Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡིད་བཞིན་དབང་རྒྱལ་གྱི་དབང་གི་གསོལ་མཆོད་ཕྲིན་བཅོལ་བསྡུས་པ་འདོད་འཇོའི་དཔལ་སྟེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡིད་བཞིན་དབང་རྒྱལ་གྱི་དབང་གི་གསོལ་མཆོད་ཕྲིན་བཅོལ་བསྡུས་པ་འདོད་འཇོའི་དཔལ་སྟེར།next

ཡིད་བཞིན་དབང་རྒྱལ་གྱི་དབང་གི་གསོལ་མཆོད་ཕྲིན་བཅོལ་བསྡུས་པ་འདོད་འཇོའི་དཔལ་སྟེར།

ཡིད་བཞིན་དབང་རྒྱལ་གྱི་དབང་གི་གསོལ་མཆོད་ཕྲིན་བཅོལ་བསྡུས་པ་འདོད་འཇོའི་དཔལ་སྟེར་བཞུགས༔

གཏོར་མ་རྒྱལ་མཚན་དབྱིབས་སུ་བྱ༔ དེ་མཐར་རུ་འདྲེན་དཀར་དམར་དང་༔ བཤོས་ཟླུམ་ནོར་བུའི་དབྱིབས་ཅན་གྱི༔ མཐར་ནི་འདོད་དགུའི་རྫས་ཀྱི་གཏམས༔ ཟག་མེད་བདུད་རྩིར་བྱིན་གྱིས་བརླགས༔ དེ་ནས་ལྟ་བ་གྱད་ཀྱི་ལྷར༔ ཡུལ་གསུམ་འཕོས་པས་ངང་མདངས་ཀྱི༔ གདེང་ལྡན་འདི་ལྟར་གསོལ་མཆོད་བྱ༔ ཧཱུྃ༔ སྟོང་ཉིད་ལས་སུ་རང་ཤར་བཀོད་པའི་སྤྲིན༔ ཟག་མེད་ཀུན་བཟང་མཆོད་ཚོགས་ཟིལ་གནོན་ལྟའི༔ ཏིང་འཛིན་རོལ་མོའི་མཛེས་འབར་ཁྱད་པར་གྱིས༔ རྒྱལ་བའི་ཕྲིན་ལས་དབང་གི་རྒྱལ་པོ་དང་༔ སྤྲུལ་འཁོར་རུ་འདྲེན་སྡེ་བཞི་ཡང་སྤྲུལ་བའི༔ དྲེགས་ཚོགས་འཁོར་དང་བཅས་པའི་ཐུགས་དམ་བསྐང་༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་རབ་འབྱམས་པ༔ ཕྱི་ནང་གསང་བ་མཐའ་དག་ཁྱོད་ཀྱིས་སྒྲུབ༔ ཁྱད་པར་འཇིག་རྟེན་ཁམས་ཀྱི་དྭངས་མའི་བཅུད༔ ཉི་ཟླ་ལྟ་བུའི་བདེ་དྲོད་དབང་དུ་བསྡུས༔ རླུང་སེམས་དྷཱུ་ཏིར་འཆིང་བའི་རྣལ་འབྱོར་ལ༔ ཏིང་འཛིན་ལས་རླུང་གོ་སྦྱོར་ཕྲིན་ལས་མཛོད༔ དཔྱིད་ཀྱི་ཐིག་ལེའི་སྨིན་སོའི་བཅུད་བསྡུས་ལ༔ རྩོལ་བས་རྒྱུ་བའི་རྟེན་གནས་སུ་བསྟིམ་སྟེ༔ པདྨ་ལྟ་བུའི་བཀྲག་མདངས་རྒྱས་ནས་ཀྱང་༔ མཐོང་ན་མི་མཐུན་མེད་པའི་དངོས་གྲུབ་སྩོལ༔ དབྱར་གྱི་རྔ་གསང་ལྟ་བུའི་གྲགས་སྙན་གྱི༔ བ་དན་སྲིད་པའི་རྩེ་ལ་རབ་བསྒྲེངས་ནས༔ གཞན་སྣང་དབང་དུ་བསྒྱུར་བའི་མངོན་རྟགས་མཆོག༔ མོས་བཞིའི་འབྲས་བུ་རྫོགས་ལྡན་དཔལ་བཞིན་སྤེལ༔ གང་ཞིག་ལས་ཀྱི་གཟོ་བོ་གཡོན་ཅན་གྱི༔ ཁ་ལོ་བསྒྱུར་ཀྱང་སྟོང་ལ་རྟེན་འབྲེལ་མཐུ༔ རུང་བའི་བཟློག་ཏུ་བཤོལ་ལ་བསྙད་ཞུགས་པའི༔ ཁྱོད་ཀྱི་མཐུ་ཡིས་ནུས་ཕོད་མེད་པར་གཟིས༔ ཕྱྭ་གཡང་ཕུན་ཚོགས་ནོར་འཛིན་ཐ་གྲུའི་ཁྱོན༔ ལས་བརྡོལ་བླ་འོག་སྟོབས་ཆེན་ཁྱད་པར་གྱི༔ དྭངས་བཅུད་ཁབ་ལེན་རྡོ་དང་ལྕགས་ཕྲད་བཞིན༔ སྒྲུབ་པོའི་ཉེར་སྤྱོད་དཔལ་དུ་ལྷུན་གྲུབ་མཛོད༔ ཨ་ཎི་ནཱ་ག་ཏྲི་ཡི་བློ་ཡིད་སེམས༔ དབང་དུ་བསྡུས་ལ་སྨོན་དགུའི་དངོས་གྲུབ་རྣམས༔ སྩོལ་ཞིང་བྲི་མེད་ཡར་ཟླའི་རྗེས་སོན་ནས༔ པུནྱེ་ཉེར་འཚེ་མཐའ་དག་གཡོན་དུ་བསྒྱུར༔ ཕྱི་ནང་གསང་བའི་ཡོ་བྱད་ཐམས་ཅད་ཀུན༔ དབང་གི་རྒྱལ་པོ་ཁྱོད་ལ་གཉེར་དུ་གཏད༔ གུད་པའི་སྐྱོན་མཐའ་བསལ་དུ་རེ་ལྟོས་བྱེད༔ གཞན་ཟེར་གྱལ་བའི་གནས་ལ་གཟོན་དུ་འཚལ༔ ཟླར་བྱད་གཞན་སྒྲུབ་གང་དག་ལ་དཔག་ཞིང་༔ ལྷ་ལ་བསྙད་འདོག་སྒྲུབ་པོ་ཡིད་བསད་ནས༔ གང་གི་མཐུ་ལ་བཀལ་བའི་ཉེན་ཆེར་དུ༔ དགོངས་ཤིང་རང་མཚན་མངོན་སུམ་བསྟན་པར་མཛོད༔ སྔོན་དུས་དམ་ཚིག་ཞི་ལ་མི་གཞོལ་བའི༔ འགྲོ་སླད་གང་འདུལ་ཕན་དང་བདེ་ཡིན་ན༔ དེ་བཟློག་སྲིད་འདས་སྲིད་པར་སྨ་འབེབས་ན༔ སོ་སོའི་སྐྱེ་བོའི་རང་བཞིན་ལས་ཀྱང་དམན༔ ཚུལ་བསྟན་ཀློང་གསལ་སྤྱན་སྔར་བཀོད་པའང་༔ ལས་ཐབས་ཕྲིན་ལས་མྱུར་ལ་རློམ་ཞུགས་སུ༔ སྐྱེ་རྒྱུད་མེད་པའི་བསྲུང་མ་གཞན་བསྟུན་ཏེ༔ སངས་རྒྱས་བསྟན་ལ་གདུང་བའི་རོལ་མོ་བརྡུང་༔ དེ་རྗེས་གར་གྱི་དབང་ཕྱུག་མདོ་སྔགས་གླིང་༔ བཀའ་སྡོད་ཚུལ་བཟུང་མཐུ་ཆེན་རང་གཟུགས་ངོམས༔ ཆོས་སྲིད་ཟུང་འཇུག་ཉི་ཟླའི་སྣང་བ་ཡི༔ སྡེ་བཞིའི་དཔལ་གྱི་དགེ་ལེགས་གོང་དུ་སྤེལ༔ སླད་ཀྱང་ཆེ་མཆོག་རྡོ་རྗེ་བདུད་འཇོམས་དྲུང་༔ ཆོས་ཚིགས་ཡུལ་དབུས་མཆོད་རྟེན་དཀར་པོ་རུ༔ ཇི་ལྟར་ཚུལ་བསྟན་ཞལ་བཞེས་དགོངས་པར་གྱིས༔ དེ་ཕྱིར་དམན་ཀྱང་ཡལ་བར་ག་ལ་བོར༔ ཡལ་གམ་བཞི་བོ་ལྡན་པའི་བསྲུང་མ་ཁྱེད༔ བླ་མར་བྱའོ་འཕོ་ཆེན་ཐེམ་སྐས་ཚུགས༔ ཡི་དམ་ལྷར་བརྟེན་མཆོག་ཐུན་དངོས་གྲུབ་སྩོལ༔ མཁའ་འགྲོ་ཆོས་སྐྱོང་དངོས་བརྟེན་བར་ཆད་སོལ༔ བཀའ་དང་དམ་ཚིག་གཉན་པོ་དཔང་དུ་བཞག༔ གདུང་ཤུགས་གུས་པའི་ཡིད་ཀྱིས་གསོལ་བ་གདབས༔ རབ་འབྱམས་ཕྲིན་ལས་སྒྲུབ་པའི་གཉེར་དུ་གཏད༔ རྣལ་འབྱོར་རེ་བའི་འབྲས་བུ་སྨིན་པར་མཛོད༔ ཅེས་གཏོར་མ་ལོ་གྲོགས་ཕྱོགས་སུ་མཆོད༔ ཁྱད་པར་མདུན་གྱི་ལྷའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུའི་བསྡུས་པའི་འཁོར་འདས་ཀྱི་དཔལ་ཡོན་གྱིས་བདག་གི་གནས་ཁང་དང་བང་མཛོད་ཐམས་ཅད་གང་བར་བསམ་ལ༔ ཨོཾ་རཱ་ཛ་ཙནྡྲི་ས་མ་ཡཱ་ཕེམ་ཕེམ་ཛཿཛ༔ ཨ་ཎི་ནཱ་ག་ཏྲི་ཝ་ཤཾ་ཀུ་རུ་སྭཱ་ཧཱ༔ ཞེས་པའམ༔ ཁམས་གསུམ་སྲིད་གསུམ་འདོད་དགུའི་དཔལ་ཡོན་ཐམས་ཅད་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་རྩ་སྔགས་དང་དབང་བསྡུད་སྔགས་ཅི་འགྲུབ་བྱས་པས༔ འགྲུབ་རྟགས་ཉི་མ་བདུན་ན་ནུབ་མོ་འཇིགས་སྣང་དང་ལྷན་ཏུ་གཟུགས་སྟོན་ནམ༔ ནོར་སྲུང་སྲེ་བོར་བརྫུས་ཏེ་དངོས་ཉམས་རྨི་ལམ་གང་རུང་དུ་གདོད་མི་ཟ་བ་དང་༔ ལས་གང་བཅོལ་དུ་བསྒྲུབ་པར་ཐེ་མི་ཚོམ་སྟེ༔ འཇིག་རྟེན་ལྟར་སྒྲུབ་ན་མི་ཇི་ལྟ་བར་གཅོད་པ་ཌཱ་དྲིལ་ཁུར་ནས་རྐང་དུང་རྐེད་ལ་དྲང་བ་དགེ་སློང་གི་ཆས་སུ་བསྒོམ་ནས་མངོན་སུམ་ཡོད་པར་བསྒོམ་ན་ངེས་པར་མི་ལབ་པ་བཞིན་དང་༔ ཡེ་ཤེས་ལྟར་ནི་སྔ་མ་བཞིན་བསྒོམ་ན་གཟུགས་མེད་ཀྱང་ལྷག་བྱས་ཡོད་གསུངས་སོ༔ ཅེས་ཀྱང་ག་གཱ་བས་སོ། །ཡང་དྲག་པོར་བསྒོམ་ན་མངོན་སུམ་དུ་དགྲ་ལ་ཆས་པར་བསམ་ནས༔ རཱ་ཛ་ཙནྡྲི་ས་མ་ཡཱ་དགྲ་བགེགས་མཱ་ར་ཡ་ཕཊ༔ ཧུར་ཐུཾ་སོད༔ བརྗོད་གསུངས༔ བདུད་འཇོམས་རྡོ་རྗེས་ནམ་མཁའི་ངོར་གསུངས་སོ། །དགེའོ། །


previousཡིད་བཞིན་དབང་རྒྱལ་གྱི་དབང་གི་གསོལ་མཆོད་ཕྲིན་བཅོལ་བསྡུས་པ་འདོད་འཇོའི་དཔལ་སྟེར།next