Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་སྲུང་གཉན་པོའི་དམོད་བཅོལ་དུས་ཀྱི་ཞགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་སྲུང་གཉན་པོའི་དམོད་བཅོལ་དུས་ཀྱི་ཞགས་པ།next

བཀའ་སྲུང་གཉན་པོའི་དམོད་བཅོལ་དུས་ཀྱི་ཞགས་པ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ བཀའ་སྲུང་གཉན་པོའི་དམོད་བཅོལ་དུས་ཀྱི་ཞགས་པ་ཞེས་བྱ་བ་བཞུགས་སོ༔

བི་ཧ་ར་སྨ༔ ཧོ་དགོངས་སུ་གསོལ་ལོ༔ ལན་གསུམ༔ ན་མོ་བརྒྱུད་གསུམ་རིག་འཛིན་གྱི་བླ་མ༔ རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་གནས་གསུམ་ཡེ་ཤེས་ཀྱི་མཁའ་འགྲོ༔ དམ་ཅན་ཆོས་སྐྱོངས་རྒྱ་མཚོ༔ ཁྱད་པར་དུ་རྣལ་འབྱོར་བདག་ལ་མགོན་སྐྱབས་སྡོང་གྲོགས་བྱེད་པའི་བསྲུང་མ་གཉན་པོ་གནོད་སྦྱིན་དམར་ནག༔ གཟའ་མཆོག་ར་ཧུ་ལ༔ ལྷ་ཆེན་དབང་ཕྱུག་ཆེན་པོ༔ སྔགས་བསྲུང་ཤ་ཟ་ཧོར་མོ༔ ཡིད་བཞིན་དབང་གི་རྒྱལ་པོ༔ མགོན་པོ་ལྷ་དམག་བྱེ་བ་དུང་ཕྱུར༔ སྔགས་ཀྱི་བདག་མོ་ཨེ་ཀ་ཛ་ཊི་ལ་སོགས་པའི་ཕོ་རྒྱུད་མོ་རྒྱུད་དྲེགས་པའི་སྡེ་ཚོགས་མ་ལུས་ཤིང་ལུས་པ་མེད་པའི་འཁོར་དང་བཅས་པ་ཁྱེད་ཅག་གི་རིག་འཛིན་བཀའ་བརྒྱུད་བླ་མས་བཀའ་བསྒོ་དང་༔ རང་རང་གི་སྔོན་གྱི་ཡལ་གམ་གཉན་པོ་རྗེས་སུ་དྲན་པར་གྱིས་ལ༔ ཞིང་བཅུ་ཚང་བའི་དགྲ་བོ༔ ཉམས་པ་བདུན་དང་ལྡན་པ༔ རྣལ་འབྱོར་རྣམས་ཀྱི་ལྟག་བདུད༔ སངས་རྒྱས་བསྟན་པའི་ཆོམ་པོ༔ ཉེས་མེད་ཡོངས་ལ་གནོད་ཅིང་༔ རང་གཞན་ཕུང་ལ་སྦྱོར་བ༔ རིགས་ཆད་པ༔ ལས་གནག་པ༔ སྙིང་རྗེས་སྡིག་འཕྲོ་གཅོད་འོས་པ༔ བསྐྱངས་ན་འཁོར་བའི་གཏིང་རྡོར་འགྱུར་བ༔ བསད་ན་བསྟན་པའི་ཆེ་བ་འབྱིན་པ༔ བཞག་ན་ལྷ་ལ་མཐུ་མེད་པར་མཐོང་བ༔ དགེ་འདུན་གྱི་དབུ་འཕང་སྨད་པ༔ མི་དགེ་བཅུ་བོ་དང་དུ་ལེན་པ༔ ཐར་བའི་ལམ་ལ་རྒྱབ་ཀྱིས་ཕྱོགས་པ༔ ངན་སོང་གསུམ་ལ་ཁྲུས་བཞིན་འཇུག་པ་རྣམས་ཀྱི་ཤ་ཁྲག་རུས་གསུམ་ཚེ་བསོད་ནམས༔ ཁ་རྗེ་དབང་ཐང་༔ སྲོག་ལུས་རླུང་རྟ༔ བླ་གཟའ་སྙན་གྲགས་དང་བཅས་པ་ཐམས་ཅད་བྲག་དམར་ཐོག་གིས་གཏོར་བ་བཞིན་འཇུག་དུ་རློག་ཅིག༔ མར་མེ་རླུང་གིས་བསད་པ་བཞིན་དུ་སོད་ཅིག༔ སྒོང་ང་བྲག་ལ་བརྒྱབ་པ་བཞིན་ཏུ་ཆོས་ཤིག༔ ས་མཁར་སྒྱོགས་རྡོས་བཤིགས་པ་བཞིན་ཏུ་བསིགས་ཤིག༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་སོད་ཅིག༔ ལྗོན་ཤིང་ལ་སྟེ་རེས་བརྒྱབ་པ་བཞིན་ཏུ་ཆོད་ཅིག༔ རྩ་ཕུང་མེ་ལ་བསྲེགས་པ་བཞིན་ཏུ་དངོས་མེད་དུ་ཐོངས་ཤིག༔ གཏི་མུག་གི་དོན་སྙིང་དམར་པོ་ཁུང་ནས་དྲོངས་ཤིག༔ འདོད་ཆགས་ཀྱི་སྙིང་ཁྲག་དོན་མོ་ཧུབ་ཀྱིས་འཐུང་ཞིག༔ ཞེ་སྡང་གི་ཀེང་རུས་དཀར་བོ་ཆེམ་ཆེམ་གསོལ་ཞིག༔ ཡན་ལག་གི་དྭངས་མ་མགོ་ཚལ་པ་བརྒྱ་རུ་ཁོས་ཤིག༔ དབང་པོའི་དྭངས་མ་མིག་ཅུར་འབྱིན་དུ་ལོངས་ཤིག༔ བདག་བཟུང་གི་དྭངས་མ་ལུས་དུམ་གཏུབས་ཤིག༔ ཡ་ཐོད་ཀྱིས་ཉི་མ་འདེ་རུ་ཆུག་ཅིག༔ མ་ཐོད་ཀྱིས་ས་འགམ་དུ་ཆུག་ཅིག༔ ལྕེ་ལྐོགས་མ་ནས་ཕྱུངས་ཤིག༔ གནམ་གྱི་འཇུ་ཐག་ཆོད་ཅིག༔ ས་ཡི་རྟེན་ཕུར་ཕུད་ཅིག༔ ཚེ་ཡི་རྒྱུན་ཐག་ཆོད་ཅིག༔ སྲོག་གི་མར་མེ་བསྣུབས་ཤིག༔ ལས་མཐའི་ཚེ་ཚད་ཀྱི་འཕེན་རྫོགས་མ་སྒུག༔ ལོ་ཟླ་ཞག་དུས་ཀྱི་འགྱང་མ་བསྐྱེད༔ ནང་འདྲེས་འཁོན་བསྡུམ་ལ་སྙན་མ་གཡར༔ བཟློག་བསྲུང་བཀོད་གསུམ་ལ་བག་མ་ཟ་བར༔ རྣལ་འབྱོར་བ་ཡིད་མ་བསད༔ བསྟན་དགྲ་ལངས་ལ་མ་ཤོར༔ ཆོས་སྐྱོངས་མཐུ་མ་རྡུགས༔ སྐྱེ་བོས་ཡ་ག་མ་ཉོ་བར་ཐལ་བ་བརྡུལ་ཕྲན་ཏུ་བརླག་པའི་ཕྲིན་ལས་མཛོད་ཅིག༔ ལོ་ཐོག་སེར་བས་བཅོམ་པ་བཞིན་ཏུ་དངོས་མེད་དུ་ཐོངས་ཤིག༔ སྦལ་བ་རྨ་ཅན་གྱིས་གཞན་ཕུང་བ་བཞིན་དུ་དགྲ་བོའི་གྲོང་ཁྱེར་ཕྱགས་མས་ཐོབ་ཅིག༔ ཆུ་བོ་ཐུར་རྒྱུག་གི་གཞུང་བཞིན་ཏུ་ཁ་རྗེ་རྨེག་མེད་དུ་ཐོངས་ཤིག༔ མདོར་ན་གནས་སྐབས་ཀྱི་ལེགས་པའི་ཡོན་ཏན་ཐམས་ཅད་ཟླ་བ་མར་འགྲིབ་ཀྱི་དུས་དང་མཚོན་ལ༔ མི་འདོད་སྣ་དགུ་དང་གདོང་སྤྲོད་ཅིག༔ མཐུ་སྟོབས་དང་ནུས་པའི་རང་གཟུགས་སྟོན་ཅིག༔ ལས་ངན་གྱི་སྡིག་རྒྱུན་ཆོད༔ རྣམ་ཤེས་དག་པའི་ཞིང་ཁམས་སུ་དྲོངས་ཤིག༔ མཐར་ཐུག་གི་བདེ་ལེགས་ཕུན་སུམ་ཚོགས་པའི་གཞི་ཚུགས་ཤིག༔ ཨོཾ་ས་མ་ཡཱ༔ ཨཱཿས་མ་ཡཱ༔ ཧཱུྃ་ས་མ་ཡཱ༔ བཛྲ་ས་མ་ཡཱ་དགྲ་བགེགས་གནོད་བྱེད་ཐམས་ཅད་མ་ར་ཡ་ཕཊ༔ ཅེས་ཀྱང་ག་གཱ་ཨ་བྷྱེ་ནས་སོ། །བཀྲ་ཤིས་པར་གྱུར་ཅིག །


previousབཀའ་སྲུང་གཉན་པོའི་དམོད་བཅོལ་དུས་ཀྱི་ཞགས་པ།next