Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡིད་བཞིན་དབང་རྒྱལ་གྱི་ཟ་ངུ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡིད་བཞིན་དབང་རྒྱལ་གྱི་ཟ་ངུ་བསྡུས་པ།next

ཡིད་བཞིན་དབང་རྒྱལ་གྱི་ཟ་ངུ་བསྡུས་པ།

ཡིད་བཞིན་དབང་རྒྱལ་གྱི་ཟ་ངུ་བསྡུས་པ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ རྣལ་འབྱོར་མ་ཉེས་དགྲ་བྱུང་ནས༔ རྦད་བསྐུལ་གཏོར་ཟོར་སྣ་བསྟན་མཐར༔ འཁོན་སྡུམ་ཟས་ནོར་གྱིས་འབྲེལ་ན༔ ཟ་ངུའི་གནད་འདི་རབ་ཏུ་ཟབ༔ གསེར་སྐྱེམས་གཏོར་མ་སྦྱངས་སྤེལ་བསྒྱུར༔ ཧཱུྃ༔ ཡེ་ཤེས་སྤྱན་ལྡན་ཆོས་སྐྱོང་ཆེ༔ འཇིག་རྟེན་དྲེགས་པའི་ཚུལ་བཟུང་བ༔ དཀོར་སྲུང་རྒྱལ་པོ་ཙནྡྲ་གསལ༔ སྤྲུལ་འཁོར་བྱེ་བ་དང་བཅས་པ༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ ང་ནི་མ་ཉེས་མ་ལན་བཞིན༔ ཡོངས་ལ་གནོད་པའི་དགྲ་བོ་འདིས༔ སྔགས་འཆང་སྒྲུབ་ལ་བར་དུ་གཅད༔ འཚོ་བསྐྱང་རྫས་ལ་ཆོམ་རྐུན་བྱས༔ མི་ལ་གནོད་ཅིང་ལྷ་ལ་བརྙེས༔ སྲུང་མ་གཉན་པོ་ར་མདར་སྦྲན༔ ད་ནི་འཇིག་རྟེན་མཐུན་འཇུག་ལས༔ གནོད་རྒོལ་ལ་འཇིགས་བྱ་ཐབས་བྲལ༔ དེ་མཐུས་ཟས་ནོར་འབྲེལ་བ་དང་༔ སྲུང་དང་རིམ་གྲོ་བགྱི་བའི་ཚུལ༔ ཇི་ལྟར་བྱས་ཀྱང་གཤེད་དུ་ཕོབ༔ སྡུག་ཡུས་རང་ལ་མ་སྟོན་ཅིག༔ མི་དང་འདུམ་ཀྱང་ལྷར་མ་འདུམ༔ མ་ཟད་བར་དུ་ཟ་ངུ་གྱིས༔ ཟད་ནས་འབྱུང་བ་བཞི་ལ་སྟོན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མཐུ་རྩལ་ཆེ་བའི་རང་མདངས་ངོམས༔ བཀའ་དང་དམ་ཚིག་གཉན་པོའི་རྒྱ༔ མ་མདའ་བཛྲ་ས་མ་ཡཱ༔ ཅེས་ཀྱང་འོད་ཟེར་མཐའ་ཡས་ཀྱི་ངོར་ག་གཱ་ཨ་བྷྱེས་སོ། །ཆོས་སྐྱོང་ཟ་ངུ་བསྡུས་པ་བཞུགས༔ ཕུད་སྐྱེམས་བཤམས་ནས་འདི་སྐད་དོ༔ ཀྱཻ༔ ཡིད་བཞིན་དབང་རྒྱལ་འཁོར་བཅས་དགོངས་སུ་གསོལ༔ རྣལ་འབྱོར་བདག་ནི་མ་ཉེས་མ་ལན་སྟེ༔ སྡང་བའི་དགྲ་བོ་འདི་ཡིས་ཆད་པས་གཟིར༔ མི་གསོད་ནོར་འཕྲོགས་བརྡེགས་བརྡུང་གླེང་བརྗོད་བརྙེས༔ འཇིག་རྟེན་ལམ་ནས་གནོད་ལན་མ་འབྱོར་བས༔ ཡེ་ཤེས་ལྷ་ལ་མཐུ་དཔུང་ར་མདར་སྦྲན༔ སླད་ཀྱི་མཐུན་འཇུག་འཁོན་སྡུམ་ཁ་སེམས་དད༔ རྒྱུ་རྫས་ཆོས་ཀྱི་འབྲེལ་བ་འདྲེས་ཤོར་དང་༔ མ་ཚོར་བའམ་ཤེས་བཞིན་བག་མེད་ཀྱིས༔ བསྲུང་བཟློག་ལ་སོགས་ཇི་ལྟར་བྱས་ཀྱང་རུང་༔ དེ་མ་ཐག་ཏུ་འཁྲེན་གཟེར་མ་རྐྱེན་པར༔ ཤོང་ཡང་བསྐྱེད་ཅིག་ཆོས་སྐྱོང་རིན་པོ་ཆེ༔ ཡེ་ཤེས་ལྷ་ཡིས་སྡུག་ཡུས་མི་མཛད་དུ༔ མཁའ་མཉམ་ཐུགས་ལ་བཏང་སྙོམས་ཆེ་གནས་སླད༔ རྣལ་འབྱོར་བདག་ལ་བཀའ་ཆད་མི་འབབ་རྒྱུ༔ རྒྱུ་འབྲས་བདེན་པ་བསླུ་མེད་སྨིན་པའི་གཤིས༔ ད་དུང་ལས་ངན་སྐྱེ་བརྒྱུད་ཆད་པ་དང་༔ རྣམ་སྨིན་སྡིག་ཡུན་ཐུང་ཞིང་གཏན་བདེ་ལ༔ སྦྱོར་སྲིད་སྡང་བའི་དགྲ་ལ་ཟ་ངུ་གྱིས༔ བཀའ་དམ་མ་འདའ་བཛྲ་ས་མ་ཡ༔ ཅེས་ཀྱང་ན་ཐའི་ངོར་ག་གཱས་སོ། །ཀྱཻ༔ དབང་གི་རྒྱལ་པོ་འཁོར་བཅས་དགོངས་སུ་གསོལ༔ རྣལ་འབྱོར་བདག་ལ་དགྲ་བྱུང་བྱད་བྱས་སླར༔ འཁོན་སྡུམ་མཐུན་འཇུག་ཤེས་དང་མ་ཤེས་ལས༔ ཇི་ལྟར་བྱས་ཀྱང་སླར་ལ་མ་ལྡོག་པར༔ དགྲ་བགེགས་མ་ཟད་བར་དུ་ཟ་ངུ་གྱིས༔ ཤྲཱི་བས་སོ། །


previousཡིད་བཞིན་དབང་རྒྱལ་གྱི་ཟ་ངུ་བསྡུས་པ།next