔ དེ་རྗེས་པདྨ་མདོ་སྔགས་གླིང་བ་དང་༔ བློ་གྲོས་མཐའ་ཡས་ཤྲཱི་རྒྱལ་པོ་དང་༔ བདུད་འཇོམས་དཔལ་གྱི་རྡོ་རྗེའི་བཀའ་དམ་བཞིན༔ དེང་འདིར་རྣལ་འབྱོར་བདག་ལ་སྡོང་གྲོགས་མཛོད༔ སྔོན་དུས་ཆོས་རྒྱལ་སྡེ་དགེ་པ་དེ་ཡིས༔ དཀོར་བསྲུང་རྒྱལ་པོ་ཆེན་པོ་ཁྱོད་བརྟེན་ན༔ དེ་ཡང་ཆོས་སྲིད་ཕུན་ཚོགས་རྒྱས་པ་དང་༔ བསྟན་པའི་མངའ་ཐང་ཕྱོགས་བཅུར་སྤེལ་མིན་ནམ༔ དེ་རྗེས་འོད་གསལ་མདོ་སྔགས་གླིང་བས་བརྟེན༔ དེ་ཡང་ཆོས་སྲིད་ཕུན་ཚོགས་རྒྱས་པ་དང་༔ བསྟན་པའི་མངའ་འཐང་ཕྱོགས་བཅུར་སྤེལ་མིན་ནམ༔ དེ་རྗེས་ཤུ་བྷཾ་ཤྲཱིའི་ཁྱོད་བརྟེན་ན༔ དེ་ཡང་ཆོས་སྲིད་ཕུན་ཚོགས་རྒྱས་པ་དང་༔ བསྟན་པའི་མངའ་ཐང་ཕྱོགས་བཅུར་སྤེལ་མིན་ནམ༔ དེ་རྗེས་ནུས་ལྡན་དངོས་སྣང་བས་བརྟེན་ན༔ དེ་ཡང་ཆོས་སྲིད་ཕུན་ཚོགས་རྒྱས་པ་དང་༔ བསྟན་པའི་མངའ་ཐང་ཕྱོགས་བཅུར་སྤེལ་མིན་ནམ༔ དེ་རྗེས་གསང་སྔགས་གླིང་བས་ཁྱོད་བརྟེན་ན༔ དེ་ཡང་ཆོས་སྲིད་ཕུན་ཚོགས་རྒྱས་པ་དང་༔ བསྟན་པའི་མངའ་ཐང་ཕྱོགས་བཅུར་སྤེལ་མིན་ནམ༔བདུད་འཇོམས་རྡོ་རྗེ་ཆེ་ལ་འདི་སྐད་དུ༔ དཔལ་ཆེན་སྤུང་ངམ་མཆོད་རྟེན་དཀར་བོ་རུ༔ ཉིད་ཀྱི་བུ་སློབ་གང་གིས་བདག་བརྟེན་ ༼ བོད་དཔྱད། ༽པ༔ ཡིད་ལྟར་མགྱོགས་བྱས་གྲོགས་དན་ཁས་བླངས་བས༔ རིག་འཛིན་དེ་ཡི་བརྒྱུད་པར་བདག་གྱུར་ཅིང་༔ ཐ་ཚིག་བསྒྲགས་ནས་གདུང་ཤུགས་གིས་འབོད་ན༔ འདིར་གཤེགས་རབ་འབྱམས་ཕྲིན་ལས་ལྷུན་གྲུབ་མཛོད༔ བསྟན་པའི་མངའ་ཐང་ཕྱོགས་བརྒྱར་སྤེལ་བར་མཛོད༔ ཆོས་སྲིད་ཕུན་ཚོགས་པད་མོ་རྒྱས་ནས་ཀྱང་༔ ཀུན་ཀྱང་སྨོན་ལམ་དབང་མེད་སློང་པར་མཛོད༔ ལྷ་ཁྱོད་བརྩེ་བའི་ཐུགས་དང་ལྡན་པས་ན༔ སྔ་མོ་བཟང་དགུ་དེ་དག་བསྐྱང་ནས་སུ༔ ཉམ་ཆུང་བདག་ཉིད་ཡལ་བར་མ་འདོར་བར༔ བདེ་དགའི་ཉིན་བྱེད་དབང་བོ་དེང་སྤོར་ཅིག༔ ལོངས་སྤྱོད་དབྱར་གྱི་ཀླུང་ཆེན་ད་སྩོལ་ཅིག༔ སྙན་གྲགས་ལག་ན་ནོར་འཛིན་དུ་བརྡུང་ཅིག༔ ཁྱིམ་དུ་རཏྣའི་གཏེར་ཆེན་ད་བརྡོལ་ཅིག༔ བཟའ་བཏུང་ཟས་ཀྱི་ཆར་ཆེན་ད་ཕོབ་ཅིག༔ ཚེ་ཡི་ལྗོན་པ་སྲིད་པའི་མཐར་བར་སྤེལ༔ རླུང་རྟའི་བ་དན་དགའ་ལྡན་གནས་སུ་ཕྱོར༔ མཐུ་སྟོབས་ཕྱག་ན་རྡོ་རྗེའི་རྗེས་སུ་བསྙེགས༔ ཐོས་བསམ་བསྒོམ་པའི་ཤེས་རབ་ཟླ་བྲལ་བའི༔ འགྲོ་བ་འདྲེན་པའི་དཔལ་དུ་བསྒྲུབ་པ་ལ༔ བར་ཆད་ཉེ་བར་འཚེ་བས་མི་བརྫི་ཞིང་༔ དཔལ་ལྡན་བླ་མ་ཞབས་པད་བརྟན་པར་མཛོད༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་༔ ཕྱོགས་བཅུའི་བསྟན་འཛིན་ཐམས་ཅད་ཐུགས་བཞེད་འགྲུབ༔ ཕན་བདེའི་འབྱུང་གནས་བསྟན་ལ་འགོང་བའི་སྡེ༔ དེ་ཡང་དྲག་པོའི་དབལ་གྱིས་རྡུལ་དུ་མཛོད༔ མངོན་མཐོའི་རྒྱལ་བོ་ལ་སོགས་ཆེ་དགུ་ཡང་༔ བདག་གི་བྲན་དུ་ཁོལ་བའི་ཕྲིན་ལས་མཛོད༔ དུག་བྱུང་བྱ་དང་དགྲ་བྱུང་མགོ་ཁོས་ལ༔བྱད་དང་རྦོད་གཏོང་ཐམས་ཅད་ཕྱིར་བཟློག་མཛོད༔ ནམ་ཡང་བདག་ལ་ཉེ་བར་འཚེ་མེད་པར༔ ཟླ་རྒྱས་བཞིན་དུ་འགྲོ་བློས་ཉོན་མོངས་མུན༔ བསལ་ལ་བདག་གི་ཕྲིན་ལས་དཔལ་འབར་ནས༔ བཀྲ་ཤིས་སྲིད་གསུམ་ཀུན་ཏུ་ཁྱབ་པར་མཛོད༔ ཅེས་ཀྱང་གདུང་ཤུག་གིས་ཕྲིན་ལས་བཅོལ་བ་པོ་ནི་རྣལ་འབྱོར་བ་ག་གཱ་ཨ་བྷྱེའོ། །སརྦ་མངྒ་ལཾ། །

ཡང་ཅིག་ཕྲིན་བཅོལ་བསྡུས་པ་ནི༔ ཀྱཻ༔ དབང་བཅུའི་མངའ་བདག་ཆོས་སྐྱོང་རྒྱལ༔ བརྩེ་བའི་ཐུགས་རྗེས་བདག་ལ་དགོངས༔ བསམ་པའི་དོན་རྣམས་མ་ལུས་པ༔ ཆོས་སྐྱོང་ཆེན་པོ་ཁྱོད་ཀྱིས་བསྒྲུབ༔ མི་ནོར་རིགས་བརྒྱུད་འཕེལ་བ་དང་༔ ཁ་རྗེ་དབང་ཐང་སྙན་གྲགས་སྟོབས༔ འཇིག་རྟེན་སྨོན་པའི་གནས་སུ་སྤེལ༔ འགལ་རྐྱེན་དགྲ་གདོན་བརྡུལ་དུ་རློག༔ མ་འདའ་བཛྲ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཀྱང་ག་གཱས་སོ། །


previousཨོ་རྒྱན་པདྨའི་བསྟན་བསྲུང་ཡིད་བཞིན་དབང་རྒྱལ་ཀྱི་ཕྲིན་བཅོལ་འདོད་དགུའི་སྙེ་མ།next