Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཀོར་བདག་གསོལ་བསྡུས་དབང་གི་ཞགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཀོར་བདག་གསོལ་བསྡུས་དབང་གི་ཞགས་པ།next

དཀོར་བདག་གསོལ་བསྡུས་དབང་གི་ཞགས་པ།

དཀོར་བདག་གསོལ་བསྡུས་དབང་གི་ཞགས་པ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །ཀྱཻ༔ གནོད་སྦྱིན་ནོར་བདག་དབང་གི་རྒྱལ༔ འཁོར་བཅས་འདིར་གཤེགས་མཆོད་པ་བཞེས༔ ཕྱི་ནང་གསང་བའི་དངོས་གྲུབ་ཀུན༔ བདག་ལ་སྩལ་ཞིང་བརྟན་པར་མཛོད༔ ཅེས་ཀྱང་འཇིག་དགའི་ངོར་ག་གཱས་སོ། །༈ མ་ཧཱ་རཱ་ཛ་ ༼ རྒྱལ་ཆེན་ ༽ཙནྡྲ་ཤྭ་ར་ ༼ ཟླ་བའི་དབང་པོ་ ༽པདྨ་ཤཱ་ས་ན་ ༼ པདྨ་བསྟན་སྲུང་ཞེས་དང་ ༽རཀྵ་ཨེ་དཾ་བྷ་ལིངྟ་ ༼ དམ་རྫས་གཏོར་མཆོད་བཞེས་ཤིག་ ༽ཁཱ་ཧི༔ སརྦ་ཀརྨ་སིདྡྷི་སིདྡྷི་ ༼ ཕྲིན་ལས་རབ་འབྱམས་ཐམས་ཅད་སྩོལ་ཅིག་ཞེས་པའི་དོན་ནོ། ༽ཨོཾ༔ ཅེས་གཏོར་འབུལ་དང་ཕྲིན་གསོལ་གྱི་སྔགས་བསྡུས་པ་འདི་ཡང་ག་གཱས་སོ། །སྲུང་མ་མཆོད་པར་འདོད་ན་བསང་རྫས་དང་ཕྱེ་མར་གསེར་སྐྱེམས་རྣམས་བསང་ལ༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ཀྱཻ༔ གནོད་སྦྱིན་ནོར་བདག་དབང་རྒྱལ་འཁོར་དང་བཅས༔ དད་དང་དམ་ཚིག་དབང་གིས་འདིར་འབོད་ན༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་གྲོགས་སུ་བྱོན༔ གཙང་སྦྱར་གཏོར་མ་བདུད་རྩིའི་མཆོད་པ་བཞེས༔ མགོན་དང་དཔུང་གཉེན་སྐྱབས་དང་ཁྱིམ་ལྷར་བཞུགས༔ འགལ་རྐྱེན་བར་ཆད་མཐའ་དག་དབྱིངས་སུ་སོལ༔ མི་ཡི་དགྲ་བླ་ཕྱུག་གི་རུ་མ་མཛོད༔ གཞན་ཡང་ཕྲིན་ལས་རབ་འབྱམས་མ་ལུས་པ༔ གང་བཅོལ་ཐོགས་པ་མེད་པའི་སྡོང་གྲོགས་མཛོད༔ བཀའ་དང་དམ་ཚིག་གཉན་པོའི་གཏའ་རུ་གཙུག༔ ཨོཾ་ཨཱཿཧཱུྃ་རཱ་ཛ་ཙནྡྲ་པདྨ་ཤཱ་ས་ན་རཀྵ་ཨེ་དཾ་བྷ་ལིངྟ་ཁཱ་ཧི༔ བླ་བསམ་པའི་བསྐུལ་ངོར་ག་གཱས་སྨྲས་སོ། །ཀུན་ཏུ་བཟང་པོའི་དགོངས་ཉམས་ལས༔ དཀོར་སྲུང་གསོལ་བསྡུས་དགོས་འདོད་ཀུན་འབྱུང་བཞུགས་སོ༔ ཧཱུྃ༔ ཆོས་ཉིད་མི་འགྱུར་བརྗོད་བསམ་བྲལ་བ་ཡི༔ རིག་གདངས་རྡོ་རྗེ་ཐོགས་མེད་མཚོན་ཆ་ཆེ༔ དཀོར་སྲུང་རྒྱལ་པོ་ཙནྡྲ་སྨྲ་ར་ཅན༔ བཞེངས་ཤིག་མི་མངོན་དབྱིངས་ནས་སྐུར་བཞེངས་ཤིག༔ གཤིས་ལུགས་དྲན་རིག་གཉུག་མའི་གཏོར་མ་བཞེས༔ ཁམས་གསུམ་སྲིད་གསུམ་ཟས་ནོར་འདོད་དགུའི་དཔལ༔ རྒྱལ་བློན་འབངས་འཁོང་དང་བཅས་བདག་དབང་བསྒྱུར༔ མངའ་ཐང་སྟོབས་འབྱོར་གདུལ་བྱ་སྙན་གྲགས་དང་༔ ཚེ་བསོད་དཔལ་འབྱོར་རླུང་རྟ་བླ་གཟའ་མཐུ༔ མདོར་ན་མོས་པ་རྣམ་བཞི་དབང་དུ་བསྡུས༔ ༈ རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ ཉི་ཟླ་བཞིན་དུ་བདེ་དྲོད་འབར་གྱུར་ཅིག༔ དབྱར་རྔ་བཞིན་ཏུ་སྙན་གྲགས་རྒྱས་གྱུར་ཅིག༔ ནོར་བུ་བཞིན་དུ་དགོས་འདོད་འབྱུང་གྱུར་ཅིག༔ དཔག་བསམ་བཞིན་ཏུ་གཞན་དོན་འབྱུང་གྱུར་ཅིག༔ སྐར་ཚོགས་བཞིན་ཏུ་འཁོར་སློབ་རྒྱས་གྱུར་ཅིག༔ དབྱར་མཚོ་བཞིན་ཏུ་ཆབ་སྲིད་དར་གྱུར་ཅིག༔ ནམ་མཁའ་བཞིན་ཏུ་རྟག་ཏུ་བརྟན་གྱུར་ཅིག༔ འབྲས་བུ་བཞིན་ཏུ་ལོངས་སྤྱོད་རྒྱས་གྱུར་ཅིག༔ ཡར་ཟླ་བཞིན་ཏུ་གོང་ནས་གོང་དུ་འཕེལ༔ ཅི་བསམ་འདོད་པའི་དོན་ཀུན་ཡོངས་གྲུབ་མཛོད༔ བཀའ་དང་དམ་ལ་མ་འདའ་ས་མ་ཡཱ༔ རཱ་ཛ་ཙནྡྲ་ས་མ་ཡ་ཁམས་གསུམ་སྲིད་གསུམ་འདོད་དགུའི་དཔལ་ཡོན་ཐམས་ཅད་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཅེས་ཀྱང་ཀློང་ཆེན་དགྱེས་པའི་རྡོ་རྗེ་དང་དེའི་གཅུང་མཁའ་ཀློང་ཡངས་བ་གཉིས་ནས་རྩེད་མོའི་ཚུལ་དུ་སྲ་སྲེལ་རང་ལོ་བཅུ་གཅིག་པ་ལ་སྨྲས་པ་དགེ་བར་གྱུར་ཅིག །དགེའོ། །


previousདཀོར་བདག་གསོལ་བསྡུས་དབང་གི་ཞགས་པ།next