Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡིད་བཞིན་དབང་གི་རྒྱལ་པོའི་ཕྲིན་ལས་དྲག་པོའི་སྒྲོལ་བ་དྲེགས་པའི་སྟོབས་འདུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡིད་བཞིན་དབང་གི་རྒྱལ་པོའི་ཕྲིན་ལས་དྲག་པོའི་སྒྲོལ་བ་དྲེགས་པའི་སྟོབས་འདུས།next

ཡིད་བཞིན་དབང་གི་རྒྱལ་པོའི་ཕྲིན་ལས་དྲག་པོའི་སྒྲོལ་བ་དྲེགས་པའི་སྟོབས་འདུས།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ཡིད་བཞིན་དབང་གི་རྒྱལ་པོའི་ཕྲིན་ལས་དྲག་པོའི་སྒྲོལ་བ་དྲེགས་པའི་སྟོབས་འདུས་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །བདག་འདྲ་པདྨ་འབྱུང་གནས་ཀྱི༔ དྲེགས་པ་རྣམས་ཀྱིས་སྐྱེ་བརྒྱུད་དང་༔ ངོ་བོ་ལས་རིགས་ཕྱག་རྒྱ་ནི༔ ཆེད་དགོས་བཅས་སུ་མངོན་པར་མཁྱེན༔ ཁྱད་པར་ཡི་དམ་ཐམས་ཅད་ཀྱི༔ ཕྲིན་ལས་འཇིག་རྟེན་ཚུལ་བསྟན་དང་༔ རྒྱུད་དང་གནད་ལ་དབབས་མཚངས་བཅས༔ དེ་ཡིས་རྗེས་འཇུག་དོན་འགྲུབ་ཤེས༔ ལར་ནི་མཆོག་གི་དངོས་གྲུབ་ཀྱང་༔ འགྲུབ་པ་མིན་ཞེས་ཁ་ཚོན་གྱིས༔ བཅད་དུ་མེད་ཀྱང་བྱེ་བྲག་གི༔ ཐུན་མོང་ལས་བཞི་ཀུན་ལ་བསྔགས༔ འདིར་ནི་དྲག་པོ་མངོན་སྤྱོད་ཀྱིས༔ བསྟན་དགྲ་ཚར་གཅོད་ཐུགས་རྗེ་ཡིས༔ འཇིག་འདས་འཚང་ཞིང་མཉེས་བྱེད་པའི༔ དྲག་སྔགས་དམོད་པའི་དུམ་བུ་སྤྲོ༔ བསྙེན་བསྒྲུབ་ལས་ཚོགས་སྔོན་སོང་ནས༔ ཚོགས་ཀྱི་བསྒྲལ་དང་རྗེས་འབྲེལ་བར༔ རྔམས་ཤིང་ཏ་ནའི་འོད་ཟེར་ཉིད༔ སྤྲོ་བ་རིག་འཛིན་སྤྱི་ཡི་ལུགས༔ ས་མ་ཡཱ༔ དྲག་པོ་བསད་བཟློག་དཀྱིལ་འཁོར་བཀྲམ༔ ཕུལ་འགྲོ་ཏིང་འཛིན་སྟོབས་ཀྱིས་བཟུང་༔ དེ་ནས་དྲགས་སྔགས་ཀྱིས་བསྒྲུབ་བྱ༔ དེ་དག་ཆོ་གའི་སྤྱི་ཆིངས་བཅིང་༔ ཁྱད་པར་ལས་ཀྱི་སྔོན་འགྲོའི་རིགས༔ མ་བསྡུས་རྒྱུད་ཆེན་ལས་འབྱུང་གིས༔ དེ་ཕྱིར་འདིར་ནི་ཆོ་གའི་དངོས་ ༼ བསྡོག་ ༽ ༔ ཉིད་དུ་བཀར་ཏེ་བསྟན་པར་བྱ༔ མཁྱེན་གཟུ་དཔང་བོར་དགོངས་གསོལ་ནས༔ གནོད་བྱེད་འགུགས་དང་བཅིང་སྡོམ་མྱོས༔ ལྷ་དབྱེ་བྱད་བཅུག་སྨྱོ་རུ་གཞུགས༔ ཚེ་ཁྲུས་གནས་ཀྱི་ལུང་གསུམ་དང་༔ ཐུན་དབབས་གཏུན་བརྡུང་ཞལ་དུ་བསྟབས༔ མནན་བསྲེགས་འཕང་བས་ལས་ཁ་བསབས༔ བཟློག་པའི་ལས་ནི་དང་བཅས་པ༔ ཕྲིན་ལས་འདི་ལའང་ཅི་བཞིན་འཇུག༔ གུ་ཧྱ༔ དང་པོ་མཁྱེན་པར་གསོལ་བ་ནི༔ ཧཱུྃ༔ ཆོས་དབྱིངས་རང་བཞིན་ཞི་བ་ནས༔ འགགས་མེད་ཀུན་སྣང་ཆ་ལུགས་མཚན༔ ཅིར་ཡང་ངོ་མཚར་ཡ་མཚན་ཅན༔ བླ་མ་ཡི་དམ་མཁྱེན་པར་མཛོད༔ མཁའ་འགྲོ་ཆོས་སྐྱོངས་མཁྱེན་པར་མཛོད༔ དཀོན་མཆོག་རིན་ཆེན་མཁྱེན་པར་མཛོད༔ མངོན་སྤྱོད་ལྷ་ཚོགས་མཁྱེན་པར་མཛོད༔ རྣལ་འབྱོར་ལེའུ་ལྷ་མཁྱེན་པར་མཛོད༔ བསྙེན་བསྒྲུབ་བརྟགས་ཆགས་མཁྱེན་པར་མཛོད༔ ཡུལ་ལྷ་གཞི་བདག་མཁྱེན་པར་མཛོད༔ མཁྱེན་དཔང་གཟུ་བོར་མཛད་དུ་གསོལ༔ ཐུགས་རྗེ་དབྱིངས་ལས་བསྐྱོད་དོན་དུ༔ འགྲོ་བ་གཞན་ལ་ཕན་ཡིན་ན༔ ཤིན་ཏུ་གདུག་ཅིང་རྩུབ་པ་ལ༔ ཞི་བས་ཕན་པར་མི་འགྱུར་བས༔ དྲག་པོ་རོལ་བའི་སྨན་སྤྱོད་འདི༔ དཔལ་ཆེན་རྣམས་ཀྱི་ལས་རྒྱ་ཡིན༔ ཕྲིན་ལས་དྲག་མཚན་དེ་བཞིན་དེ༔ བསྒྲལ་བས་འཚངས་པ་རབས་ཀྱི་རྩེ༔ ལས་ཀྱི་ཁྲོ་བོའི་ཐ་ཚིག་ན༔ རྐྱེན་དང་འཕྲད་པའི་དགོངས་པ་ནི༔ དཔའ་བར་འགྲོ་བས་ཤུགས་འཆང་བ༔ སྒྱུ་མ་ལྟ་བུའི་ཚུལ་ལྡན་བཀོད༔ རྡོ་རྗེའི་ཏིང་འཛིན་སྤེལ་འཇུག་གིས༔ མཁྱེན་ནས་ལས་ངན་རྒྱུན་ཆད་དེ༔ རྣམ་སྨིན་མེད་ལ་བྱང་ཆུབ་ཕྱིར༔ བརྟུལ་ཞུགས་ཆེ་ལ་རྔམས་པར་ཆས༔ མཛོད་ཅིག་འདུལ་བ་ཚ་བར་མཛོད༔ དེ་ཕྱིར་ད་ལྟ་ཉིད་ན་མྱུར༔ དགོངས་གསོལ་སེམས་ཅན་མ་འདོར་ཞིག༔ གཏུམ་དྲག་གསོད་གཅོད་དྲང་སྲོང་གི༔ ཕྲིན་ལས་རབ་འབྱམས་འགྲུབ་པར་མཛོད༔ གཉིས་པ་གཟུ་དཔང་བཤར་བ་ནི༔ ཀྱཻ༔ བླ་མ་ཡི་དམ་དཀོན་མཆོག་གསུམ༔ མཁའ་འགྲོ་ཆོས་སྐྱོངས་མཐུ་སྟོབས་རྩལ༔ ཡིད་བཞིན་དབང་གི་ལྷ་དབང་བོ༔ མ་ལུས་གཟུ་དཔུང་དྲང་ཤན་ཕྱེས༔ ཚར་གཅོད་རྗེས་འཛིན་གོ་མ་ལྡོག༔ བསྟན་པའི་ཆེ་བ་ད་སྟོན་ཅིག༔ དམ་ལྡན་རྣལ་འབྱོར་ཡིད་མ་བཅད༔ བསྟན་དགྲ་ལངས་ལ་མ་ཤོར་ཅིག༔ གལ་ཏེ་འདི་ལ་ཉེས་མེད་ན༔ ལས་ཀྱི་ལོག་པར་མི་འཇུག་ན༔ ཅེས་ཀྱང་དཀར་བོའི་ཆ་བྲལ་བས༔ ལས་འབྲས་ཆུད་ཟར་གཏོང་བོ་མེད༔ དཀོན་མཆོག་གསུམ་གྱི་བསྟན་པ་བཤིག༔ རྡོ་རྗེ་སློབ་དཔོན་སྐུ་ལ་བརྡོས༔ དམ་ཉམས་དམ་ལོག་དམ་ལ་འཁུ༔ དམ་དགྲ་ངན་པའི་ངང་ཚུལ་ཅན༔ འདུ་བར་མི་དབང་བཞིན་དུ་འོང་༔ ངན་སོང་གནས་ལ་རང་གཞན་འགོད༔ བཀའ་དམ་ལས་དོན་འདོད་ཆགས་ལོག༔ མཚན་མས་ཉམས་པའི་གནོད་བྱེད་པོ༔ ཞིང་བཅུ་ཉམས་བདུན་སྐུ་དགྲ་ལྔར༔ འདི་ཉིད་མ་གྱུར་གཅིག་ཀྱང་མེད༔ ཉེས་མེད་སེམས་ཅན་ཡོངས་ལ་འཚེ༔ གཙུག་ལག་ཆོས་འཁོར་འཇིག་པར་བྱས༔ ཉོན་མོངས་དུག་ལྔ་མེ་ལྟར་འབར༔ མི་དགེ་བརྒྱ་སྟོང་དེང་དུ་བླངས༔ ཡེ་ཤེས་སྤྱན་ལ་སྒྲིབ་མེད་དང་༔ མངོན་ཤེས་ཐུགས་ལ་རྫུན་མ་ཤོངས༔ འོན་ཀྱང་བདེན་པས་གཟུ་དཔང་གསོལ༔ ང་ནི་མ་ཉེས་མ་ལན་ནོ༔ ཉེས་མེད་དགྲ་དང་བགེགས་ཀྱིས་གཟིར༔ འདི་ལ་གཟུ་དཔང་ཕྲིན་ལས་མཛོད༔ རྣལ་འབྱོར་བྱང་ཆུབ་ངེས་འབྱུང་གིས༔ རྐྱེན་དང་འཛོ་ཆས་འཕྲོགས་བཅོམ་གཙེས༔ ཆོས་མཛད་ཉམ་ཆུང་དགྲ་སྐལ་བལྟས༔ སྲོག་ལུས་བདེ་སྐྱིད་རྩི་བཞིན་བཏགས༔ འདི་དང་བདག་གི་ཤན་དྲང་ཕྱེས༔ ལྷ་ཀླུ་བན་བོན་བསྲུང་མར་བཅས༔ ཡུལ་ལྷ་སྣང་སྲིད་དྲེགས་པ་ཅན༔ འགོ་ཞིང་སྡོང་གྲོགས་བྱེད་པ་རྣམས༔ ཀུན་ཀྱང་འདི་ལ་མ་མགོན་ཅིག༔ ཁྱེད་ཅག་དྲང་བོ་གཟུ་བོར་གནས༔ གསེར་སྐྱེམས་མཆོད་སྦྱིན་འདི་བཞེངས་ལ༔ དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག༔ ཀུན་ཀྱང་རྣལ་འབྱོར་མཐུ་དཔུང་མཛོད༔ སངས་རྒྱས་ཆོས་ཀྱི་བཀའ་དམ་བསྲུང་༔ མཐུ་སྟོབས་རང་མཚན་མྱུར་དུ་སྟོན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཕྱོགས་བཞིར་ཕུད་ཕྱར་རོ༔ དེ་ནས་འགུགས་པའི་ཕྲིན་ལས་ལ༔ ཨེ་ཁང་བསྐྱེད་དང་ཉ་བོ་བསྐྱེད༔ དེ་ལ་འགུགས་དང་ཕོ་ཉ་བཀྱེ༔ རྣམ་པ་བཞི་ལས་དང་པོ་ནི༔ ཨ་བཛྲ་ཨེ༔ མདུན་དུ་ཨེ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་འབར་བ་ནང་ནག་ལ་གཏིང་ཟབ་པ༔ མཐིལ་ན་འདོད་ཆགས་ཀྱི་ཁྲག་མཚོ་དམར་གྱི་ལི་ལི་ཁོལ་བ༔ ལོགས་ལ་ང་རྒྱལ་གྱི་བྲག་རི་ཚག་དིར་དུ་ཉིལ་བ༔ ཁ་ན་ཞེ་སྡང་གི་མེ་རི་འཛིང་མར་འབར་བ༔ བར་ན་ཕྲག་དོག་གི་རླུང་ནག་ལྡིར་རི་རི་འཚུབས་པ༔ ནད་མཚོན་དུག་རླང་གི་ཆར་བ་འབབས་པ༔ ཕྱི་རོལ་དུ་ལྷ་སྲིན་སྡེ་བརྒྱད་འདུས་ནས་སོད་སོད་དང་རྒྱོབ་རྒྱོབ་ཀྱི་སྒྲ་སྒྲོགས་པ༔ དེའི་ནང་དུ་རླུང་དཀྱིལ་གྱི་སྟེང་དུ༔ གཉིས་པ་ལིངྐ་བསྐྱེད་པ་ནི༔ རཱུ་པ་ཁ་ངུ་བ༔ མིག་ཤི་མིག༔ སྐྲ་གཡེང་བ༔ མདོག་སྔོ་ལ་མདངས་ཉམས་པ༔ ལག་པ་མྱ་ངན་གྱི་རྒྱ་ཅན༔ ཡན་ལག་ལྕགས་སྒྲོག་གིས་བསྡམས་པ༔ བུ་ག་དགུ་ནས་ཁྲག་འབབས་པ༔ མི་སྡུག་པའི་མཚན་མ་དགུའི་བརྒྱན་པ༔ གཅེར་བུ་མགོན་སྐྱབས་དང་བྲལ་བ༔ འདར་ཕྲི་ལི་ལི་གནས་པར་བསམ་ལ༔ ཨོཾ་རཱུ་པ་ཀུ་ཊ་སྭཱ་ཧཱ༔ གསུམ་པ་གནོད་བྱེད་འགུགས་པ་ནི༔ ན་མོ༔ རིག་འཛིན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་མགོན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ་བདེན་པ་དང་༔ ཡི་དམ་རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ གནས་གསུམ་ཡེ་ཤེས་གྱི་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སྐུ་གསུམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བཀའ་བདེན་པ་དང་༔ ཁྱད་པར་དུ་རྒྱལ་བའི་བསྟན་སྲུང་ཆེན་པོ་རྡོ་རྗེ་ཟླ་བའི་དབང་པོའི་ལྷ་ཚོགས་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པ་བྱིན་གྱིས་རླབས་པ་ལ་བརྟེན་ནས༔ སྤྱིར་སངས་རྒྱས་ཀྱི་བསྟན་པ་བཤིགས་པ༔ དམ་ཆོས་ཀྱི་གཙུག་ལག་བརྗིད་པ༔ དགེ་འདུན་གྱི་འདུ་སྒོ་འཕྲོགས་པ༔ ཉམ་ཆུང་གི་ཟས་ནོར་བཅོམ་པ༔ རྣལ་འབྱོར་གྱི་སྒོམ་བསྒྲུབ་འདྲལ་བ༔ ཚེ་བསོད་ཆོས་སྲིད་བདེ་སྐྱིད་ལ་བར་དུ་གཅོད་པ༔ སྔ་དགྲ་ལག་གིས་བརྡར་བ༔ ཕྱི་དགྲ་ཡིད་ལ་ཤོམས་པ༔ ད་དགྲ་ཐད་དུ་བུད་པ༔ མི་ལ་ཁ་གང་གིས་ཁྱད་སོང་༔ ལྷ་ལ་ཞེ་སེམས་ཀྱིས་བརྙེས་དམོད༔ ཡོངས་ལ་བསམ་སྦྱོར་གྱིས་འཚེ་བའི་དགྲ་དང་༔ གཞན་ཡང་ཕུག་གི་ནོར་ལ་གཡང་ལེན་བྱེད་པ༔ བར་གྱི་མི་ལ་ན་ཚ་གཏོང་བ༔ སྒོ་ཡི་རྐང་འགྲོ་ལ་གོད་ཁ་སྩོལ་བ༔ མངལ་གྱི་སྲིད་ལ་གདོན་དུ་ལངས་བ་ཟས་ཀྱི་བཅུད་ལེན་པ༔ གོས་ཀྱི་མདངས་འཕྲོགས་པ༔ ཚེ་ལ་རྐུ་བ༔ སྲོག་ལ་འཇབས་པ༔ བླ་ལ་འཁྱིལ་བ༔ ལེགས་སུ་མི་སྟེར་བ༔ ཉེས་སུ་དགའ་བ༔ སྐབས་བལྟ་ཞིང་༔ གླགས་ཚོལ་བ༔ དོན་ལ་ཁ་ཕུང་བྱེད་པ༔ ལས་ལ་བར་གཅོད་བྱེད་པ༔ ཆོས་ལ་ཉེ་བར་འཚེ་བ༔ དམ་ཚིག་གི་སེལ་བྱེད་པ༔ དགེ་འདུན་གྱི་སྡེ་དཀྲུགས་པ༔ ཉེ་འབྲེལ་ལ་དམེ་འདྲེ་རྩོམ་པ༔ ཕུང་དགུའི་སྟི་གདོན་བྱེད་པ༔ གྱོད་འདྲེ་དང་ལྟོག་འགོངས་བྱེད་པ་ལ་སོགས་པའི་དགྲ་བགེགས་གནོད་བྱེད་སྡང་སེམས་ཅན་ཐམས་ཅད་སྐད་ཅིག་རང་དབང་མེད་པར༔ བཀའ་སྡོད་ཕོ་ཉའི་ཚོགས་ཀྱིས་ལྕགས་ཀྱུས་སྙིང་ནས་དྲོངས༔ སྦྲུལ་ནག་གིས་སྐེ་ནས་བཅིང་༔ གཡང་གཞིས་དཔལ་ཟིལ་གཡོ་རྩལ་བསྡམ༔ དྲིལ་བུ་དང་རྐང་གླིང་གི་བརྟན་པ་ཕྲོགས་ཏེ༔ ཕྲིན་ལས་རོལ་བའི་རླུང་གིས་བརྡས་ནས༔ ནམ་མཁའ་ནས་བྱེའུ་ཁྲས་དེད་པ་བཞིན༔ བར་སྣང་ནས་ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར༔ ས་གཞི་ནས་ཤ་ཁྱིས་རི་དྭགས་དེད་པ་ལྟར༔ ཚུབས་ཀྱི་ལི་ལི༔ ནག་སྒ་ར་ར༔ གཟུགས་ལིངྒ་འདི་ལ་གཉིས་མེད་དུ་ཁུག་ཅིག༔ ནྲ་བཛྲ་ཨཾ་ཀུ་ཤ་ཛ༔ ཏྲི་བཛྲ་ཨཾ་ཀུ་ཤ་ཛ༔ བསྡུས་པ་གཞན་ལྟར་བྱེད་པ་དང་༔ སླར་ཡང་ཕོ་ཉས་འགུགས་པར་བྱ༔


previousཡིད་བཞིན་དབང་གི་རྒྱལ་པོའི་ཕྲིན་ལས་དྲག་པོའི་སྒྲོལ་བ་དྲེགས་པའི་སྟོབས་འདུས།next