Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།

1 occurrence of འཆར་སྐྱེམས་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གནོད་སྦྱིན་དཀོར་གྱི་བདག་པོའི་གཏོར་འབུལ་བཀྲ་ཤིས་མེ་ཏོག
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousགནོད་སྦྱིན་དཀོར་གྱི་བདག་པོའི་གཏོར་འབུལ་བཀྲ་ཤིས་མེ་ཏོགnext

གནོད་སྦྱིན་དཀོར་གྱི་བདག་པོའི་གཏོར་འབུལ་བཀྲ་ཤིས་མེ་ཏོག

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ གནོད་སྦྱིན་དཀོར་གྱི་བདག་པོའི་གཏོར་འབུལ་བཀྲ་ཤིས་མེ་ཏོག་ཅེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བྷ་ལིང་བརྗིད་ལྡན་འདོད་དགུའི་བསྐོར༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱའི་སྤེལ༔ ཧཱུྃ་ཧྲཱི༔ ཕྱི་ལྟར་རིན་ཆེན་སྣ་ཚོགས་བྷནྡྷ་རུ༔ བྷ་ལིང་གཙང་སྦྱར་གཡོས་ལེགས་བཟའ་བཅའ་སྐོམ༔ འདོད་ཡོན་སྣ་ལྔ་རྟག་འཆར་ཕུང་པོར་འབར༔ སྔགས་དང་ཏིང་འཛིན་དགོངས་པའི་ཕབ་གྱིས་བྲན༔ སྤྲུལ་སྐུ་ཡིད་བཞིན་དབང་རྒྱལ་འཁོར་བཅས་མཆོད༔ ནང་ལྟར་བྷནྡྷ་འབར་བའི་སྣོད་ཡངས་བར༔ དམ་རྫས་ཤ་ལྔ་བདུད་རྩི་རྣམ་ལྔ་སོགས༔ རུ་ཏྲ་བསྒྲལ་བའི་ཟག་རྫས་སོ་གཉིས་པོ༔ བརྟུལ་ཞུགས་ཐབས་ཤེས་རྟོགས་པའི་ལྟ་གདིང་གིས༔ སྤྲུལ་སྐུ་ཡིད་བཞིན་དབང་རྒྱལ་འཁོར་བཅས་མཆོད༔ གསང་བ་འཁོར་ལོ་བཞི་ལྡན་བྷནྡྷ་རུ༔ འབར་འཛག་དབབ་ལྡོག་རང་དབང་དཔྱིད་ཐིག་རྒྱུན༔ བདུད་རྩི་ཁམས་ཀྱི་དམ་ཚིག་ཟག་མེད་གསོས༔ རྩ་རླུང་རང་གྲོལ་དགའ་བཞིའི་ཕབ་ཀྱིས་བྲན༔ སྤྲུལ་སྐུ་ཡིད་བཞིན་དབང་རྒྱལ་འཁོར་བཅས་མཆོད༔ ཡང་གསང་ཆོས་འབྱུང་པདྨོའི་བྷནྡྷ་རུ༔ བདེ་སྟོང་ཟིལ་དངར་སྤུང་བའི་ངོ་བོ་ལ༔ ཉེར་གཅིག་ཁམས་ཀྱི་རྣམ་གྲོལ་ཨེ་ཝཾ་རོས༔ ལྷན་སྐྱེས་ཡེ་ཤེས་ཆེན་པོའི་ཕབ་ཀྱིས་བྲན༔ སྤྲུལ་སྐུ་ཡིད་བཞིན་དབང་རྒྱལ་འཁོར་བཅས་མཆོད༔ མཆོག་གསང་གཟུང་འཛིན་རྣམ་དག་བྷནྡྷ་རུ༔ བདེ་ཆེན་ལྷ་མོའི་གར་སྐོར་གླུ་ཕྲེང་རྩེན༔ སྣང་སྲིད་གཞིར་བཞེངས་རང་བྱུང་བྷ་ལིངྟ༔ མ་བཅོས་ལྷུན་གྲུབ་དགོངས་པའི་ཕབ་ཀྱིས་བྲན༔ སྤྲུལ་སྐུ་ཡིད་བཞིན་དབང་རྒྱལ་འཁོར་བཅས་མཆོད༔ ཧཱུྃ༔ རྩ་བརྒྱུད་བླ་མའི་རོལ་བར་ཡོངས་བཞེངས་ནས༔ མཐུན་པས་མཐུན་པ་འདུལ་མཛད་ཁྱོད་ལ་སྟོབས༔ ཡི་དམ་རྒྱ་མཚོའི་ཕྱག་རྒྱར་ཡོངས་བཞེངས་ནས༔ དངོས་གྲུབ་རྣམ་གཉིས་སྩོལ་མཛད་ཁྱོད་ལ་སྟོབས༔ སྐུ་གསུམ་མཁའ་འགྲོའི་རྣམ་པར་ཡོངས་བཞེངས་ནས༔ བདེ་ཆེན་ཡེ་ཤེས་སྤོར་མཛད་ཁྱོད་ལ་སྟོབས༔ དུས་གསུམ་སངས་རྒྱས་མཛད་པ་ཅིར་ཡང་སྟོན༔ སྲིད་གསུམ་སྒྲོན་མེ་ཆེན་པོ་ཁྱོད་ལ་སྟོབས༔ ལུང་རྟོགས་དམ་ཆོས་ཐུགས་ཀྱི་དགོངས་པར་ཤར༔ སྡུག་བསྔལ་སྐྱོབས་པའི་མགོན་གཅིག་ཁྱོད་ལ་སྟོབས༔ རྣམ་ཀུན་ཡོན་ཏན་འདུ་འབྲལ་མེད་པར་བསྙེན༔ ཐེག་གསུམ་དགེ་འདུན་མཐར་ཐུག་ཁྱོད་ལ་སྟོབས༔ དེ་ལྟར་མཆོད་ཅིང་ཡོན་ཏན་བརྗོད་པའི་མཐུས༔ འཕྲལ་ཕུག་སྡུག་བསྔལ་མཐའ་དག་སེལ་པ་དང་༔ སྲིད་ཞིའི་བདེ་ལེགས་ཐམས་ཅད་འབྱུང་བའི་གཞི༔ མདོ་སྔགས་ངེས་གསང་སངས་རྒྱས་བསྟན་པ་བསྲུངས༔ དེ་ཉིད་འཛིན་སྐྱོངས་སྤེལ་བར་མཛད་པ་ཡི༔ དགེ་འདུན་འདུས་པའི་སྡེ་ཚོགས་ཐམས་ཅད་ཀུན༔ རྙེད་དང་བཀུར་བསྟི་རིམ་གྲོར་བཅས་བཞིན་དུ༔ དབུ་འཕང་གཉན་པོ་ལྷའི་རྩེན་སྲིད་དུ་བསྟོད༔ གུས་པས་ཞབས་འདེགས་གང་ལ་རག་ལུས་ཤིང་༔ དགེ་བའི་ངང་ཚུལ་ཡང་དག་ལྟར་ལྡན་པའི༔ བསྟན་པའི་སྦྱིན་བདག་རྒྱལ་བློན་ཡུལ་སྡེར་བཅས༔ ཚེ་བསོད་དཔལ་འབྱོར་མངའ་ཐང་འབྱོར་བ་སྤེལ༔ ཁ་བློ་སྤྱོད་གསུམ་མི་དགེའི་སྡིག་ལ་གཞོལ༔ སངས་རྒྱས་བསྟན་དང་རྣལ་འབྱོར་ཡོངས་ལ་གནོད༔ སྐྱེ་འགྲོ་སྡུག་སྦྱོར་གཟུགས་ཅན་གཟུགས་མེད་ཀྱི༔ ནག་པོའི་རྩ་ལག་མིང་གི་ལྷག་མར་མཛོད༔ ཁྱད་པར་སེམས་ཅན་མི་དགེ་སྤྱོད་པ་ཡི༔ སྤྱི་མཐུན་ལས་འབྲས་ནད་མུག་མཚོན་སྐལ་དང་༔ ཐན་ལྟས་རྨི་ལམ་མཚན་མ་པྲ་ལྟས་ངན༔ མ་ལུས་བཟློག་བྱེད་རྒྱལ་བོ་ཁྱོད་ཀྱིས་མཛོད༔ ལོག་པའི་ཆོས་བསྲེལ་དགེ་འདུན་འདུས་སྡེ་བཅོམ༔ མ་ཉེས་འཕྲོགས་གསོད་དམྱལ་བའི་རུ་མ་མཁན༔ མཐའ་མི་དབུས་བརྟོལ་སྣ་འདྲེན་བཅས་པ་ཀུན༔ བཤོལ་བཟློག་ཐལ་བའི་རྡུལ་ཕྲན་བཞིན་དུ་རློག༔ ཁྱད་པར་བདག་ཅག་རྣལ་འབྱོར་སྒྲུབ་པ་པོ༔ ས་ཕྱོགས་ཡུལ་རིས་གར་གནས་གར་འགྲོ་ཡང་༔ རྟག་ཏུ་བསྲུང་སྐྱོབས་མེལ་རྩེ་མ་གཡེལ་བར༔ ལུས་བདེ་སེམས་སྐྱིད་གང་བསམ་འདོད་འབྱུང་གི༔ ཡིད་བཞིན་དབང་གི་རྒྱལ་པོ་ཁྱོད་ཀྱིས་མཛོད༔ མི་འདོད་མི་མཐུན་འདོད་ཐོག་མི་ཁེལ་དང་༔ ནད་གདོན་དགྲ་ཇག་རྐྱེན་ངན་བར་དུ་གཅོད༔ བྱད་ཕུར་རྦོད་གཏོང་མི་ཁ་བྲ་མཆུ་སོགས༔ འཇིགས་པ་ཀུན་སྐྱོབས་བསམ་དོན་ལྷུན་གྲུབ་མཛོད༔ ཟས་གོས་ཡོ་བྱད་ཀ་ཆ་དཀོར་ཆ་དང་༔ རྒྱུ་ནོར་ལོངས་སྤྱོད་དཔལ་འབྱོར་ཚེ་བསོད་ནམས༔ ཁ་རྗེ་དབང་ཐང་སྙན་གྲགས་རླུང་རྟ་བཅས༔ ཡར་ངོས་ཟླ་ལྟར་གོང་ནས་གོང་དུ་སྤེལ༔ འདོད་དང་ཕྱོགས་དང་ནམ་མཁའི་ཁམས་གནས་ཀྱི༔ རྒྱལ་བློན་འབངས་གསུམ་གཟུགས་ཡོད་གཟུགས་མེད་སོགས༔ གང་ལྟར་སྨོན་པའི་འདོད་དོན་མ་ལུས་པ༔ བདག་གི་དཔལ་དུ་དབང་བསྡུས་བྲན་ཁོལ་མཛོད༔ མཐོ་བ་མཁར་གྱི་གསེར་ཏོག་མན་ཆད་ནས༔ དམའ་བ་བྲན་ཁོལ་སྒོ་ཁྱི་ཡན་ཆད་ཀྱི༔ རྣལ་འབྱོར་བདག་ལ་འབྱོར་བའི་དཔལ་ཡོན་ཀུན༔ ཁྱོད་ལ་གཉེར་དུ་གཏད་དོ་མ་གཡེལ་བསྲུང་༔ སྔོན་གྱི་ཐུགས་བསྐྱེད་གཉན་པོ་གཏའ་རུ་བཙུགས༔ བརྒྱུད་གསུམ་རིག་འཛིན་བཀའ་དམ་དཔང་དུ་བཞག༔ ཆད་དོན་རྒྱུན་གྱི་གཏོར་མ་བརྔན་དུ་འབུལ༔ སྒྲུབ་འབྲས་མངོན་དུ་སྟོན་ཅིག་ས་མ་ཡཱ༔ ཅེས་བརྗོད་མཐའ་འདོད་གསོལ་གང་རུང་བཏགས་ལ་གཏོར་མ་གཙང་སར་མཆོད་དོ༔ དེ་ལྟར་རྒྱུན་དུ་མཆོད་བྱས་ན༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ མི་འགྱང་མྱུར་དུ་བསྒྲུབ་པ་ནི༔ རྡོ་རྗེ་གཤོག་རྒོད་གཏན་ཚིག་གོ༔ འབྲོག་འཇིག་ཞེས་བྱའི་བཀའ་བཀྱོན་མཁན། །དེ་ཡི་གསུངས་ནན་མ་བཟོད་ནས། །དུས་མཐའི་སྔགས་པའི་གཟུགས་བརྙན་མཁན། །ག་གཱ་ཨ་བྷྱེ་ཞེས་བྱས་སྨྲས། །དགེའོ། །དགེའོ། །དགེའོ། །ལེགས་སོ་སརྦ་མངྒ་ལཾ༔


previousགནོད་སྦྱིན་དཀོར་གྱི་བདག་པོའི་གཏོར་འབུལ་བཀྲ་ཤིས་མེ་ཏོགnext