Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཀོར་སྲུང་དབང་གི་རྒྱལ་པོའི་ཟོར་བཟློག་དགྲ་བགེགས་དཔུང་འཇོམས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཀོར་སྲུང་དབང་གི་རྒྱལ་པོའི་ཟོར་བཟློག་དགྲ་བགེགས་དཔུང་འཇོམས།next

དཀོར་སྲུང་དབང་གི་རྒྱལ་པོའི་ཟོར་བཟློག་དགྲ་བགེགས་དཔུང་འཇོམས།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ དཀོར་སྲུང་དབང་གི་རྒྱལ་པོའི་ཟོར་བཟློག་དགྲ་བགེགས་དཔུང་འཇོམས་བཞུགས་སོ༔

བརྡ་ཡིག །ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ རྣལ་འབྱོར་གང་ཞིག་དབང་ཐོབ་ཀྱི༔ བསྙེན་བསྒྲུབ་ཟབ་མོ་མཐར་ཕྱིན་ནས༔ ལས་ལ་སྦྱོར་བར་འདོད་པ་ཡི༔ མངོན་སྤྱོད་ཕྲིན་ལས་འདི་ལ་འབད༔ གསང་སྔགས་ཐབས་ཀྱི་སྒོ་ཡངས་བས༔ གདབ་པ་ཕུར་བུའི་ལས་དང་གཅིག༔ འཕང་བ་ཟོར་གྱི་ལས་དང་གཉིས༔ བསྲེགས་པ་ཧོམ་གྱི་ལས་དང་གསུམ༔ མནན་པ་བྲོ་ཡི་ལས་རྣམས་ཏེ༔ དང་པོའི་རྣམ་ཤེས་དབྱིངས་སུ་བསྒྲལ༔ གཉིས་པས་ལྔ་ཕུང་རྡུལ་དུ་བརློག༔ གསུམ་པས་ལྷ་ཚོགས་ཀློང་དུ་སྟིམས༔ བཞི་བས་མངོན་སྤྱོད་མགོ་འདོན་བྱེད༔ གཞན་ཡང་ལས་ཆེན་བཅུ་གཉིས་སོགས༔ བསམ་གྱིས་མི་ཁྱབ་རྣམ་པར་ཐར༔ རྨད་བྱུང་མཆོག་གི་ཆོ་འཕྲུལ་ལས༔ སྐབས་སུ་བབས་པའི་ཟོར་བྱང་ལ༔ གཏོར་ཟོར་ཤིན་ཏུ་རྔམས་པ་ནི༔ དཀྱིལ་འཁོར་ལྷ་གྲངས་དང་མཉམ་པ༔ ཁ་དོག་དམར་ནག་ཚོན་གྱིས་བསྒྱུར༔ གཞན་ཡང་ཟོར་རྐོང་ཆུང་བ་དགུ༔ རང་རང་རྫས་དང་ལྡན་པ་ལ༔ དྲག་པོའི་མཆོད་པས་གཡོན་དུ་བསྐོར༔ ལས་སྦྱོར་དུས་སུ་དྲག་བསྙེན་གྱིས༔ སྟག་མདའི་དམག་ཚོགས་འབར་བར་བརླབས༔ ཐུགས་དམ་བསྐུལ་ནས་བཟློག་ཟོར་གདབས༔ དེ་ལྟར་ཤོམས་བཀོད་ལ་སོགས་པའི༔ ས་བཅད་རྣམ་པ་ལྔ་ཡོད་དོ༔ དང་པོ་གསུམ་པོ་སྨོས་གྲུབ་ནས༔ བཞི་བ་སླར་ཡང་གསལ་གདབས་པ༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏ་༴ གཏོར་ཆེན་མི་དམིགས་པ་སྟོང་པའི་ངང་ལས་ཡི་གེ་རཱཿནག་པོ་གཅིག་ཏུ་གྱུར༔ ཨོཾ་བཛྲ་ཏཱ་ན་ཤྲཱི་ཧོ༔ ཞེས་བརྗོད་པས་ཕྱག་མཚན་སྤེན་གྲི་མེ་འབར་བའི་རྣམ་པར་ཤར༔ ཧཱུྃ་ཧེ་རུ་ཀ་ཛྭ་ལ་ཀྲོ་ཏཱ་ཀཱ་ཡ་ཛ་ཛ༔ ཞེས་པའི་རྐྱེན་སྔགས་ཀྱིས་སྒྲོལ་བྱེད་ལས་ཀྱི་དཔའ་བོ་ཆེན་པོ་དྲེགས་པ་ཆེ་དགུའི་གཉའ་ནོན༔ དགྲ་འདུལ་གསོད་པའི་བཤན་པ༔ བགེགས་མཐར་བྱེད་པའི་ཁྲོ་བོ༔ ཕུང་དགུ་བསྒྱུར་བའི་དྲང་སྲོང་༔ ཁམས་གསུམ་ཟ་བྱེད་ཀྱི་སྲིན་པོ༔ བསྟན་པ་བསྲུང་བའི་རྭ་གུར༔ རྒབ་འདྲེ་ཀུན་ཐུབ་ཀྱི་གཤེད་མ༔ སྟག་མདའ་མགོན་པོ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ༔ ཞལ་གདེང་ལྗགས་འདྲིལ་རྣོ་དབལ་གྱི་མཆེ་བ་གཙིག་པ༔ སྤྱན་ནས་ཁྲག་གི་སྐྱིན་ཐང་གཏོང་ཞིང་༔ ཤངས་ནས་བསྐལ་པའི་རླུང་ནག་འཚུབས་པ༔ ཞལ་ནས་ཨ་ཧའི་གད་རྒྱང་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟར་སྒྲོགས་པ༔ རལ་བ་དམར་སེར་ལས་མེ་འབར་བས་སྲིད་པ་ལྷ་ཁམས་གཞོབ་ཏུ་བསྲེགས་པ༔ ཕྱག་གཡས་སྒྲོལ་བྱེད་སྤེན་གྲི་ནམ་མཁའ་ལ་ཕྱར་བས་ཉམས་པ་དུས་གཅིག་ལ་བཤའ་བ༔ ཕྱག་གཡོན་དུག་ཐུན་གྱི་ཕུང་ཟོར་གཟིང་ཞིང་བསྟོད་དེ་བཟུང་བས་གང་ལ་གནག་པ་ཕུང་ཤུལ་དགུ་འགྱེལ་དུ་གཏོང་བ༔ ཞབས་གཉིས་རྡོག་རྡེབ་མཛད་པས་སྲིད་གསུམ་ཡོམ་ཡོམ་ཤིག་ཤིག་ཏུ་གཡོ་བ༔ སྐུ་ལས་བསྐལ་བའི་མེ་ཆེན་འབར་ཞིང་བ་སྤུ་གནམ་ལྕགས་ཀྱི་སྤུ་གྲི་གཟིང་བའི་ཚ་ཚྭའི་ཉམས་བྱེད་ཚལ་བར་གཏུབས་པ༔ འོད་ཟེར་ཁྲོ་ཁྱུང་ལྕགས་སྡིག་ནད་དུག་གི་རླངས་པ་འཕྱོ་བས༔ གནོད་བྱེད་བརྒྱལ་རྨོངས་རེངས་བར་བྱེད་པ༔ སྐུ་སྟོད་ལ་ཞིང་གི་གཡང་གཞི༔ རྐེད་པར་གླང་ཆེན་གྱི་ཀོ་རློན༔ སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ༔ བྱུག་པའི་རྩི་གསུམ་སོགས་དུར་ཁྲོད་ཀྱི་ཆོས་༼ ཆས་དཔྱད། ༽ཡོངས་སུ་རྫོགས་ཤིང་༔ སྦྲུལ་དང་མགོ་ཕྲེང་གི་འཕྱང་འཕྲུལ་དང་༔ མཆོད་ཕྱུར་ཏོག་ཙིཏྟ་་འབར་བ་འོག་ལྤགས་ལ་སླེབས་པ༔ སྒེག་མཛེས་འཇིགས་བརྗིད་བཟོད་པར་དཀའ་བའི༔ སྐུ་སྟོད་ཀྱི་ཆ་ལ་བཀའ་བརྒྱུད་བླ་མ༔ རྐེད་པ་བར་གྱི་ཆ་ལ་ཡི་དམ་སྒྲུབ་སྡེ༔ སྐུ་སྨད་ཀྱི་ཆ་ལ་མཁའ་འགྲོ་ཆོས་སྐྱོངས༔ དབུ་གཙུག་ཏོར་གྱི་གོ་རུ་ཞི་ཁྲོ་རྒྱུད་སྡེའི་ལྷ་ཚོགས་དབུ་རྒྱན་ཚུལ་དུ་མཚོ་ལ་གཟའ་སྐར་བཀྲ་བ་བཞིན་ཏུ་རྫོགས་པའི་འཁོར་དུ༔ ཐུགས་གསུང་སྐུ་དང་ཡོན་ཏན་གྱི་རྒྱལ་ཆེན་རིགས་བཞི་ལ་ཕྱོགས་སྐྱོངས་དྲེགས་དཔོན་ལྷ་སྲིན་སྡེ་བརྒྱད་དཀར་ཕྱོགས་སྐྱོངས་པའི་དམག༔ དཔུང་ཚོགས་ཡན་ལག་བཞིའི་རྣམ་པ་གཡུལ་ཤོམས་པ་ལྟར་འཚོགས་པ༔ ཐམས་ཅད་ཀྱང་གསོད་གཅོད་བཟློག་བསྒྱུར་གྱི་ལས་ལ་གཅིག་ཏུ་གཞོལ་བའི་རང་བཞིན་དུ་མ་ངོམས་པའི་གནས་གསུམ་རྡོ་རྗེའི་སྙིང་པོ་ལས་འོད་འཕྲོས་པས་མེ་རི་འབར་བའི་དུར་ཁྲོད༔ པདྨ་དབང་གི་དཀྱིལ་འཁོར༔ འཇིག་རྟེན་མཆོད་བསྟོད་ཀྱི་དལ༔ དྲག་སྔགས་དམོད་པའི་དཀྱིལ་འཁོར་དང་༔ སྡེ་བཞིའི་དཔལ་གྱིས་བརྒྱན་པའི་གྲུ་ཕྱོགས་ནས་ཡེ་ཤེས་པ་དང་དམ་ཚིག་སྤྲུལ་པའི་འཁོར་ལོ་ཡང་སྤྲུལ་ཕྱག་བརྙན་བཀའ་སྡོད་དང་བཅས་པ་སྤྱན་དྲངས་ཏེ་གཟུགས་བརྙན་ཏིང་ངེ་འཛིན་གྱི་རོལ་མོ་དང་གཉིས་མེད་དུ་ཐིམ་པར་བསམ༔ དེ་ཡང་ལས་སྦྱོར་གྱི་མཐར་བཟློག་ཟོར་བྱིན་གྱིས་བརླབས་པའི་ཕྱིར་ལྷར་བསྐྱེད༔ སྤྱན་འདྲེན་མཆོད་བསྟོད་རྗེས་སུ་ཕྱོགས་བཅུའི་ཡེ་ཤེས་འཇིག་རྟེན་རྩ་གསུམ་དམ་ཅན་རྒྱ་མཚོའི་མཐུ་སྟོབས་ནུས་པ་ཐམས་ཅད་འོད་མཐིང་ནག་གི་རྣམ་པར་ཡང་ཡང་ཐིམ་པས་དཔལ་ཕྱག་ན་རྡོ་རྗེའི་བྱིན་ནུས་ཀྱང་འཇིག་པར་བྱེད་པའི་རང་བཞིན་ཅན་དུ་བྱིན་གྱིས་བརླབས་པར་བསམ༔ ཞེས་པའི་མཐར་བཟློག་ཟོར་གཟི་བྱིན་བསྐྱེད་པའི་སྔགས་མང་དུ་བཟླས་མཐར་དཀྱིལ་འཁོར་ལྷན་རྒྱས་ལ་མཆོད་བསྟོད༔ བཟོད་གསོལ༔ ཚོགས་འཁོར་བསྐོར་བ་སོགས་བྱས་ནས༔ ལྷག་མའི་མཐར་བཟློག་པ་བྱ་བ་ཡིན་ལ༔ ཉིན་རྗེས་མར་དེ་ལྟར་བྱས་ནས་ཆད་ཐོའི་རྗེས་སུ་ཟོར་བཟློག་བྱས་ཀྱང་ཆོག་པར་མངོན་ལ༔ བཟློག་པ་སྔོན་མ་ལ་བྱས་ཀྱང་འདྲའོ༔ དེ་ལ་བཟློག་པ་ནི༔ ཧཱུྃ་བྷྱོ༔ རབ་འཇིགས་མེ་རི་འབར་བའི་ཕོ་བྲང་ནས༔ མི་བསྲུན་རུ་ཏྲ་འདུལ་བའི་ཧེ་རུ་ཀ༔ སྟོབས་ཀྱི་སྟོབས་འཕགས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་སྤྱི་དཔལ་པདྨ་དབང་གི་རྒྱལ༔ དགོངས་ཀློང་ཆོས་ཀྱི་དབྱིངས་སུ་མཉམ་བཞག་ཀྱང་༔ཐབས་ཀྱིས་སྣང་གཟུགས་འཁོར་བའི་སྒོར་བསྟུན་ནས༔ ཞི་རྒྱས་དབང་དྲག་སྣ་ཚོགས་ཆུ་ཟླ་བཞིན༔ འགྲོ་ལ་ཕན་པའི་མཛད་པ་བསམ་མི་ཁྱབ༔ རེ་ཞིག་བདུད་འཇོམས་དྲག་པོའི་སྐུར་སྣང་བ༔ མྱུར་མགྱོགས་མཐུ་ཆེན་གནོད་སྦྱིན་སྟག་མདའ་གདོང་༔ སྐུ་གསུང་ཐུགས་ཡོན་ལྷུན་གྲུབ་རྒྱལ་ཆེན་ལྔ༔ སྤྲུལ་འཁོར་རུ་འདྲེན་ཕོ་ཉ་ལྷ་སྲིན་སྡེ༔ རི་རབ་ཐལ་བར་བརླག་པའི་ཤུགས་ལྡན་ཅིང་༔ རྒྱ་མཚོ་ཧུབ་ཀྱིས་འདྲེན་པའི་མགྲིན་པ་བདེ༔ ཁམས་གསུམ་ཟས་སུ་བཟའ་བའི་ལྟོ་བ་ཡངས༔ རྩི་ཤིང་གྲངས་སུ་དམན་པའི་ཡང་སྤྲུལ་བཅས༔ མ་གཡེལ་མ་འགྱུང་སྐད་ཅིག་ད་ལྟ་ནས༔ ཞིང་བཅུ་ཚང་པའི་དམ་ཉམས་སྡིག་ཅན་རྣམས༔ བཟློག་བསྒྱུར་དྲག་པོའི་ཕྲིན་ལས་མཛད་པའི་ཕྱིར༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བཞེངས་ཤིག་བཞེངས་ཤིག་དབྱིངས་དང་རང་གནས་ནས༔ མཛོད་ཅིག་བཟློག་བསྒྱུར་མངོན་སྤྱོད་ཕྲིན་ལས་མཛོད༔ ཧཱུྃ་ཛ༔ དོན་རྟགས་རྒྱན་དུ་ངོམས་པའི་སྙིང་པོ་ལས༔ མཚོན་དེ་སྔོན་རབས་ཀུན་ནས་མངའ་འབུལ་བ༔ བཟློག་བསྒྱུར་རང་དབང་ཐོབ་པའི་ཆོ་ཡིན་པའི༔ ངེས་དངོས་ངེས་ཤེས་ལྡན་པའི་ཡིད་ཆེས་ཀྱིས༔ བདེན་པ་མངོན་དུ་བརྡར་ནས་འཕྲིན་གསོལ་ཏེ༔ ཐ་སྙད་སྒྲོ་བཏགས་ཚིག་ཏུ་མི་འཁྱམས་པའི༔ སྟོབས་ཀྱི་ཕ་རོལ་ཕྱིན་པ་ཐོབ་ཁྱོད་ན༔ རེ་འབྲས་དོན་དང་ལྡན་མཛོད་ཧེ་རུ་ཀ༔ ཧཱུྃ་ཛ་བྷྱོ༔ གར་དགུའི་ཉམས་ཀྱིས་བརྗིད་པའི་ཁྲག་འཐུང་དཔལ༔ ཡི་དམ་ཆོས་སྐྱོངས་དབྱེར་མེད་དབང་གི་རྒྱལ༔ འབར་བའི་གཟི་བརྗིད་ཚད་མེད་མངའ་བདག་གིས༔ ས་དགུའི་གཡོ་འཁྲུགས་ཡེ་ཤེས་ཀློང་དགུར་བཟློག༔ སྐུ་མདོག་དུས་ཀྱི་མུན་ལྟར་གནག་པ་ཡིས༔ མ་རིག་མུན་པ་རིག་པའི་ཀློང་དུ་བཟློག༔ སྐུ་ཆེ་ཡན་ལག་རབ་ཏུ་རགས་པ་ཡིས༔ གཏི་མུག་འཁྲུལ་འཁོར་ཆོས་ཀྱི་དབྱིངས་སུ་བཟློག༔ སྐུ་ལ་ཞིང་གླང་སྟག་ལྤགས་གསོལ་བ་ཡིས༔ ང་རྒྱལ་མཉམ་ཉིད་ཡེ་ཤེས་དབྱིངས་སུ་བཟློག༔ སྐུ་ལ་བྱུག་པའི་རྩི་གསུམ་ཚང་བ་ཡིས༔ འདོད་ཆགས་སོར་རྟོགས་ཡེ་ཤེས་དབྱིངས་སུ་བཟློག༔ སྦྲུལ་རིགས་ལྔ་ཡི་ཆུན་པོའི་བརྒྱན་པ་ཡིས༔ ཞེ་སྡང་མེ་ལོང་ཡེ་ཤེས་དབྱིངས་སུ་བཟློག༔ འཁོར་དུ་ཕྲ་མེན་ཟ་གསོད་བཀོལ་བ་ཡིས༔ ཕྲག་དོག་བྱ་གྲུབ་ཡེ་ཤེས་དབྱིངས་སུ་བཟློག༔ བསྐལ་བ་དུས་མཐའི་མེ་ཆེན་འབར་བ་ཡིས༔ འགལ་བྱེད་མཚན་འཛིན་ཡེ་ཤེས་ངང་དུ་བཟློག༔ བ་སྤུ་ཆུ་གྲི་ངར་མས་གཏམས་པ་ཡིས༔ བརྒྱད་ཁྲིའི་ཉོན་མོངས་ཆོས་ཕུང་དབྱིངས་སུ་བཟློག༔ ཧཱུྃ་བྷྱོ༔ རལ་པ་དམར་སེར་སྲིད་རྩེར་གཟེངས་པ་ཡིས༔ གཟུགས་མེད་ཁམས་ཀྱི་ཟག་པ་ཆོས་སྐུར་བཟློག༔ དབུ་ཡིས་གཟུགས་ཀྱི་ཆགས་པ་ལོངས་སྐུར་བཟློག༔ སྐུ་ཡི་བཀོད་པ་འདོད་པའི་ཁམས་སུ་ངོམས༔ གནས་རིས་ཉི་ཤུའི་ཟག་པ་སྤྲུལ་སྐུར་བཟློག༔ ཐིག་ལེ་ཉག་གཅིག་བརྗིད་པའི་བཞིན་བཟང་གིས༔ བདག་འཛིན་སྲིད་རྩ་ཆོས་ཀྱི་དབྱིངས་སུ་བཟློག༔ སྤྱན་གསུམ་སྲིད་གསུམ་ས་ལེར་གཟིགས་པ་ཡིས༔ དུས་གསུམ་ཆགས་ཐོགས་རིགས་གསུམ་ངང་དུ་བཟློག༔ སྙན་ཤལ་གསལ་བའི་རྒྱན་དང་ལྡན་ཟུང་གིས༔ རྟག་ཆད་ལྟ་བ་བདེན་གཉིས་ངང་དུ་བཟློག༔ ཤངས་ནས་འཇིག་དུས་རླུང་ནག་འཚུབས་པ་ཡིས༔ གཟུང་འཛིན་སྲོག་རྩ་སྐྱེ་མེད་ཆེན་པོར་བཟློག༔ མཆེ་བ་བཞི་བོ་གངས་རི་ལྟར་གཙིགས་པས༔ བདུད་བཞིའི་རྒྱུ་བ་ཚད་མེད་རྣམ་བཞིར་བཟློག༔ ཚེམས་ཕྲེང་ལྔ་བཅུ་རྩ་བརྒྱད་ཟླ་ཚེས་པས༔ སེམས་བྱུང་འཁྲུལ་འཁོར་ཡེ་ཤེས་འཁོར་ལོར་བཟློག༔ གཡས་གཡོན་ཕྱག་ནི་གཉིས་སུ་ངེས་པ་ཡིས༔ དཀར་དམར་རྒྱུ་བ་དབུ་མ་ཆེན་པོར་བཟློག༔ ཞབས་གཉིས་འདོར་སྟབས་ཚུལ་གྱིས་རུ་ཏྲ་མནན༔ སྐྱེ་བ་རྣམ་བཞི་ཕྲིན་ལས་བཞི་ལ་བཟློག༔ ཕྱག་ཞབས་སོར་མོ་ཉི་ཤུ་ལྕུག་པ་ཡིས༔ འཁོར་ཆོས་སྟོང་ཉིད་ཉི་ཤུའི་ངང་དུ་བཟློག༔ སོར་མོའི་ཚིགས་ཕྲན་དྲུག་ཅུ་ཐམ་པ་ཡིས༔ དབྱུག་གུ་དྲུག་ཅུའི་འཁྲུལ་འཁོར་དབྱིངས་སུ་བཟློག༔ བདེ་ཆེན་འཁོར་ལོའི་དཀྱིལ་འཁོར་ཡངས་པ་ཡིས༔ གཟུགས་ཀྱི་འཁྲུལ་འཁོར་རྣམ་སྣང་དབྱིངས་སུ་བཟློག༔ ལོངས་སྤྱོད་འཁོར་ལོའི་དཀྱིལ་འཁོར་ཡངས་པ་ཡིས༔ འདུ་ཤེས་སྣང་བ་མཐའ་ཡས་ཀློང་དུ་བཟློག༔ ཆོས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཡངས་པ་ཡིས༔ རྣམ་ཤེས་རྡོ་རྗེ་སེམས་དཔའི་ཀློང་དུ་བཟློག༔ སྤྲུལ་པའི་འཁོར་ལོའི་དཀྱིལ་འཁོར་ཡངས་པ་ཡིས༔ ཚོར་བའི་འཁྲུལ་འཁོར་རིན་འབྱུང་ཀློང་དུ་བཟློག༔ བདེ་སྐྱོང་འཁོར་ལོའི་དཀྱིལ་འཁོར་ཡངས་པ་ཡིས༔ འདུ་བྱེད་དོན་ཡོད་གྲུབ་པའི་ཀློང་དུ་བཟློག༔ ཡན་ལག་ཚིགས་ཆེན་བཅུ་གཉིས་འཁོར་ལོ་ཡིས༔ སྐྱེ་མཆེད་བཅུ་གཉིས་འཁྲུལ་པ་དབྱིངས་སུ་བཟློག༔ གསུང་ལ་བདེན་དོན་བཅུ་གཉིས་རྫོགས་པ་ཡིས༔ རྟེན་འབྲེལ་བཅུ་གཉིས་འཁྲུལ་པ་དབྱིངས་སུ་བཟློག༔ ཐུགས་ལ་སྟོང་ཉིད་བཅོ་བརྒྱད་རྩལ་རྫོགས་པས༔ བཅོ་བརྒྱད་ཁམས་ཀྱི་འཁྲུལ་འཁོར་དབྱིངས་སུ་བཟློག༔ སྐུ་ལ་དཔལ་གྱི་ཆས་བཅུའི་བརྗིད་པ་ཡིས༔ ས་བཅུའི་སྒྲིབ་རྟོག་ཕར་ཕྱིན་ངང་དུ་བཟློག༔ དུར་ཁྲོད་ཆོས་ཚུལ་བརྒྱད་དང་ལྡན་པ་ཡིས༔ ཚོགས་བརྒྱད་རུ་ཏྲ་ཡེ་ཤེས་ཆོས་སྐུར་བཟློག༔ ཧཱུྃ་བྷྱོ༔ སྐུ་ཡི་བཀོད་པ་གདུལ་བྱའི་ཡུལ་དུ་ངོམས༔ ལུས་ཀྱི་བག་ཆགས་སྤྲུལ་པའི་སྐུ་ལ་བཟློག༔ ཞལ་ནས་ཨ་ཧའི་གད་རྒྱང་སྒྲོགས་པ་ཡིས༔ ངག་གི་བག་ཆགས་ལོངས་སྤྱོད་རྫོགས་སྐུར་བཟློག༔ ཐུགས་ནི་ཡེ་ནས་འཁྲུལ་བ་མི་མངའ་བས༔ རྣམ་རྟོག་རྒྱུ་བ་ཆོས་ཀྱི་སྐུ་ལ་བཟློག༔ ཡོན་ཏན་སྣང་ཆ་མ་འདྲེས་ཅིར་ཡང་རྫོགས༔ ཉོན་ཡིན་མངོན་པར་བྱང་ཆུབ་དབྱིངས་སུ་བཟློག༔ ངོ་བོ་སྣང་སྟོང་དབྱེར་མེད་སྤྲོས་ཀུན་བྲལ༔ སེམས་ཀྱི་ཀུན་གཞི་མི་འགྱུར་རྡོ་རྗེར་བཟློག༔ ཧཱུྃ་ཛ་བྷྱོ༔ མི་འཇིགས་བཞི་ལྡན་བདུད་འཇོམས་དཀྱིལ་འཁོར་ནས༔ ཞེ་སྡང་རྒྱན་དུ་ཤར་བའི་ཐལ་བ་སྐྱོངས༔ སྐུ་ཡི་ལྷ་ཚོགས་བྱེ་བས་འཁོར་གྱིས་བསྐོར༔ སྡུག་བསྔལ་ཞི་བ་ཆེན་པོའི་ངང་དུ་བཟློག༔ རྫུ་འཕྲུལ་རྐང་བཞི་ལྡན་པའི་དཀྱིལ་འཁོར་ནས༔ ང་རྒྱལ་རྒྱན་དུ་ཤར་བའི་དོན་གྲུབ་རྒྱལ༔ ཡོན་ཏན་ལྷ་ཚོགས་བྱེ་བས་འཁོར་གྱིས་བསྐོར༔ དབུལ་ཕོངས་རྒྱས་པ་ཆེན་པོའི་ངང་དུ་བཟློག༔ དབང་བཅུ་ཕུན་སུམ་ཚོགས་པའི་དཀྱིལ་འཁོར་ནས༔ འདོད་ཆགས་རྒྱན་དུ་ཤར་བའི་ངག་གི་དབང་༔ གསུང་གི་ལྷ་ཚོགས་བྱེ་བས་འཁོར་གྱིས་བསྐོར༔ གཞན་དྲང་བདག་དབང་ཆེན་པོའི་ངང་དུ་བཟློག༔ ཕྲིན་ལས་རྣམ་བཞི་གྲུབ་པའི་དཀྱིལ་འཁོར་ནས༔ ཕྲག་དོག་རྒྱན་དུ་ཤར་བའི་སྟག་མདའ་གདོང་༔ ལས་མཛད་ལྷ་ཚོགས་བྱེ་བས་འཁོར་གྱིས་བསྐོར༔ མི་མཐུན་སོ་སོ་ཡང་དག་ཀློང་དུ་བཟློག༔ སྟོབས་བཅུའི་མི་དགེ་འཇོམས་པའི་དཀྱིལ་འཁོར་ནས༔ གཏི་མུག་རྒྱན་དུ་ཤར་བའི་ཙནྡྲ་གསལ༔ ཐུགས་ཀྱི་ལྷ་ཚོགས་བྱེ་བས་འཁོར་གྱིས་བསྐོར༔ མཐར་ལྟ་མི་གནས་ཡེ་ཤེས་ཀློང་དུ་བཟློག༔ ཧཱུྃ༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་ངོ་བོ་ཉིད༔ དབུས་ཀྱི་གཙོ་མཆོག་ཡིད་བཞིན་དབང་གི་རྒྱལ༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ལྷ་ཀླུའི་ཕྱོགས་ཀྱི་དགྲ་གདོན་བྱད་ཕུར་བཟློག༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་ངོ་བོ་ཉིད༔ ཤར་གྱི་དབང་ཕྱུག་ཐལ་སྐྱོང་འཁོར་བཅས་ཀྱིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དྲི་ཟའི་ཕྱོགས་ཀྱི་དགྲ་གདོན་བྱད་ཕུར་བཟློག༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་ངོ་བོ་ཉིད༔ ལྷོ་ཡི་དབང་ཕྱུག་དོན་གྲུབ་རྒྱལ་པོ་ཡིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གཤིན་རྗེའི་ཕྱོགས་ཀྱི་དགྲ་གདོན་བྱད་ཕུར་བཟློག༔ པདྨ་གསུང་གི་ལྷ་ཚོགས་ངོ་བོ་ཉིད༔ ནུབ་ཀྱི་དབང་ཕྱུག་ཝ་ཀི་པཱ་ལ་ཁྱེད༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཆུ་ལྷའི་ཕྱོགས་ཀྱི་དགྲ་གདོན་བྱད་ཕུར་བཟློག༔ ཕུར་བ་ཕྲིན་ལས་ལྷ་ཚོགས་ངོ་བོ་ཉིད༔ བྱང་གི་དབང་ཕྱུག་དྲག་པོ་སྟག་མདའ་མགོན༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གནོད་སྦྱིན་ཕྱོགས་ཀྱི་དགྲ་གདོན་བྱད་ཕུར་བཟློག༔ མ་མོ་རྦོད་གཏོང་འདུས་པའི་ངོ་བོ་ཉིད༔ མདུན་གྱི་རུ་འདྲེན་བུད་མེད་ནག་མོ་འབུམ༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མེ་ལྷའི་ཕྱོགས་ཀྱི་དགྲ་གདོན་བྱད་ཕུར་བཟློག༔ རིག་འཛིན་སློབ་དཔོན་འདུས་པའི་ངོ་བོ་ཉིད༔ གཡས་ཀྱི་རུ་འདྲེན་བནྡྷེ་དགྲ་བཅོམ་འབུམ༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ འབོད་སྒྲོགས་ཕྱོགས་ཀྱི་དགྲ་གདོན་བྱད་ཕུར་བཟློག༔ འཇིག་རྟེན་མཆོད་བསྟོད་འདུས་པའི་ངོ་བོ་ཉིད༔ རྒྱབ་ཀྱི་རུ་འདྲེན་དཔའ་བོ་སྟག་ཆས་བརྒྱ༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ རླུང་གི་ཕྱོགས་ཀྱི་དགྲ་གདོན་བྱད་ཕུར་བཟློག༔ དམོད་པ་དྲག་སྔགས་འདུས་པའི་ངོ་བོ་ཉིད༔ གཡོན་གྱི་རུ་འདྲེན་བནྡྷེ་སྔགས་ནག་བརྒྱ༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དབང་ལྡན་ཕྱོགས་ཀྱི་དགྲ་གདོན་བྱད་ཕུར་བཟློག༔ ཛ༔ བྷྱོ༔ ཕྱི་འཁོར་དྲེགས་པའི་སྡེ་དཔོན་སུམ་ཆུ་དང་༔ དཔལ་མགོན་ལྷ་སྲིན་སྡེ་བརྒྱད་དཀར་ཕྱོགས་སྐྱོང་༔ དཔུང་ཚོགས་ཡན་ལག་བཞི་ཡིས་རྔམ་པ་ལ༔ དགྲ་བགེགས་ཤ་ཁྲག་མཆོད་གཏོར་དམ་པ་འབུལ༔ གྲུབ་པ་བཞི་དང་ལྡན་པའི་རང་བཞིན་གྱིས༔ དམ་ཚིག་འདི་ནི་དེང་དུ་བཞེས་སུ་གསོལ༔ དམ་ཚིག་འདི་ནི་དེང་དུ་བཞེས་ནས་ཀྱང་༔ བཟློག་བསྒྱུར་ཕྲིན་ལས་མ་ལུས་མཛད་དུ་གསོལ༔ སངས་རྒྱས་བསྟན་བཤིག་དཀོན་མཆོག་དབུ་འཕང་སྨད༔ དགེ་འདུན་སྡེ་དཀྲུགས་མཐའ་བཞིའི་དམག་སྣ་འདྲེན༔ སྐྱེ་འགྲོའི་བདེ་སྐྱིད་འཕྲོགས་པར་བྱེད་པ་དང་༔ ཕུང་དགུའི་སྣ་འདྲེན་བགྱིད་པའི་དགྲ་གདོན་བགེགས༔ བསམ་ངན་སྦྱོར་རྩུབས་ཞིང་བཅུ་ཚང་བ་དང་༔ བྱ་བྱེད་རྦོད་གཏོང་བྱེད་པ་ཐམས་ཅད་ཀྱི༔ ལུས་ངག་ཡིད་དང་སྟོབས་འབྱོར་དབང་ཐང་གི༔ སྟེང་དུ་བཟློག་བསྒྱུར་ལོག་རྡུགས་འབྱམས་མ་བྱེད༔ བྷྱོ༔ ཡང་ཅིག་བཟློག་ཅིང་བསྒྱུར་བ་ནི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ མོ་ལྟས་པྲ་རྟགས་ངན་པ་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ རྨི་ལམ་མཚན་མ་ངན་པ་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ གློ་བུར་དགུ་བཅུ་རྩ་དགུ་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ དུས་མིན་འཆི་བ་བཅོ་བརྒྱད་ཀྱང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ གཤིས་ངན་འགུམ་པ་བརྒྱད་ཅུ་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་ཀྱང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ ཕོ་གདོན་ཡོངས་ཀྱི་རྒོལ་ངན་ཀྱང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ མོ་གདོན་ཡོངས་ཀྱི་རྒོལ་ངན་ཀྱང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ ཕྱོགས་བཅུའི་དྲེགས་པའི་རྒོལ་ངན་ཀྱང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ བན་སྔགས་ཡོངས་ཀྱི་ནུས་མཐུ་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ གཤིན་བོན་ཡོངས་ཀྱི་མཐུ་བྱད་ཀྱང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ མུ་སྟེགས་ཀླ་ཀློའི་ངན་སྔགས་མཐུ༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ ཀེག་རིགས་བཞི་བརྒྱ་ལྔ་བཅུ་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ སྲི་ངན་ཆེན་པོ་བཅུ་གསུམ་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ ཆགས་ཆེན་ཉམ་ང་ཐམས་ཅད་ཀྱང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ ཆོས་སྐྱོངས་ཡོངས་ཀྱི་རྒོལ་ངན་ཀྱང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ སྐྱེ་འགྲོ་ཕོ་མོའི་དམོད་སྔགས་མཐུ༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ བཀྲ་མི་ཤིས་པའི་དངོས་པོ་ཀུན༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ རྦད་འདྲེ་རྦོད་གཏོང་ངན་པའང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ ཕུར་ཁ་བྱུར་ཁ་ངན་པའང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ བྲ་མཆུ་ལ་ཉེ་ངན་པའང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ ཟ་འདྲེ་ཤི་གཤེད་ངན་པའང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ དུར་ངོ་གྲི་ངོ་སྨས་ངོ་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ རྫོགས་བྱང་བསྒྲུབ་བའི་བར་ཆད་བདུད༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ མི་མཐུན་ཕྱོགས་རྣམས་ཐམས་ཅད་ཀྱང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ མི་འདོད་ཉེ་བར་འཚེ་བ་ཀུན༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔ སྔོན་ལས་འཕྲལ་རྐྱེན་ངན་པ་ཡང་༔ བསྟན་པ་བཤིག་པའི་དགྲ་ལ་བཟློག༔ ཡོངས་ལ་གནོད་པའི་སྟེང་དུ་བཟློག༔ བདེ་སྐྱིད་འཕྲོགས་པའི་སྟེང་དུ་བཟློག༔ སྡུག་ལ་སྦྱོར་བའི་སྟེང་དུ་བཟློག༔ སྒོང་ང་བྲག་ལ་བརྡབས་པ་བཞིན༔ ཐལ་བའི་རྡུལ་དུ་བརླག་པར་མཛོད༔ རྩ་སྦུར་མེ་ལ་བསྲེགས་པ་བཞིན༔ ལྷག་མ་རྗེས་ཤུལ་མེད་པར་མཛོད༔ ཨོཾ་རཱ་ཛ་ཙནྡྲི་ཀྲོ་ཏ་ས་པཱ་རི་ཝ་ར་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་བྷྱོ་བྷྱོ་བཟློག་བཟློག༔ སརྦ་ཤ་ཏྲུཾ་དགྲ་བགེགས་གནོད་བྱེད་ཀྱི་སྟེང་དུ་རྒྱུག་རྒྱུག༔ དགྲ་བོའི་རང་མཐུ་རང་ལ་བཟློག་བཟློག༔ རང་ལས་རང་ལ་བཟློག་བཟློག༔ རང་མཚོན་རང་ལ་བཟློག་བཟློག༔ རང་ཕུང་རང་བརླག་ཏུ་ཐོངས་ཤིག༔ སྲོག་ལ་མྱོག་མྱོག་རྦད་བཟློག༔ ཙིཏྟ་གཟེར་ཐུཾ་རྦད་བཟློག༔ ཨེ་ཧུར་ཐུམ་ཏྲིག་ནན་རྦད་ཛ་བྷྱོ་བཟློག༔ ཅེས་བརྗོད་རྒྱུན་དུ་བསྐུལ་གསོལ་ཞིང་༔ གཏོར་མའི་ལྷ་ཚོགས་ཐམས་ཅད་ཀྱིས༔ བཟློག་ཅིང་བསྒྱུར་བའི་ལས་མཛད་བསམ༔ འཕང་བ་ཟོར་ལ་སྐབས་བབས་དུས༔ ཡེ་ཤེས་ལྷ་ཚོགས་རང་ལ་བསྟིམ༔ བྱིན་རླབས་དངོས་གྲུབ་ཐོབ་པར་བསམ༔ དམ་ཚིག་པ་རྣམས་མཚོན་ཆར་བསྒྱུར༔ འཕང་བ་ཙམ་གྱིས་དགྲ་བགེགས་ཀུན༔ རྗེས་ཤུལ་མེད་པར་བརླག་པར་བསམ༔ བརྟན་མ་བསྐྱང་རྗེས་གཏོར་གཞོང་སྟེང་༔ ལས་མི་འཇིག་ཕྱིར་རྟ་བྲོ་འབྲེལ༔ དེ་ཡིས་མངོན་སྤྱོད་ཕྲིན་ལས་འགྲུབ༔ དགྲ་བོ་འཆི་བདག་ཡིན་ཡང་འཇོམས༔ སངས་རྒྱས་བསྟན་པའི་རྭ་བ་དང་སེམས་ཅན་བདེ་སྐྱིད་ལྕགས་རི་བྱེད༔ ས་མ་ཡཱ༔ རྡོ་རྗེའི་བྲག་ལ་གཏེར་དུ་སྦོས༔ ལས་འཕྲོ་ཅན་གྱི་དཔལ་དུ་ཤོག༔ ཅེས་ཀྱང་ཡུལ་མེད་རྟག་ཏུ་གནག་པའི་བསམ་སྦྱོར་ཅན། དྲག་པོ་མངོན་སྤྱོད་ལ་གཙིགས་སུ་བྱེད་པ་ཤེས་རབ་བློ་འཕེལ་དང་འབྲོག་འཇིག་གཉིས་གྱིས་བསྟན་འགྲོའི་དོན་དུ་བསྐུལ་བ་བཀྲ་ཤིས་པར་གྱུར་ཅིག །ག་གཱ་ཨ་བྷྱེས་གཅོས་གཏམ་སོ། །བརྡ་ཡིག །ཡང་བཟློག་གྲངས་བསོགས་ན་ཉུང་བར་འདོད་པས༔ ཧཱུྃ་ཛ་བྷྱོ༔ ན་མོ་དཀོན་མཆོག་གསུམ་གྱི་བདེན་པ་དང་༔ ཆོས་ཉིད་རྣམ་པར་དག་པ་དང་༔ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད༔ དཀོར་བསྲུང་དམ་ཅན་རྒྱ་མཚོའི་མཐུའི༔ ལུས་ཀྱི་བར་ཆད་མི་མཐུན་ཕྱོགས༔ སྐུ་ཡི་སྟོབས་ཀྱིས་བཟློག་ཅིང་བསྒྱུར༔ ངག་གི་བར་ཆད་མི་མཐུན་ཕྱོགས༔ གསུང་གི་སྟོབས་ཀྱིས་བཟློག་ཅིང་བསྒྱུར༔ སེམས་ཀྱི་བར་ཆད་མི་མཐུན་ཕྱོགས༔ ཐུགས་ཀྱི་སྟོབས་ཀྱིས་བཟློག་ཅིང་བསྒྱུར༔ དཔལ་འབྱོར་བར་ཆད་མི་མཐུན་ཕྱོགས༔ ཡོན་ཏན་སྟོབས་ཀྱིསབཟློག་ཅིང་བསྒྱུར༔ སྦྱོར་བའི་བར་ཆད་མི་མཐུན་ཕྱོགས༔ ཕྲིན་ལས་སྟོབས་ཀྱིས་བཟློག་ཅིང་བསྒྱུར༔ ལྟ་ངན་སུམ་བརྒྱ་དྲུག་ཅུ་ཡང༔ མཁྱེན་པའི་སྟོབས་ཀྱིས་བཟློག་ཅིང་བསྒྱུར༔ ནད་མུག་མཚོན་བསྐལ་ངན་པ་ཡང་༔ བརྩེ་བའི་སྟོབས་ཀྱིས་བཟློག་ཅིང་བསྒྱུར༔ རྒྱ་འདྲེ་འགོང་བོའི་ཆོ་འཕྲུལ་ཡང་༔ ནུས་པའི་སྟོབས་ཀྱིས་བཟློག་ཅིང་བསྒྱུར༔ ཐན་ལྟས་རྨི་ལམ་མཚན་མ་ངན༔ ཆོས་སྐུའི་བདེན་པས་བཟློག་ཅིང་བསྒྱུར༔ བན་བོན་ཀླ་ཀློའི་བྱད་ཕུར་ཀུན༔ ལོངས་སྐུའི་བདེན་པས་བཟློག་ཅིང་བསྒྱུར༔ སྡེ་བརྒྱད་ལྷ་འདྲེའི་གནོད་གདུག་སྲི༔ སྤྲུལ་སྐུའི་བདེན་པས་བཟློག་ཅིང་བསྒྱུར༔ མ་བཟློག་གནོད་བྱའི་བདག་རྟོག་ཀུན༔ བདག་མེད་མཐའ་བྲལ་ཆེན་པོར་བཟློག༔ གང་གིས་གནོད་པའི་ཕྱོགས་ངན་ཀྱང་༔ གཞི་མེད་རྩ་བ་བྲལ་བར་བཟློག༔ གང་དུ་བཟློག་པའི་འགལ་བྱེད་ཀྱང་༔ ཡུལ་མེད་ཟང་ཐལ་ཆེན་པོར་བཟློག༔ རཱ་ཛ་ཙནྡྲི་ས་མ་ཡཱ༔ སརྦ་ཤ་ཏྲུཾ་མ་ར་ཡ་བྷྱོ་བྷྱོ་བཟློག་བཟློག༔ འབྲོག་འཇིག་ངོར་ཤྲཱི་བས་སོ། །ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ དབང་དྲག ༼ ཕུར་པ་རོལ་བའི་༴ དབང་གི་རྒྱལ་པོའི་༴ བདུད་འདུལ་དྲག་མོའི་༴ ཚོགས་ཆེན་འདུས་པའི་༴ སོགས། ཁ་བསྒྱུར་རོ། །༽རོལ་བའི་མཐུ་སྟོབས་དང་༔ བདེན་གཉིས་ཟབ་མོའི་བདེན་སྟོབས་ཀྱིས༔ བྱད་བྱུར་གཏད་ཁྲམ་ངན་པ་དང་༔ སྣང་སྲིད་ལྷ་འདྲེའི་རྒོལ་ངན་དང་༔ ཐན་ལྟས་རྨི་ལམ་མཚན་མ་ངན༔ མི་མཐུན་མི་འདོད་ཉེར་འཚེའི་ཕྱོགས༔ མ་ལུས་བཟློག་བསྒྱུར་དབྱིངས་སུ་སོལ༔ ཨེ་ས་མ་ཡ་བྷྱོ་བྷྱོ༔ བཟློག་བཟློག༔ ཅེས་ཀྱང་ཉེར་མཁོའི་ཆེད་དུ་ག་གཱས་སོ། །


previousདཀོར་སྲུང་དབང་གི་རྒྱལ་པོའི་ཟོར་བཟློག་དགྲ་བགེགས་དཔུང་འཇོམས།next