Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནོད་སྦྱིན་དཀོར་གྱི་བདག་པོའི་དྲག་བསྐུལ་རྡོ་རྗེའི་ཐོག་ཆར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནོད་སྦྱིན་དཀོར་གྱི་བདག་པོའི་དྲག་བསྐུལ་རྡོ་རྗེའི་ཐོག་ཆར།next

གནོད་སྦྱིན་དཀོར་གྱི་བདག་པོའི་དྲག་བསྐུལ་རྡོ་རྗེའི་ཐོག་ཆར།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ གནོད་སྦྱིན་དཀོར་གྱི་བདག་པོའི་དྲག་བསྐུལ་རྡོ་རྗེའི་ཐོག་ཆར་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་སམ་བྷ་ཝེ༔ བརྡ་ཡིག །གཏོར་ཆུང་བརྒྱ་དང་རྩ་བརྒྱད་ནི༔ ཤ་ཁྲག་དམར་གྱི་བརྒྱན་པ་དང་༔ ཁྲག་སྐྱེམས་གསེར་སྐྱེམས་ཅི་འབྱོར་བཤམས༔ རྒྱུན་གྱི་སྐྱེམས་གཏོར་ཙམ་ཞིག་ལས༔ མ་འབྱོར་ནའང་བརྟེན་དུ་རུང་༔ གང་ལྟར་ཡང་ནི་འགུགས་གཞུགས་བྱ༔ ཞིང་བཅུ་ཚང་བའི་བསྟན་དགྲ་ལས༔ རང་འདོད་སྤུ་ཙམ་མེད་པ་ཡི༔ དོན་སྟོངས་སེམས་དང་ལྡན་པ་ཡིས༔ རང་ཉིད་ཡི་དམ་ང་རྒྱལ་ངང་༔ གཏོར་སྐྱེམས་བདུད་རྩིར་བྱིན་གྱིས་བརླབས༔ གདུང་ཡུས་ཐུགས་དམ་རྒྱུད་བསྐུལ་དུ༔ གྱེར་བསྒོམ་ལྷན་གཅིག་འདི་སྐད་དོ༔ ཧཱུྃ༔ སྔོན་ཚེ་དེ་བཞིན་གཤེགས་པ་རིན་ཆེན་མང་༔ དེ་འོག་གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས༔ སྙིགས་དུས་བསྟན་འགྲོའི་དོན་མཛད་ཡིད་བཞིན་དབང་༔ ཕྱི་ལྟར་དོན་གྲུབ་རྒྱལ་པོ་མགོན་པོ་དབང་༔ ནང་ལྟར་ཐལ་བའི་ཞིང་སྐྱོང་ཞི་བའི་སྐུ༔ གསང་བ་དགྲ་བགེགས་ཀུན་སྒྲོལ་སྟག་མདའ་གདོང་༔ མ་ངེས་ཆོ་འཕྲུལ་སྣ་ཚོགས་ཅིར་ཡང་རྩེན༔ ཀུན་གྱི་འཁོར་བསྒྱུར་པདྨ་བསྟན་སྐྱོངས་རྗེ༔ ཁྱོད་ནི་སྔོན་ནས་རང་དོན་མཐར་ཕྱིན་ཀྱང་༔ ཕྱོགས་གཅིག་ཞི་ལ་གཞོལ་བར་མི་མཛད་དོན༔ སྙིང་རྗེ་ཆེན་པོའི་སེམས་ཅན་དོན་གྱི་སླད༔ ཡེ་ཤེས་འཇིག་རྟེན་ཞི་ཁྲོ་ཕྲ་མིན་ཚུལ༔ ཆོས་དབྱིངས་དང་མཉམ་ནམ་མཁའི་གར་ཁྱབ་པར༔ བྱེ་བ་ཁྲག་ཁྲིག་གངྒའི་རྡུལ་སྙེད་གྲངས༔ ཅིར་ཡང་བསྒྱུར་བའི་མཐུ་སྟོབས་རྫུ་འཕྲུལ་དང་༔ སྐུ་ཡི་རྣམ་པ་ཐམས་ཅད་བསྒྲངས་མཐའ་ཡས༔ འོན་ཀྱང་དེང་དུས་དམུ་རྒོད་བསྟན་པའི་དགྲ༔ འཁོར་བ་སྡུག་བསྔལ་རྒྱ་མཚོ་ཆེན་པོ་ལས༔ ཐབས་མཁས་བསྡུ་བཞིའི་སྒྲོལ་བའི་སྐལ་མེད་ཀྱི༔ ཤུགས་སྒྲོལ་མངོན་སྤྱོད་ཕྲིན་ལས་དུས་ལ་བབས༔ གཡོ་རྒྱུ་ཟོལ་ཟོག་བྲལ་བའི་སྒྲུབ་པ་པོའི༔ རང་འདོད་ཡིད་བྱེད་ཕུག་བཅུག་གཞན་གནོད་ལ༔ སྐྱབས་མཆོག་བདེན་པ་བརྡར་བ་ཙམ་མིན་དེ༔ སྐལ་མེད་ཐར་པའི་ས་བོན་འདེབས་པ་དང་༔ ལས་ངན་རྒྱུན་བཅད་རྣམ་སྨིན་ཡུན་ཐུང་ཞིང་༔ སངས་རྒྱས་བསྟན་དང་འགྲོ་བའི་བདེ་སྐྱིད་ལ༔ ཕན་ཕྱིར་རྡོ་རྗེ་ཐེག་པའི་གཞུང་བཞིན་དུ༔ ཏཱ་ན་ག་ན་ཉམས་སུ་བླངས་བགྱིད་དོ༔ དེ་ཡང་ལས་ངན་བསྟན་པའི་དགྲ་བོ་འདིས༔ སངས་རྒྱས་བསྟན་པ་གཉན་པོ་རྨིངས་ནས་བཤིག༔ བསྟན་གཞི་དགོན་གནས་གྲངས་མང་དཔུང་གིས་བཅོམ༔ སྐུ་རྟེན་སྣང་བརྙན་ཐམས་ཅད་སྟྭ་རེའི་གཏུབ༔ གསུང་རྟེན་གླེགས་བམ་མེར་བསྲེགས་ཆུ་ལ་བསྐུར༔ ཐུགས་རྟེན་བསྟན་རྩ་དགེ་སློང་མཚོན་ཁར་བསྒྲོངས༔ མ་ཤི་བཞུགས་པ་ཐམས་ཅད་དམངས་སུ་ཕབས༔ གཙུག་ལག་ཁང་བ་གྲངས་མེད་ཞུགས་ལ་བསྐྱོན༔ རྒྱལ་ཁམས་ཀུན་ལ་གཅེས་དགུའི་མི་ནི་བསད༔ དུད་འགྲོ་ཉེས་མེད་ཐམས་ཅད་རྔོན་གྱིས་བཤོར༔ གཡུང་དྭགས་ཐམས་ཅད་དམག་གི་ལྟོ་རུ་བཀུམ༔ ཁ་ཡི་ཟས་འཕྲོགས་ལག་གི་རྒྱུ་ནོར་བཅོམ༔ རྒྱབ་ཀྱི་གོས་འཕྲོགས་གཅེར་བུར་ཐང་སྟོང་བཏོན༔ འཁྱགས་གྲིར་ལྟོག་གྲིར་འཆི་བས་ས་སྟེང་བཀང་༔ ནད་མཚོན་མུ་གེ་ཀུན་གྱི་སྣ་འདྲེན་བྱེད༔ ཤི་ཚད་གཡུལ་ངོར་དམྱལ་བའི་རུ་མ་བཙུགས༔ མཚམས་མེད་ལས་བསགས་ཞིང་བཅུ་ཡོངས་སུ་ཚང་༔ ལྟ་བ་ལོག་པས་རྒྱུ་འབྲས་ཁྱད་དུ་བསད༔ སྤྱོད་པ་ལོག་པས་མི་དགེ་དེང་དུ་བླངས༔ ལས་མཐའ་ལོག་པས་རྟག་པར་སྡིག་ལ་རྔམ༔ ཉམས་པ་བདུན་ལྡན་མདོར་ན་མངོན་སྤྱོད་ཀྱི༔ ཕྲིན་ལས་མཛད་པའི་འོས་སུ་མ་གྱུར་མེད༔ འདི་ལ་དྲག་པོའི་ལས་ཐབས་མི་དགོངས་ནས༔ ཞི་བའི་དབྱིངས་སུ་བཏང་སྙོམས་བཞུགས་གྱུར་ན༔ སངས་རྒྱས་བསྟན་པ་ངེས་པར་ཡལ་བར་དོར༔ སྐྱེ་དགུ་སེམས་ཅན་བློས་བཏང་རྩ་ལྟུང་ཡིན༔ སྔོན་གྱི་ཡལ་གམ་ཐུགས་བསྐྱེད་དམ་བཅའ་ཉམས༔ བསྟན་པ་བསྲུང་བའི་ལས་གཉེར་མི་འཛིན་ན༔ བཀའ་སྲུང་དམ་ཅན་ཞེས་པ་ཚིག་མཐར་འཁྱམས༔ བསྟན་དགྲ་བྱུང་དུས་འཕྲིན་ལས་མི་མཛད་ན༔ བསྟན་པ་རྒྱས་དུས་བསྲུང་བར་ཅི་ཞིག་དགོས༔ འདི་ལས་དོ་གལ་ཆེ་བ་ཅི་ཡོད་དན་ ༼ ན་ཞེས་དཔེ་གཅིག་ན་སྣང་། ༽ ༔བདེན་ནམ་མི་བདེན་ཡེ་ཤེས་ལྷ་ཡིས་དགོངས༔ དེ་བས་སྙིང་རྗེའི་ཁྲོས་པའི་བརྟུལ་ཞུགས་ལ༔ རོལ་བ་ཆེན་པོ་རྔམ་པའི་སྐུར་བཞེངས་ཤིག༔ བསྟན་པའི་རུ་ཏྲ་སྒྲོལ་བའི་དུས་ལ་བབས༔ མ་རུང་དམག་དཔུང་བརླག་པའི་དུས་ལ་བབས༔ ཧཱུྃ༔ སྟོབས་བཅུ་མངའ་བའི་ཆོས་སྐུས་ནམ་མཁའ་ཁྱབ༔ མི་བཟད་བདུད་དགྲ་འདུལ་ཕྱིར་ཐུགས་དམ་བསྐུལ༔ མཚན་དཔེ་ལྡན་པའི་ལོངས་སྐུའི་བར་སྣང་གང་༔ མི་བཟད་བདུད་དགྲ་འདུལ་ཕྱིར་ཐུགས་དམ་བསྐུལ༔ ཐུགས་རྗེ་ཐབས་མཁས་སྤྲུལ་སྐུའི་ས་གཞི་བརྡལ༔ མི་བཟད་བདུད་དགྲ་འདུལ་ཕྱིར་ཐུགས་དམ་བསྐུལ༔ ཆོས་སྐྱོང་ཕོ་རྒྱུད་ཡོངས་ཀྱི་མཆེད་པའི་གཞི༔ དབང་ཕྱུག་མ་ཧཱ་དཱེ་ཝ་ལས་ལ་བསྐུལ༔ ལྷ་མོ་མོ་རྒྱུད་ཡོངས་ཀྱི་སྤྲུལ་པའི་གཞི༔ ཡུམ་ཆེན་ཨུ་མ་དཱེ་ཝ་ལས་ལ་བསྐུལ༔ དཔལ་ཆེན་ཧེ་རུ་ཀ་ཡི་སྤྲུལ་བ་སྟེ༔ མཐུ་ཆེན་མ་ཧཱ་ཀ་ལ་ལས་ལ་བསྐུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རོལ་བའི་གར༔ མགོན་ཆེན་སྡེ་ལྔའི་ལྷ་ཚོགས་ལས་ལ་བསྐུལ༔ སྐྱེ་འགྲོའི་མགོན་དུ་ཐ་ཚིག་གཉེར་བླངས་པ༔ དཔལ་མགོན་བདུན་ཅུ་རྩ་ལྔ་ལས་ལ་བསྐུལ༔ དགྲ་བགེགས་བསྟན་བཤིག་ཕུང་སེལ་འདུལ་བའི་གཤེད༔ དྲེགས་པའི་སྡེ་དཔོན་འཁོར་བཅས་ལས་ལ་བསྐུལ༔ མུ་སྟེགས་ལྟ་ལོག་འདུལ་པའི་ཞལ་བཞེས་མཁན༔ བོད་སྐྱོངས་བསྟན་མ་བཅུ་གཉིས་ལས་ལ་བསྐུལ༔ ས་དགེ་རྙིང་གསུམ་བཀའ་བརྒྱུད་བསྟན་པ་ཡི༔ བསྲུང་མ་དམ་ཅན་རྒྱ་མཚོ་ལས་ལ་བསྐུལ༔ མ་རུང་བདུད་དགྲ་འདུལ་བའི་དུས་ལ་བབས༔ ཧཱུྃ༔ ཁྱད་པར་ཐུགས་བསྐྱེད་དུས་བབས་གཉན་བཙུན་པ༔ ཡིད་བཞིན་པདྨ་དབང་རྒྱལ་ལས་ལ་བསྐུལ༔ བསྟན་དགྲའི་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མ་རུང་བདུད་དགྲ་འདུལ་བའི་དུས་ལ་བབས༔ གནས་ཡུལ་ཉི་ཤུ་རྩ་བཞིར་དབང་བསྒྱུར་བ༔ སྐུ་གསང་ཐལ་སྐྱོང་མགོན་པོ་ལས་ལ་བསྐུལ༔ བསྟན་དགྲའི་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མ་རུང་བདུད་དགྲ་འདུལ་བའི་དུས་ལ་བབས༔ ཡུལ་ཆེན་བྱེ་བ་ཕྲག་བརྒྱའི་གཉེར་འཛིན་པ༔ གསུང་མཆོག་ཝ་ཀི་པཱ་ལ་ལས་ལ་བསྐུལ༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མ་རུང་བདུད་དགྲ་འདུལ་བའི་དུས་ལ་བབས༔ འཛམ་གླིང་ཁ་བ་ཅན་གྱི་བདེ་སྐྱིད་སྤེལ༔ ཡོན་ཏན་དོན་གྲུབ་རྒྱལ་པོ་ལས་ལ་བསྐུལ༔ བསྟན་དགྲའི་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མ་རུང་བདུད་དགྲ་འདུལ་བའི་དུས་ལ་བབས༔ མ་ཧཱ་ཙི་ནའི་ཐ་གྲུར་དབང་བྱེད་པ༔ ཕྲིན་ལས་སྟག་མདའ་ནག་པོ་ལས་ལ་བསྐུལ༔ བསྟན་དགྲའི་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མ་རུང་བདུད་དགྲ་འདུལ་བའི་དུས་ལ་བབས༔ གཙོ་བོ་ཆེ་བཙུན་རྒྱལ་པོའི་དབང་བོ་རྣམས༔ བསྟན་དགྲའི་དཔོན་པོ་འདུལ་བའི་ལས་ལ་བསྐུལ༔ མ་རུང་མི་བཟད་འབར་བས་སྲོག་རྩ་ཆོད༔ ཕྱི་དུས་མ་འགྱངས་སྐད་ཅིག་ཡུད་ཙམ་ལ༔ ཚེ་ཡི་དུས་བསྟུང་མགོན་སྐྱབས་གཤེད་དུ་ཕོབ༔ ཧུར་ཐུམ་རྒྱུག་འགྱེལ་ནད་ཀྱིས་ད་ལྟ་སོད༔ མི་བརྒྱུད་རིགས་རུས་རྩ་བ་རྨིངས་ནས་ཆོད༔ གཙོ་བོ་གྲོས་དབང་ལ་སོགས་དྲག་ཤོས་ཀུན༔ མིང་གི་ལྷག་མ་ཙམ་ཡང་མེད་པར་མཛོད༔ རྣམ་ཤེས་ཡི་དམ་ལྷ་ཡིས་ཐུགས་ཀར་བསྟིམ༔ ཤ་ཁྲག་དམ་ཅན་བསྲུངས་མས་དགའ་སྟོན་རོལ༔ དམ་ཚིག་གཉན་ལས་མ་འདའ་ས་མ་ཡཱ༔ ཨོཾ་རཱ་ཛ་ཙནྡྲ་པདྨ་ཤ་ས་ན་རཀྵ་ཀ་ཡ་ཝཀྐ་ཙིཏྟ་གུ་ཎ་ཀརྨ་རཱ་ཛ་པཉྩ་ཆོ་ཆོ་རྒྱུག་རྒྱུག༔ ཤ་ཏྲུཾ་མ་ར་ཡ་ཕཊ་ཛ་ཛ༔ མཾ་ས་རཀྟ་ཙིཏྟ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ ཤར་ནས་འགུགས་ཅིང་གཏུབས་པའི་ཕོ་ཉ་བ༔ ཐུགས་ཀྱི་རུ་འདྲེན་སྟག་ཤར་དམག་ཆས་འབུམ༔ ལྕགས་ཀྱུ་ལ་སོགས་མཚོན་ཆ་སྣ་ཚོགས་འཛིན༔ ཐུགས་དམ་བསྐུལ་ལོ་བསྟན་འགྲོའི་དོན་ལ་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མ་རུང་བདུད་དགྲ་འདུལ་བའི་དུས་ལ་བབས༔ བླ་ཡིད་སེམས་གསུམ་གར་གནས་གར་བྲོས་སྐྱབས༔ རང་དབང་མེད་པར་འགུགས་བསྒྲལ་ཕྲིན་ལས་མཛོད༔ ཧཱུྃ༔ ལྷོ་ནས་འཆིངས་བར་བྱེད་པའི་ཕོ་ཉ་བ༔ ཡོན་ཏན་རུ་འདྲེན་ཉན་ཐོས་དགྲ་བཅོམ་ཚུལ༔ བསེགས་ཤིང་ས་ལ་རྡེབ་ཅིང་དྲང་སྲོང་དམོད་པས་བསྡིགས༔ ཐུགས་དང་བསྐུལ་ལོ་བསྟན་འགྲོའི་དོན་ལ་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མ་རུང་བདུད་དགྲ་འདུལ་བའི་དུས་ལ་བབས༔ ལུས་ངག་ཡིད་ཀྱི་གཡོ་རྩོལ་ཀུན་བཅིངས་ནས༔ ད་ལྟ་ཉིད་དུ་བསྒྲལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ནུབ་ནས་སྡོམ་ཅིང་གསོད་པའི་ཕོ་ཉ་བ༔ གསུང་གི་རུ་འདྲེན་སྔགས་ནག་རལ་བསིགས་ཅིང་༔ ཕུར་འདྲིལ་ངན་སྔགས་སྟོབས་ཀྱིས་སྲོག་ལེན་འབུམ༔ ཐུགས་དམ་བསྐུལ་ལོ་བསྟན་འགྲོའི་དོན་ལ་བཞེངས་ལ༔ བསྟན་དགྲའི་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མ་རུང་བདུད་དགྲ་འདུལ་བའི་དུས་ལ་བབས༔ སྟོབས་ནུས་དབང་པོ་ཡན་ལག་ཀུན་ཆིངས་ལ༔ ད་ལྟ་ཉིད་དུ་གསོད་པའི་ཕྲིན་ལས་མཛོད༔ ཧཱུྃ༔ བྱང་ནས་མྱོས་ཤིང་བསླུ་པའི་ཕོ་ཉ་མོ༔ ཕྲིན་ལས་རུ་འདྲེན་བུད་མེད་ནག་མོ་འབུམ༔ མིག་ནས་ཁྲག་ཆར་འབེབས་ཤིང་ལག་ནས་བྲང་བརྡུང་ངུ་འབོད་དུད་མོའི་གཡབ༔ ཐུགས་དམ་བསྐུལ་ལོ་བསྟན་འགྲོའི་དོན་ལ་བཞེངས༔ བསྟན་དགྲའི་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མ་རུང་བདུད་དགྲ་འདུལ་བའི་དུས་ལ་བབས༔ མྱོས་ཤིང་དྲན་མེད་བསྒྲལ་བའི་ཕྲིན་ལས་མཛོད༔ དགྲ་བོའི་གྲོང་ཁྱེར་རུ་འདྲེན་དམག་གིས་ཁོངས༔ ཀྭི་བསྭོ་ཆའོ་སོད་རྒྱོབ་སྒྲ་སྒྲོགས་ཤིང་༔ ལྟས་ངན་ཕུང་ཐལ་ཡོ་ལང་འཁོར་མོར་ཐོངས༔ སྨྱོ་འབོགས་བརྒྱལ་དང་གཟའ་གྲིབ་མི་མཐུན་རྐྱེན༔ ནང་དབྱེན་དམེ་འཁྲུགས་སྦྱོར་བ་ལ་སོགས་པའི༔ གྲི་ཐབས་ཧུར་ཐུམ་དྲག་པོའི་དུས་མཐའ་བསྟུང་༔ རྣམ་ཤེས་ཡི་དམ་ལྷ་ཡི་ཐུགས་ཀར་བསྟིམ༔ ཤ་ཁྲག་དམ་ཅན་བསྲུང་མས་དཔའ་དར་རོལ༔ དེ་ལྟར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཛ༔ ཡང་ཅིག་རྡོ་རྗེའི་ཆོས་སྐྱོང་སྲུང་མ་བསྐུལ༔ དགྲ་བོ་འདི་ལ་བསྲུང་སྐྱོབས་བྱེད་པ་དང་༔ ཁ་མགོན་རྒྱབ་རྟེན་གཉེར་བའི་སྡེ་རིགས་བཅས༔ མིང་གི་ལྷག་མེད་བརླགས་པའི་ཕྲིན་ལས་མཛོད༔ བློ་སེམས་སྣང་བ་དབང་དུ་བསྒྱུར་ནས་སུ༔ མི་དགེའི་སྤྱོད་ལ་བསྐུལ་བའི་འདྲེ་གདོན་བགེགས༔ མི་མིན་མི་དང་བཅས་པ་ཐམས་ཅད་ཀུན༔ འགུགས་བསྒྲལ་དྲག་པོའི་ཕྲིན་ལས་དུས་ལ་བབས༔ བདག་སོགས་མགོན་མེད་ཉམ་ཐག་སེམས་ཅན་གྱིས༔ དཔུང་དང་རྒྱབ་བརྟེན་ཡེ་ཤེས་ལྷ་ལ་བཅོལ༔ མཐུ་ཆེན་བདུད་འདུལ་ཡིན་སྙམ་ར་མདར་སྦྲན༔ མྱུར་མགྱོགས་དྲག་རྩལ་ཅི་ཡོད་ཁྱེད་ལ་བལྟ༔ ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ ཡང་འཁོར་ལྷ་སྲིན་སྡེ་བརྒྱད་ནི༔ བྱེ་བ་ཕྲག་བརྒྱའི་ལྷ་དམག་གིས༔ སྔོན་ཚེ་དཔལ་ཆེན་ཧེ་རུ་དང་༔ ཕྱག་རྡོར་པད་འབྱུང་ལ་སོགས་པའི༔ རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ༔ བསྟན་པ་བསྲུང་བར་གཉེར་བླངས་ཤིང་༔ བསྟན་དགྲ་སྒྲོལ་བར་དམ་བཅའ་ན༔ ད་ནི་བསྟན་པ་འཇིག་ལ་ཉེ༔ བསྟན་དགྲ་ཡན་པར་ཤོར་ར་རེ༔ མ་གཡེལ་ལས་མཁན་དྲེགས་པའི་ཚོགས༔ རྒྱུག་ཅིག་སྡང་དགྲའི་སྟེང་དུ་རྒྱག༔ མཛོད་ཅིག་མངོན་སྤྱོད་ཕྲིན་ལས་མཛོད༔ ཧཱུྃ༔ ཛ༔ ནག་པོ་སྟོང་དང་ཤ་ཟ་འབུམ༔ མ་མོ་བྱེ་བ་གནོད་སྦྱིན་ཁྲི༔ ལ་སོགས་ཡང་སྤྲུལ་བསམ་མི་ཁྱབ༔ མ་ངེས་ཆོ་འཕྲུལ་སྣ་ཚོགས་མཁན༔ ལ་ལ་ཁྱུང་དང་འབྲུག་ལ་ཞོན༔ ལྷ་ཡི་དམག་གི་རུ་སྣ་དྲངས༔ ལ་ལ་སྟག་དང་སེང་གེ་ཞོན༔ འགོང་པོའི་དམག་གི་རུ་སྣ་དྲངས༔ ལ་ལ་བྱ་རྒོད་འུག་པ་ཞོན༔ རྨུ་ཡི་དམག་གི་རུ་སྣ་དྲངས༔ ལ་ལ་གཟིག་དང་གུང་ལ་ཞོན༔ དྲི་ཟའི་དམག་གི་རུ་སྣ་དྲངས༔ ལ་ལ་གཏུམ་ཆེན་དོམ་ལ་ཞོན༔ བདུད་གྱི་དམག་གི་རུ་སྣ་དྲངས༔ ལ་ལ་དྲེད་མོ་རལ་བསིགས་ཁྱེར༔ སྲིན་པོའི་དམག་གི་རུ་སྣ་དྲངས༔ ལ་ལ་ཞེ་སྡང་ལྟོ་འགྲོ་ཞོན༔ ཀླུ་ཡི་དམག་གི་རུ་སྣ་དྲངས༔ ལ་ལ་ཆུ་གླང་མ་ཧེ་ཞོན༔ གཤིན་རྗེའི་དམག་གི་རུ་སྣ་དྲངས༔ ལ་ལ་བོང་དང་དྲེལ་ལ་ཞོན༔ མ་མོའི་དམག་གི་རུ་སྣ་དྲངས༔ ལ་ལ་ཆུ་སྲིན་ངར་མ་ཆིབས༔ གཟའ་ཡི་དམག་གི་རུ་སྣ་དྲངས༔ ལ་ལ་རླུང་རི་ཕྱུག་པོ་ཆིབས༔ བ་ཡ་བེ་ཡི་དམག་སྣ་ཁྲིད༔ ལ་ལ་མེ་རུ་འབར་བ་ཆིབས༔ ཨགྞེ་རཱ་ཛ་དམག་སྣ་ཁྲིད༔ ལ་ལ་ཤུགས་འཆང་ཅང་ཤེས་རོལ༔ དགྲ་ལྷ་ཝེར་མའི་དམག་སྣ་འདྲེན༔ ལ་ལ་གློག་མྱུར་འཕར་བ་ཞོན༔ གནོད་སྦྱིན་དམག་གི་རུ་སྣ་འདྲེན༔ ལ་ལ་ལྕེ་སྤྱང་ཤ་ཟན་ཆིབས༔ བཙན་གྱི་དམག་གི་རུ་སྣ་འདྲེན༔ ལ་ལ་རོ་ལངས་ཞོན་ནས་རྒྱུག༔ རྒྱལ་པོའི་དམག་གི་རུ་སྣ་འདྲེན༔ ལ་ལ་དུར་ཕག་མགོ་དགུར་རྔམ༔ ས་བདག་དམག་གི་རུ་སྣ་འདྲེན༔ ལ་ལའི་མིག་ནས་ཉི་འོད་འཕྲོས༔ དགྲ་བོའི་གྲོང་ཁྱེར་བསྲེགས་པར་བྱེད༔ ལ་ལའི་སྣ་ནས་དུས་རླུང་བསྐྱོད༔ དགྲ་བོའི་གྲོང་ཁྱེར་གཡེངས་པར་བྱེད༔ ལ་ལའི་ཁ་ནས་སྐྱིན་ཐང་འཕེན༔ ནད་དང་མུ་གེའི་སྣ་འདྲེན་བྱེད༔ ལ་ལའི་ལག་ནས་ཐོག་མདའ་འཕེན༔ དགྲ་བོའི་ཡུལ་མཁར་རྨིངས་ནས་བརླག༔ ལ་ལས་ཐུན་མཚོན་ཆར་བ་འབེབས༔ དགྲ་བོའི་གྲོང་ཁྱེར་གྲི་ཐབས་གཏོང་༔ ལ་ལའི་བ་སྤུའི་བུ་ག་ནས༔ དུག་གི་རླངས་པ་ཕྱུ་རུ་རུ༔ དགྲ་བོའི་གྲོང་ཁྱེར་མ་ལུས་པར༔ ཀླུ་ཡི་དུག་ནག་ཁྱབ་པར་འགྱེད༔ ལ་ལ་ས་ལ་ཐོགས་མེད་རྒྱུ༔ གཞན་གྱི་གྲི་གཟེར་དགྲ་ལ་གཏོང་༔ ལ་ལ་ཕྲ་མེན་མགོ་བརྙན་ཚུལ༔ རྔ་མོང་ཞོན་ནས་དགྲ་བོའི་གྲོང་ཁྱེར་ཐན་གྱིས་འགེངས༔ ཀུན་ཀྱང་འཇིགས་པའི་ཆ་ལུགས་ཅན༔ རྔམས་ཤིང་ཁྲོས་པས་ཀྭི་བསྭོ་སྒྲོགས༔ ཤ་ལ་དགའ་ཞིང་ཁྲག་ལ་དགྱེས༔ སྣ་ཚོགས་མཚོན་ཆ་ཕྱག་ན་འཛིན༔ ནམ་མཁའི་ཁམས་ནས་ཐོག་སེར་འབེབས་པ་བཞིན༔ བར་སྣང་ཁམས་ནས་རླུང་དམར་འཚུབ་པ་བཞིན༔ ས་གཞིའི་ཁམས་ནས་དམག་ཆེན་ཡོ་ལང་ལྟར༔ གསེར་འཛིན་གཡོ་འཁྲུགས་རྟ་བྲོ་བརྡུང་༔ བསྟན་པའི་དགྲ་བོའི་སྟེང་དུ་རྒྱུགས༔ ཡིད་ལྟར་མགྱོགས་པའི་རྫུ་འཕྲུལ་གྱིས༔ བསྟན་པའི་དགྲ་བོའི་སྟེང་དུ་རྒྱུགས༔ གློག་ལྟར་མྱུར་བའི་ཆོ་འཕྲུལ་གྱིས༔ བསྟན་པའི་དགྲ་བོའི་སྟེང་དུ་རྒྱུགས༔ ཐོག་ལྟར་རྒོད་པའི་དྲག་རྩལ་གྱིས༔ བསྟན་པའི་དགྲ་བོའི་སྟེང་དུ་རྒྱུགས༔ རྒྱུ་ཤོར་ར་མདའ་རྒྱུག་པ་བཞིན༔ བསྟན་པའི་དགྲ་བོའི་སྟེང་དུ་རྒྱུགས༔ ཤ་ཤོར་ཤ་ལེན་རློགས་པ་བཞིན༔ བསྟན་པའི་དགྲ་བོའི་སྟེང་དུ་རྒྱུགས༔ དགྲ་བོའི་ཕོ་བརྒྱུད་དམེ་གྲིར་སོད༔ དགྲ་བོའི་མོ་བརྒྱུད་འགགས་གྲིར་སོད༔ དགྲ་བོའི་བུ་བརྒྱུད་སྦོས་གྲིར་སོད༔ དགྲ་བོའི་རྒན་བརྒྱུད་རྦབ་གྲིར་སོད༔ ཁྲག་ནད་རྒྱུག་འགྱེལ་ཁ་མེད་དང་༔ ལྷོག་པ་བེ་གེ་བདུན་དྲུག་པ༔ ལྟག་རིམས་ལྷ་གོར་འབྲུམ་བུ་ནག༔ བལ་ནག་གླད་གཟེར་ཏྲེ་ཏྲེ་ཧོ༔ མཛེ་རིགས་བཅོ་བརྒྱུད་ལ་སོགས་པས༔ དགྲ་བོའི་བདུན་བརྒྱུད་རྩད་ནས་ཆོད༔ མཐའ་རྩ་སྐྱེ་བརྒྱུད་ལྷག་མེ་ཐོངས༔ ཡང་དག་ལྟ་ལ་དད་ཅིང་དགེ་སེམས་སྤྱོད༔ དགྲ་བོའི་ཡུལ་ན་ཡོད་ཀྱང་བུ་བཞིན་སྐྱོངས༔ མ་ཉེས་བཏང་སྙོམས་རང་གར་འདུག་པ་ནི༔ ཕན་གནོད་མེད་པའི་སྟེང་དུ་མ་འབྱམས་ཅིག༔ ཁ་ནག་ཞེ་ནག་སྤྱོད་པ་གནག་པ་དང་༔ ལས་མཐའ་ལོག་ཅིང་ལྟ་ལོག་བསྟན་པའི་དགྲར༔ སྔ་ཕྱིར་ད་ལྟ་འགྱུར་རིགས་མ་ལུས་དང་༔ སྐྱེ་དགུའི་བདེ་འཕྲོགས་སྡུག་ལ་སྦྱོར་བྱེད་པ༔ ནག་པོའི་རྩ་ལག་གྱུར་བའི་དུས་མཐའ་བསྟུང་༔ མངོན་ཤེས་སྟོབས་ཀྱིས་གང་ཡིན་ཁྱོད་ཤེས་ཀྱི༔ མང་མང་ནང་ནས་མདའ་བཞིན་བྲབ༔ མ་ལུས་མ་ནོར་སྒེར་དུ་ཁོལ༔ མར་གྱི་ནང་ནས་སྤུ་བཏོན་བཞིན༔ དམ་ཉམས་དགྲ་བོ་དམར་བས་ཀྱིས༔ སྡུག་ཡུས་ཕྱི་མིག་མ་ལྟ་ཞིག༔ འཁུ་ལྡོག་གདུག་རྩུབ་མ་མཛད་ཅིག༔ ནུས་མཐུ་དགྲ་ལ་དབལ་མ་རྡུགས༔ དགྲ་པོའི་གྲོང་ཁྱེར་སྟོངས་ལ་བསྒྱུར༔ སངས་རྒྱས་བསྟན་པའི་རྒྱལ་མཚན་བསྒྲེངས༔ སྔགས་འཆང་རྣལ་འབྱོར་དབུ་འཕང་བསྟོད༔ ཆོས་སྐྱོངས་སྲུང་མའི་མཐུ་སྟོབས་ངོམས༔ རྡོ་རྗེ་ཐེག་པའི་ཆེ་རྟགས་སྟོན༔ རྩལ་ཤུགས་ཕྱུང་པའི་དུས་ལ་བབས༔ ཕྲིན་ལས་མཛད་པའི་དུས་ལ་བབས༔ དགྲ་བགེགས་བསྒྲལ་བའི་དུས་ལ་བབས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབས༔ དུས་ལ་བབས་པོ་ས་མ་ཡཱ༔ རྦད་བསྐུལ་སྔགས་བཟླས་གཏོར་མ་དགྲ་ཕྱོགས་འཕངས༔ འདི་ལྟར་གནད་དང་ལྡན་པ་ན༔ བསྟན་དགྲ་རྡོ་རྗེ་ཡིན་ཀྱང་འཇིག༔ དུས་བབས་ཆོས་ཀྱི་སྐལ་བ་འདི༔ ནམ་མཁའ་འཇིགས་མེད་བཙས་སུ་བཞག༔ ལས་ཅན་དེ་དང་འཕྲད་ནས་ནི༔ བསྟན་འགྲོའི་གསོས་སུ་འགྱུར་བར་ཤོག༔ ཅེས་པ་གདུལ་བྱ་ལས་ཀྱིས་བསྟན་དགྲའི་བསྐུལ་ནས། འདུལ་བྱེད་ཡེ་ཤེས་དབྱིངས་ནས་རང་ཤར་བ་མི་ལོ་ཉེར་དགུའི་བར་དུ་བཀའ་རྒྱ་བྱས་མཐར་དུས་ལ་བབས་ཚེ་ཁྲག་འཐུང་ག་གཱ་ཨ་བྷྱེས་དག་པར་ཕབས་པའོ། །བཀྲ་ཤིས་དཔལ་འབར་བསྟན་དགྲ་ཐུལ་བར་ཤོག །དགེའོ། །དགེའོ། །དགེའོ། །


previousགནོད་སྦྱིན་དཀོར་གྱི་བདག་པོའི་དྲག་བསྐུལ་རྡོ་རྗེའི་ཐོག་ཆར།next