Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནོད་སྦྱིན་དཀོར་གྱི་བདག་པོའི་ནོར་སྒྲུབ་འཁོར་ལོའི་བསྒྱུར་བའི་དཔལ་སྟེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནོད་སྦྱིན་དཀོར་གྱི་བདག་པོའི་ནོར་སྒྲུབ་འཁོར་ལོའི་བསྒྱུར་བའི་དཔལ་སྟེར།next

གནོད་སྦྱིན་དཀོར་གྱི་བདག་པོའི་ནོར་སྒྲུབ་འཁོར་ལོའི་བསྒྱུར་བའི་དཔལ་སྟེར།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ གནོད་སྦྱིན་དཀོར་གྱི་བདག་པོའི་ནོར་སྒྲུབ་འཁོར་ལོའི་བསྒྱུར་བའི་དཔལ་སྟེར་བཞུགས་སོ༔

བརྡ་ཡིག །ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ གནོད་སྦྱིན་དཀོར་གྱི་བདག་པོ་ཡི༔ ནོར་སྒྲུབ་ཕྱྭ་གཡང་འགུག་འདོད་པས༔ དབང་དང་རྒྱས་པའི་གནས་མཆོག་ཏུ༔ བུམ་གཏེར་ལ་སོགས་སྒྲུབ་པའི་རྟེན༔ སྤྱི་ལྟར་གཡང་རྟེན་གཡང་འགུགས་རྫས༔ ཚེ་སྒྲུབ་པ་ཡི་ཡང་ཚ་མཐོང་༔ སྐྲ་དང་ཆོས་ཀྱི་མཐོ་བས་ཟག༔ ཤ་ལྔ་བདུད་རྩི་ལྔ་ཡང་དགོས༔ རིན་ཆེན་ལྔ་དང་རྫས་རྟགས་ཚོགས༔ ༼ གསེར་དངུལ་ཟངས་ལྗོན་ཟི་ཁྱིམ། ༽༈ སྲ་ ༼ པྲ་དཔྱད། ༽སེན་སྒྲུབ་ན་དེ་ཡི་ཆས༔ རྡོ་རྗེ་རོ་ལངས་སྒྲུབ་པ་ལ༔ རལ་གྲི་འབར་དང་རིལ་བུ་ལ༔ མཁའ་འགྲོ་བརྒྱ་ཡི་སྒྲོ་གླད་རིལ༔ ཚབ་མང་ཐང་དཀར་རྒོད་པོ་སྟེ༔ མིག་སྨན་སྒྲུབ་ལ་ ༼ པས་ཞེས་དཔེ་གཅིག་སྣང་། ༽ བྱན་ཟས་ནི༔ བཅུད་ཀྱི་རྡོ་ཡི་སྲིད་ལ་རོལ༔ སྡུད་པའི་རྫས་ལ་མིག་བརྒྱད་དང་༔ ཁྱད་པར་རི་བྲག་ཟང་ཐལ་རྫས༔ ལ་སོགས་ཐུན་མོང་སྣ་ཚོགས་པ༔ སྒྲུབ་པའི་ཚུལ་ནི་བརྒྱད་ཚན་ཏེ༔ ༈ འདིར་ནི་སྲིད་ནོར་ཟས་བསྒྲུབ་པ༔ རྣམ་གྲངས་གསུམ་ལས་ཐ་མ་གཉིས༔ ཆུན་གཅིག་པ་ལ་འགོང་བོ་བཀར༔ གཞན་ནས་དགུགས་དང་བརྟེན་བྱེད་པའི༔ གཏད་པ་རྣམ་པ་བཞི་ཡིས་བསྡུས༔ ལར་ནི་རྩ་བའི་གཞུང་བཟུང་ནས༔ རྩ་སྔགས་ཉི་མ་བདུན་དུ་བྱས༔ གཤམ་དུ་སྔགས་འདི་བཟླ་བར་བྱ༔ བདག་མདུན་གཙོ་བོའི་ཐུགས་ཀ་ནས༔ འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་རྒྱལ་བའི་ཞིང་ཁམས་ནས༔ དེ་བཞིན་གཤེགས་པའི་ཐུགས་དམ་བསྐུལ༔ དབང་བྱིན་དངོས་གྲུབ་སྤྲུལ་བའི་སྐུ༔ མ་ལུས་པར་ནི་འུབ་ཀྱིས་སྩལ༔ ཚུར་བསྡུས་བདག་ལ་ཐིམ་པ་ཡིས༔ མཆོག་ཐུན་དངོས་གྲུབ་ཞུ་བདེ་ཐོབ༔ སླར་ཡང་སྲིད་པའི་ཁམས་སུ་འཕྲོས༔ བརྟན་པ་རྣམས་ཀྱི་ཁམས་བཅུད་དང་༔ གཡོ་བའི་ཚེ་དང་བསོད་ནམས་དང་༔ བཀྲག་མདངས་ནུས་མཐུ་ཐམས་ཅད་པ༔ བསྡུས་ཏེ་བདག་ལ་སྩལ་བ་དང་༔ གནས་ཁང་བང་མཛོད་ཐམས་ཅད་ཀུན༔ མེར་མེར་དིང་དིང་གང་བར་བསམ༔ ཨོཾ་སརྦ་ཛྙ་ན་ཏ་ཐ་གཱ་ཏ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་སིདྡྷི་སིདྡྷི་ཕ་ལ་ཧཱུྃ༔ ཅེས་བརྒྱ་རྩའམ་ཐུན་ཕྱེད་དང་ ༼ རཱ་ཛ་ཙནྡྲ་ས་མ་ཡ་ཧཱུྃ་ཛ༔ ༽ ཐུན་ཕྱེད་དུ༔ ༼ དབང་གི་བསྙེན་དམིགས༔ ༽ ཨ་རཱ་ཙ་ཙནྡྲ་ས་མ་ཡ༔ དྷེ་ཝ་མ་ནུ་ཥི་ཡ་མ་ར་ཙ་ཕུ་དུ་ནཱ་ག་ལོ་ཀ་ཤྲཱི་ཝ་ཤཾ་ཀུ་རུ་ཧོ༔ ༼ དབང་བསྙེན་གསོལ་མཆོད་རྒྱས་བསྡུས་རྣམས་ཀྱི་རྗེས་མཆོད་བསྟོད་མངའ་གསོལ་འཕྲིན་བཅོལ་ ༽ ཞེས་པ་བསྒྲངས་ནས་རྟགས་མཚན་མངོན་དུ་མ་བྱུང་བར་བྱས་མཐར༔ འགོང་བོ་བཀར་བ་ནི༔ རི་བོང་མགོ་བོ་རྙེད་ན་རབ༔ མིན་ན་ངར་གླུད་བསེ་རག་གཟུགས༔ བྱས་ལ་འགུགས་གཞུགས་ལན་གསུམ་བྱས་དེ་ཡང་འདི་ལྟར༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ ཡི་དམ་རྒྱུད་སྡེ་བཞི་དྲུག་གི༔ བྱིན་རླབས་ཐུགས་རྗེ་ནུས་སྟོབས་དང་༔ དཀོར་བསྲུང་ཆེན་པོའི་ཕྲིན་ལས་ཀྱིས༔ གནོད་བྱེད་ཚེ་རྐུ་སྲོག་གཅོད་དང་༔ མདངས་འཕྲོག་ཟས་དང་ནོར་ལ་རྔམས༔ ཁྱད་པར་བསེ་རག་གཞོན་ནུ་པ༔ འཁོར་དུ་ཡི་དྭགས་སྡེ་ཚན་ཅན༔ ཀ་ཆ་དཀོར་ཆ་སླས་ཁྱིམ་མཚེས༔ སྡེ་ཡུལ་གྲོང་ཁོག་ཐམས་ཅད་དང་༔ སྤྱིར་གྱི་ཁམས་གསུམ་གར་གནས་ཀྱང་༔ བྱང་ཆུབ་སེམས་ཀྱི་བྱིན་རླབས་དང་༔ ཆོས་ཅན་ཆོས་ཉིད་བདེན་སྟོབས་ཀྱིས༔ དམིགས་རྟེན་བླ་ཟོག་འདི་ལ་ཁུག༔ སརྦ་མིགྣན་ཨ་ཀརྴ་ཛ༔ ཨཾ་ཀུ་ཤ་ཛ་ཛ༔ དེ་ནས་ངར་མི་དེ་ཉིད་ཡི་དྭགས་དངོས་སུ་གསལ་ལ་ཆང་གླུད་གོས་དང་ཟས་སྣ་འབྲུ་དྲུག་ལ་སོགས་པ་དང་གསེར་དངུལ་ཟངས་ལྕགས་ལ་སོགས་པ་དང་གོས་དུམ་སྤུ་སྣ་དྲི་གསུར་ལ་སོགས་བཏད་ལ༔ སྔགས་དྲུག་ཕྱག་དྲུག་དང་མཚན་བཞི་བརྗོད་ལ་བརླབས༔ ཀྱཻ༔ བསེ་རག་རྒྱལ་པོ་ཆེན་པོ་དང་༔ ཡི་དྭགས་རྒྱལ་མོ་ཁ་འབར་མ༔ཁྱེད་ཅག་སྟོན་པ་སངས་རྒྱས་དང་༔ ཀ་ཏ་ཡ་ན་གྲོ་བཞིན་སྐྱེས༔ སྤྱན་རས་གཟིགས་ཀྱི་ཞལ་ཡང་མཐོང་༔ སྔ་ནས་འཇིག་རྟེན་ཕྱིར་བསྙེལ་ཀྱང་༔ ཐབས་ཀྱིས་གཞན་དོན་གང་འདུལ་བས༔ གནོད་གདུག་རང་མཚན་མི་བྱེད་མོད༔ འོན་ཀྱང་འཁོར་དུ་འཁོད་པ་ཡི༔ ཡིད་ལ་མི་དགའ་མེད་ལ་དགའ༔ གང་ལ་མི་དགའ་སྟོང་ལ་དགའ༔ འབྱོར་ན་མི་དགའ་རྒུད་ན་དགའ༔ སྐྱིད་ལ་མི་དགའ་སྡུག་ལ་དགའ༔ ཕྱུག་ལ་མི་དགའ་ཕོངས་ན་དགའ༔ རྟག་ཏུ་བསམ་སྦྱོར་གནོད་པར་བྱེད༔ ཚོལ་ཀྱང་མི་རྙེད་དབང་འབྲས་ཅན༔ རྙེད་ཀྱང་མི་དགའ་འགྱུར་བའི་རྒྱུ༔ ལྟོག་ཕོངས་དབུལ་བའི་རྣམ་པར་སྨིན༔ གཞན་གནོད་མྱོང་བ་རྒྱུ་མཐུན་ཅན༔ ཀུན་ལ་ངེས་པར་བཀའ་བསྒོས་ཤིག༔ ཆགས་འཇུང་གནོད་གདུག་མ་བྱེད་ཅིག༔ གལ་ཏེ་བྱེད་པ་རྒྱུ་མཐུན་ན༔ སླར་ནས་ངན་སོང་གཏིང་རྡོ་བྱེད༔ དེ་ཡང་རྣམ་སྨིན་སྡུག་བསྔལ་འཁོར༔ རང་ལ་བྱམས་བརྩེ་གྲུང་པོར་གནས༔ བདག་ནི་སྔགས་འཆང་རྣལ་འབྱོར་བས༔ སྲིད་ཞིའི་དཔལ་ལ་འཁུ་བ་ཡི༔ ཟག་མེད་ཡེ་ཤེས་བྱིན་རླབས་ཅན༔ ལྷ་རྫས་གོས་དར་རོ་བརྒྱ་ལྡན༔ ཕུན་སུམ་ཚོགས་པའི་འདོད་ཡོན་སྤྲིན༔ དེ་བཞིན་གཤེགས་པའི་གཞན་བརྟེན་གྱི༔ རྫུ་འཕྲུལ་བཀོད་པས་ཕབ་ཀྱིས་བྲན༔ འཇིག་རྟེན་སྐྱེ་བོའི་དབང་བཙན་པས༔ རྩིས་ཆེན་ཡོ་བྱད་སྣ་བཀྲམ་སྟེ༔ བསེ་རག་རྒྱལ་བོའི་གཞན་བརྟེན་པས༔ ཡིད་ཀྱི་ལོག་པའི་འདུ་ཤེས་བརྟན༔ སྤྱན་རས་གཟིགས་པས་གཞན་བརྟེན་པས༔ སྙིང་རྗེ་ཆེན་པོའི་རྔམས་མཐར་བྱུང་༔ གསང་སྔགས་རིག་སྔགས་གཞན་བརྟེན་པས༔ བསླུ་མེད་རྟེན་འབྲེལ་དུས་སྒོ་དབྱེ༔ སྟོན་ཆེན་འདི་ལ་མི་འགོང་བར༔ ནོར་གྱི་བདག་པོའི་དངོས་གྲུབ་མཛོད༔ ཁྱེད་རང་རྣམས་སུ་གཏེར་སྒོ་དབྱེ༔ བཅོམ་ལྡན་འདས་ཀྱི་མཁྱེན་བརྩེ་དང་༔ ནུས་སྟོབས་ཡི་དམ་བྱིན་རླབས་ཀྱིས༔ བསྔོས་པ་བཞིན་ཏུ་ཐོབ་པར་ཤོག༔ སཾ་བྷ་རས་བསྔོ། ཆོས་སྦྱིན་བྱས་ལ༔ དེ་ནས་བླ་རྟེན་འདོད་དགུར་བཅས༔ ལོ་དགྲ་ཅན་གྱིས་རིང་བོར་བསྐྱལ༔ ཉིན་གཅིག་ཕྱི་ལ་མི་ལྡོག་གནད༔ སླར་ཡང་བཀའ་བསྒོ་བ་ནི༔ ཀྱཻ༔བསེ་རག་རྒྱལ་བོའི་ལམ་སྣ་དྲོངས༔ ད་ནི་རང་གི་གནས་སུ་དེངས༔ སྣང་བ་མཐའ་ཡས་ཞིང་དུ་ལྟོས༔ རང་སེམས་དག་ན་དེ་ལྟར་ཡིན༔ མ་དག་པ་ལ་མོས་པ་བསྒྱུར༔ གལ་ཏེ་དེ་ལྟར་མ་མཐོང་ཀྱང་༔ ཕྱིན་ཆད་ཕྱོགས་འདིར་མ་རྒྱུ་ཞིག༔ ཁྱོད་ལ་ཕན་པ་མེད་ཀྱི་སྟེང་༔ གཞན་ལ་གནོད་པའི་ལས་འབྲས་བུ༔ བསླུ་བར་མི་འགྱུར་ཕྱིར་ཞིང་གདུངས༔ དེ་བས་བཀའ་ལ་ཉན་པར་གྱིས༔ གལ་ཏེ་བཀའ་གཅོག་གསུང་རྐུ་ན༔ བདག་ཉིད་ཡི་དམ་ཁྲོ་བོ་དང་༔ དྲེགས་པ་བཀའ་ཡི་བསྲུང་མ་ཡིས༔ མགོ་བོ་ཚལ་བར་འགེམས་ཏ་རེ༔ དེ་བས་བྱང་ཆུབ་སེམས་བསྐྱེད་ལ༔ སྤྱན་རས་གཟིགས་དང་དཀོན་མཆོག་གསུམ༔ ཡིད་ལ་གྱིས་དང་ཕྱིན་ཆད་ཀྱང་༔ ལྟོག་ཕོངས་དབུལ་བ་ངེས་པར་ཞི༔ སླད་ནས་འཁོར་བ་མཐའ་ཅན་ནོ༔ མ་ཎི་བརྒྱ་ཚར་བརྗོད་དེ་ཐམས་ཅད་ཀྱི་རྒྱུད་ལ་ཞི་བ་བྱང་སེམས་སྐྱེས་པར་བསམ་ལ་རང་གནས་སུ་དེངས་བར་བསམ༔ སླར་ཡང་འཁུ་བ་ལ༔ ཧཱུྃ༔ ང་ནི་ཁྲོ་བོ་ཆེན་པོ་སྟེ༔ འཁོར་དུ་ཡེ་ཤེས་འཇིག་རྟེན་ཚོགས༔ ནམ་མཁའི་སྐར་ལྟར་འཁྲིགས་པ་ཡི༔ ཐུགས་ལས་མཚོན་ཐུན་དཔག་མེད་འཕྲོས༔ དྲག་པོ་རོལ་བའི་ཕྲིན་ལས་ཀྱིས༔ བཀའ་ལ་མི་ཉན་སྡིག་ཅན་རྣམས༔ བསྒྲལ་འདྲེན་སྙིང་རྗེ་ཁྲོ་བོར་སྤྱོད༔ ཨ་སུམ་བྷ་ནི༴ མ་ཧཱ་ཀྲོ་ཏ་སོགས་ཐུན་གྱིས་བྲབ་པོ༔ མཚམས་གཅོད་ནི༔ ཧཱུྃ༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི༔ བྱིན་རླབས་མཐུ་སྟོབས་རྡོ་རྗེ་ཡིས༔ གཞོམ་བྲལ་ལྷུན་གྱིས་གྲུབ་པའི་གུར༔ ཅིས་ཀྱང་མི་ཆོད་མི་ཤིགས་གྱུར༔ བཛྲ་ཙཀྲ་རཀྵ༔ ༼ ཁྲུས་བསང་ ༽ དེ་ནས་གཡང་འགུགས་པ་ལ༔ གཡང་རྫས་བཀྲམ་པ༔ བྱིན་གྱིས་རླབས༔ ནོར་ལྷ་སྤྱན་འདྲེན༔ གཏོར་འབུལ༔ གཡང་འབོད་དངོས་དང་ལྔ་ལས་དང་པོ་ནི༔ སྔར་གྱི་རྫས་རྣམས་སྟེང་ཉིད་དུ༔ གཡང་ཆང་དཀར་གསུམ་མངར་གསུམ་དང་༔ བུམ་པ་འབྲི་བརྒྱས་མར་ཁུའི་བཀང་༔ དཔག་བསམ་ཤིང་དང་འདོད་འཇོའི་བ༔ མ་རྨོས་ལོ་ཐོག་གཟུགས་སུ་བཅའ༔ ཡང་ན་ཙན་དན་མ་རྨོས་ཐོག༔ འདོད་འཇོའི་བ་ཡང་བྱུ་རུའི་བཟོ༔ ཏིལ་དང་སྨན་དང་འབྲས་བུའི་རིགས༔ མར་ལུག་ཐུད་དཀར་རྡར་མ་དང་༔ ཟླ་བ་གསལ་བའི་དུང་དང་ནི༔ ཐལ་སྐྱོང་བཻཌཱུརྱ་ཝ་གིའི་པད༔ སྟག་མདའི་མར་གད་ལ་སོགས་པ༔ སྡེར་མ་རིན་ཆེན་བརྒྱ་ཡིས་བཀང་༔ མ་འབྱོར་སྔ་མ་རྣམས་ཀྱིས་འཐེར༔ གཏོར་མ་རིན་ཆེན་གཟུགས་ཅན་གཅིག༔ ཕྱོགས་སུ་བ་ལིང་བདུན་ནམ་ཅི་མང་བ༔ ལྷ་ཡི་གྲངས་ལྟར་བྱས་ལ་ནི༔ བརྟེན་མཆོད་ཚོམ་བུ་གཉིས་སུ་བཅད༔ དང་པོ་ལྷར་བསྐྱེད་གཉིས་པ་མཆོད༔ དེ་ནས་བྱིན་རླབས་སྤྲིན་གཟུངས་དང་༔ སྔགས་དྲུག་ཕྱག་དྲུག་གིས་བརླབས༔ རཾ་ཡཾ་ཁཾ༔ སྟོང་པའི་ངང་ལས་སྐད་ཅིག་གིས་མཆོད་རྫས་རྣམས་ཟག་མེད་ཡེ་ཤེས་ཀྱི་རང་བཞིན་རྣམ་པ་རྡོ་རྗེའི་ལྷ་མོ་བཅུ་དྲུག་གི་དགྱེས་པ་བསྐྱེད་པའི་འདོད་ཡོན་མ་ཚང་མེད་པ་སྤྲོ་བའི་གཞན་འཕྲུལ་དབང་བྱེད་ཀྱི་བཀོད་པ་ལས་འཕགས་པའི་རང་བཞིན་ཅན་ཏུ་གྱུར་བར་བསམ༔ དེ་ནས་གཡང་ལྷ་བསྐྱེད་པ་ནི༔ བསྐྱེད་པའི་ཆོས་སྐྱོངས་འཁོར་བཅས་འོད་དུ་ཞུ་ནས་གཡང་རྫས་རྣམས་ལ་ཐིམ་པ་ཏྲཾ་ལས་ཕྱག་མཚན་ཟས་གཞོང་དེ་ཉིད་སྐད་ཅིག་གིས༔ འདི་དག་གི་ཕྱག་མཚན་སོགས་གཞན་དང་མི་འདྲ་ཡང་བསྒོམ་སླ་བའི་དབང་དུ་བྱས་པའོ༔ ཧཱུྃ༔ རང་ཉིད་ཡི་དམ་ལྷར་གསལ་བའི༔ མདུན་དུ་དབང་གི་དཀྱིལ་འཁོར་ནི༔ ཟླ་གམ་ཨེ་ཡི་དལ་འཁོར་དུ༔ དབང་དྲག་གདན་ལ་རོལ་བའི་ལྷ༔ ཡང་ན༔ ཏིང་འཛིན་ཡེ་ཤེས་དཀྱིལ་འཁོར་ལྷ༔ གནས་འགྱུར་འགུགས་པའི་ཕྲིན་ལས་ཐུགས༔ འདི་གཞུང་གི་བསྐྱེད་ཆོག་མ་བཏོན་ན་མི་དགོས༔ ཆོས་སྐྱོང་ཙནྡྲ་སྨྲ་ར་ཅན༔ ཕྱག་གཡས་འགུགས་པས་མདའ་དར་དང་༔ གཡོན་པས་རིན་ཆེན་གཞོང་པ་འཛིན༔ དབང་གི་བྱིན་ཆགས་ཁ་དོག་དམར༔ མདུན་དུ་རྡོ་རྗེའི་གདན་སྟེང་དུ༔ སྐུ་ཡི་གནོད་སྦྱིན་ཐལ་བ་སྐྱོངས༔ ཕྱག་གཡས་འགུགས་པས་མདའ་དར་དང་༔ གཡོན་པས་རིན་ཆེན་གཞོང་པ་འཛིན༔ དབང་གི་བྱིན་ཆགས་ཁ་དོག་དམར༔ གཡས་སུ་ནོར་བུའི་གདན་སྟེང་དུ༔ ཡོན་ཏན་གནོད་སྦྱིན་སུ་ཝརྞ༔ ཕྱག་གཡས་འགུགས་པས་མདའ་དར་དང་༔ གཡོན་པས་རིན་ཆེན་གཞོང་པ་འཛིན༔ དབང་གི་བྱིན་ཆགས་ཁ་དོག་དམར༔ རྒྱབ་དུ་པདྨའི་གདན་སྟེང་དུ༔ གསུང་གི་པདྨ་རཱ་ག་ནི༔ ཕྱག་གཡས་འགུགས་པས་མདའ་དར་དང་༔ གཡོན་པས་རིན་ཆེན་གཞོང་པ་འཛིན༔ དབང་གི་བྱིན་ཆགས་ཁ་དོག་དམར༔ གཡོན་དུ་རྒྱ་གྲམ་གདན་སྟེང་དུ༔ ཕྲིན་ལས་གནོད་སྦྱིན་སྟག་མདའི་གདོང་༔ ཕྱག་གཡས་འགུགས་པས་མདའ་དར་དང་༔ གཡོན་པས་རིན་ཆེན་གཞོང་པ་འཛིན༔ དབང་གི་བྱིན་ཆགས་ཁ་དོག་དམར༔ མཐའ་བསྐོར་རུ་འདྲེན་སྡེ་བཞི་སོགས༔ ཕྱག་གཡས་འགུགས་པས་མདའ་དར་དང་༔ གཡོན་པས་རིན་ཆེན་གཞོང་པ་འཛིན༔ དབང་གི་བྱིན་ཆགས་ཁ་དོག་དམར༔ ཡང་མཐར་ལྷ་སྲིན་སྡེ་བརྒྱད་པོ༔ ཕྱག་གཡས་འགུགས་པས་མདའ་དར་དང་༔ གཡོན་པས་རིན་ཆེན་གཞོང་པ་འཛིན༔ དབང་གི་བྱིན་ཆགས་ཁ་དོག་དམར༔ སྟེང་ཕྱོགས་རྒྱལ་བ་རིགས་ལྔ་ལ༔ ཞི་བའི་ལྷ་ཚོགས་དཔག་མེད་འཁོར༔ ཕྱག་གཡས་འགུགས་པས་མདའ་དར་དང་༔ གཡོན་པས་རིན་ཆེན་གཞོང་པ་འཛིན༔ དབང་གི་བྱིན་ཆགས་ཁ་དོག་དམར༔ ཕྱོགས་མཚམས་ཀུན་ཏུ་གཡང་གི་ལྷ༔ གཙུག་ཏོར་ཆེན་མོ་སྡེ་ལྔ་དང་༔ གཡང་གི་ལྷ་མོ་དཔལ་མོ་ལ༔ འཁོར་དུ་ལྷ་མོ་བརྒྱད་ཀྱི་བསྐོར༔ ཕྱག་གཡས་འགུགས་པས་མདའ་དར་དང་༔ གཡོན་པས་རིན་ཆེན་གཞོང་པ་འཛིན༔ དབང་གི་བྱིན་ཆགས་ཁ་དོག་དམར༔ ཡུམ་ལྔ་ལས་བྱེད་མཁའ་འགྲོ་ལྔ༔ སྒྲོལ་མ་དཀར་པོ་ནོར་གྱི་ལྷ༔ ཛམ་ལྷ་རིགས་ལྔ་དབང་ཕྱུག་ཆེ༔ རྟ་ལྷ་སྡེ་ལྔ་རྒྱལ་ཆེན་བཞི༔ ལ་སོགས་ཕྱག་གཡས་མདའ་དར་དང་༔ གཡོན་པས་རིན་ཆེན་གཞོང་པ་འཛིན༔ དབང་གི་བྱིན་ཆགས་ཁ་དོག་དམར༔ སྨད་ཆའི་ཐད་དུ་ཀླུ་མི་མགོན༔ ལྷ་མིན་དབང་པོ་ཐག་བཟང་རིས༔ གནོད་སྦྱིན་གང་བ་བཟང་པོ་སོགས༔ ཀུན་ཀྱང་ཕྱག་གཡས་མདའ་དར་དང་༔ གཡོན་པས་རིན་ཆེན་གཞོང་པ་འཛིན༔ དབང་གི་བྱིན་ཆགས་ཁ་དོག་དམར༔ དེ་དག་རང་རང་ཐུགས་སྲོག་གི༔ འོད་ཟེར་འཕྲོས་པས་དབྱིངས་རང་གནས༔ མ་ལུས་སྤྱན་དྲངས་གཉིས་མེད་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ རང་བཞིན་ཆོས་དབྱིངས་མཉམ་པ་ནས༔ བཟང་ངན་བླང་དོར་མ་མཆིས་ལ༔ ཁྱད་པར་དཀྱིལ་འཁོར་གཅིག་པུ་འདིར༔ གྱང་ལོགས་རི་མོའི་ཚུལ་བཞིན་ཏུ༔ འཇིག་རྟེན་འདས་ཀྱང་འབྲས་བུས་ཚུལ༔ འཇིག་རྟེན་འདས་ཀྱང་འབྲས་བུས་ཚུལ༔ འཇིག་རྟེན་འདས་ཀྱང་གཞི་གནས་ཚུལ༔ འགྲོ་བའི་དབུལ་བ་སེལ་ཕྱིར་བསྟན༔ ཁྱེད་ཅག་སྔོན་གྱི་ཐུགས་བསྐྱེད་བཞིན༔ དམ་ལྡན་རྣལ་འབྱོར་སྒྲུབ་པ་པོའི༔ དར་དཀར་གཡབ་ནས་སྤྱན་འདྲེན་ནོ༔ དབང་གི་ཕྲིན་ལས་ལྷུན་གྲུབ་ཕྱིར༔ ཐུགས་བརྩེའི་རྗེས་དགོངས་དབྱིངས་ནས་བསྐྱོད༔ བཛྲ་ས་མ་ཡཱ་ཛ་ཛ༔ ཏིཥྛ་ལྷན༔ ན་མོ་ན་མ༔ དེ་ནས་གཏོར་མ་འབུལ་བ་ནི༔ ཧཱུྃ༔ འདོད་ཡོན་ལྷ་མོའི་རོལ་བ་དང་༔ འཇིག་རྟེན་དངོས་པོ་གྱ་ནོམས་པ༔ རབ་འབྱམས་ནམ་མཁའ་གང་པ་ཡི༔ ནོར་ལྷ་འཁོར་བཅས་ཐུགས་དམ་བསྐང་༔ ཨོཾ་བཛྲ་ཨརྒྷཾ་ནས་ཕྱི་ནང་གསང་མཆོད་ཚང་པ་འབུལ་བ་དང་གཞུང་གི་མཆོད་པ་ཡང་འབུལ༔ ༼ སྤྲོ་ན་གསོལ་མཆོད་རྒྱས་བསྡུས་རྣམས་བྱ༔ ༽ དེ་ནས་གཞུང་བཞིན་བསྟོད་དེ༔ ༼ སྤྲོ་ན་མངའ་གསོལ་ ༽ དེ་ནས་གཞུང་གི་དབང་སྔགས་ཅུང་ཟད་བཟླས་ལ༔ དབང་བསྐུལ་མཐར་གཡང་འགུགས་ནི༔ མདའ་དར་དུང་ཤྭ་རཏྣའི་བརྒྱན༔ བླ་རྡོ་བཏགས་པ་གཡབ་ལ༔ ཀྱཻ༔ ནོར་གྱི་བདག་པོ་ཆེན་པོ་རྣམས༔ དེ་རང་རྣལ་འབྱོར་བདག་ལ་དགོངས༔ ཡོན་མཆོད་འཁོར་དང་བཅས་པ་ལ༔ ཕུན་ཚོགས་ཕྱྭ་གཡང་ཆར་དུ་ཕོབས༔ དེ་ཡང་གཡང་གི་རབས་བྱུང་བ༔ སྔོན་གྱི་བསྐལ་བའི་དང་པོ་ལ༔ བཅོམ་ལྡན་རིགས་ལྔའི་ཡབ་གྱུར་བས༔ ནོར་སྒྲུབ་དངོས་སྒྲུབ་ཆར་དུ་བབས༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཐུགས་རྗེའི་མངའ་བདག་ཁྱེད་བསྒྲུབ་ན༔ མ་འདོར་ཐུགས་དམ་རྗེས་དགོངས་ལ༔ ཕུན་ཚོགས་ཕྱྭ་གཡང་ཆར་དུ་ཕོབས༔ ཡང་ཅིག་བར་གྱི་བསྐལ་བ་ལ༔ འཁོར་ལོའི་བསྒྱུར་བ་བཟང་པོའི་གྲགས༔ བསོད་ནམས་དཔལ་གྱིས་ཚེ་ ༼ ཆོས་དཔྱད། ༽ གཡང་ཁུག༔ ཐོད་ཕྲེང་རིགས་ལྔའི་དམ་ཆོས་སྟོན༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཐུགས་རྗེའི་མངའ་བདག་ཁྱེད་བསྒྲུབ་ན༔ མ་འདོར་ཐུགས་དམ་རྗེས་དགོངས་ལ༔ ཕུན་ཚོགས་ཕྱྭ་གཡང་ཆར་དུ་ཕོབས༔ བར་གྱི་ཐ་མ་ལ་བབས་ན༔ ཁྱེའུ་ཉི་ཟླ་སྣང་བྱེད་དང་༔ བཅོམ་ལྡན་རྡོ་རྗེ་འཆང་ཆེན་གྱི༔ བསོད་ནམས་དཔལ་གྱིས་མི་གཡང་ཁུག༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཐུགས་རྗེའི་མངའ་བདག་ཁྱེད་བསྒྲུབ་ན༔ མ་འདོར་ཐུགས་དམ་རྗེས་དགོངས་ལ༔ ཕུན་ཚོགས་ཕྱག་གཡང་ཆར་དུ་ཕོབས༔ ཐ་མ་འབྲས་བུ་སྒྲུབ་ལ་ཕྱོགས༔ རྒྱལ་པོ་ཨིནྡྲ་བྷོ་དྷི་ཡི༔ བསོད་ནམས་དཔལ་གྱིས་སྔགས་གཡང་དང་༔ སྲིད་དང་ཆོས་འབྱོར་ཐམས་ཅད་ཁུག༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཐུགས་རྗེའི་མངའ་བདག་ཁྱེད་བསྒྲུབ་ན༔ མ་འདོར་ཐུགས་དམ་རྗེས་དགོངས་ལ༔ ཕུན་ཚོགས་ཕྱྭ་གཡང་ཆར་དུ་ཕོབས༔ ཡང་ཅིག་མང་པོའི་བཀུར་བ་ལ༔ ནོར་དང་གཡང་གི་ལྷ་རྣམས་ཀྱི༔ སྔོན་བརྟེན་སྟོབས་ཀྱི་དངོས་གྲུབ་མཛོད༔ ལུས་པ་མེད་པའི་དཔལ་སྟེར་ ༼ འབྱོར་དཔྱད། ༽ལྟར༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཐུགས་རྗེའི་མངའ་བདག་ཁྱེད་བསྒྲུབ་ན༔ མ་འདོར་ཐུགས་དམ་རྗེས་དགོངས་ལ༔ ཕུན་ཚོགས་ཕྱྭ་གཡང་ཆར་དུ་ཕོབས༔ ཨོ་རྒྱན་པདྨ་འབྱུང་གནས་དང་༔ ལྷ་ལྕམ་མནྡྷ་ར་བ་ཡི༔ མི་འཆི་ཚེ་ཡི་གཡང་སྒྲུབ་པས༔ རྡོ་རྗེའི་སྐུ་ཡི་ཕྱྭ་གཡང་ཁུག༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཐུགས་རྗེའི་མངའ་བདག་ཁྱེད་བསྒྲུབ་ན༔ མ་འདོར་ཐུགས་དམ་རྗེས་དགོངས་ལ༔ ཕུན་ཚོགས་ཕྱྭ་གཡང་ཆར་དུ་ཕོབས༔ རི་བོ་སྤྲེལ་དམར་གར་བྱེད་པར༔ འཕགས་མཆོག་སྤྱན་རས་གཟིགས་དབང་དང་༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡིས༔ འབྲུ་དྲུག་ཟས་ཀྱི་ཕྱྭ་གཡང་ཁུག༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཐུགས་རྗེའི་མངའ་བདག་ཁྱེད་བསྒྲུབ་ན༔ མ་འདོར་ཐུགས་དམ་རྗེས་དགོངས་ལ༔ ཕུན་ཚོགས་ཕྱྭ་གཡང་ཆར་དུ་ཕོབས༔ ཚངས་པ་ལྷ་ཡི་མེ་ཏོག་གིས༔ ལྷུན་གྱིས་གྲུབ་པའི་གཙུག་ལག་ཏུ༔ ནཱ་ག་ཀླུ་ཡི་གྲོགས་སྦྲན་ཏེ༔ རིན་ཆེན་ལྡན་པའི་ཕྱྭ་གཡང་ཁུག༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཐུགས་རྗེའི་མངའ་བདག་ཁྱེད་བསྒྲུབ་ན༔ མ་འདོར་ཐུགས་དམ་རྗེས་དགོངས་ལ༔ ཕུན་ཚོགས་ཕྱྭ་གཡང་ཆར་དུ་ཕོབས༔ སྡེ་བཞི་དཔལ་གྱིས་བརྒྱན་པ་ནས༔ པདྨ་བདུད་འདུལ་རྡོ་རྗེ་ཡིས༔ སྲིད་དང་ཆོས་དང་ཟང་ཟིང་གི༔ ཕྱྭ་གཡང་དངོས་གྲུབ་མགྲོན་དུ་ཁུག༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཐུགས་རྗེའི་མངའ་བདག་ཁྱེད་བསྒྲུབ་ན༔ བདག་གཅིག་ཡལ་བར་མ་འདོར་བ༔ ཕུན་ཚོགས་ཕྱྭ་གཡང་ཆར་དུ་ཕོབས༔ རྩ་སྔགས་མཐར༔ བྷྲཱུྃ་བྷྲཱུྃ་བྷྲཱུྃ་སྭ་སྟི༔ ཨ་སརྦ་རཏྣ་སིདྡྷི་ཧཱུྃ་ཛ༔ དེ་ནས་ཚེའི་རྫས་དང་ལྷའི་གཡང་བཀུག་པ་ནི༔ ཀྱཻ༔ མཁྱེན་བརྩེ་ནུས་པའི་བདག་ཉིད་དཔལ༔ བཅོམ་ལྡན་རིགས་ལྔའི་ངོ་བོ་ཉིད༔ བདུད་རྩི་ལྔ་ཡིའི་རྟེན་འབྲེལ་དང་༔ འབྲས་བུ་སྐུ་ལྔའི་ནུས་བྱིན་གྱིས༔ ཡེ་ཤེས་ལྔ་ཡི་ཕྱྭ་གཡང་དང་༔ མཐུ་དང་སྐད་སྙན་བཀྲག་མདངས་དང་༔ ཚེ་དང་མི་བརྗེད་གཟུངས་ཀྱི་དངོས༔ མཚན་དང་དཔེ་བྱད་ཡོན་ཏན་ནི༔ ཕུན་སུམ་ཚོགས་པ་དེང་ཁུག་ཅིག༔ ཀྱཻ༔ ཤེས་རབ་ལྔ་ཡི་རང་རྩལ་ལས༔ བཅུད་ལྡན་ཤ་ཆེན་རྣམ་པ་ལྔའི༔ རྟེན་འབྲེལ་རྫས་ཀྱི་ནུས་པ་དང་༔ འབྲས་བུ་དབྱིངས་ལྔའི་ཁྱབ་བརྡལ་གྱིས༔ སྟོབས་དང་མི་འཇིགས་རྫུ་འཕྲུལ་རྐང་༔ དབང་དང་ཕུན་ཚོགས་ཕྲིན་ལས་དང་༔ ཤེས་རབ་རྣམ་པ་གསུམ་གྱི་གཡང་༔ ལུས་པ་མེད་པ་དེང་ཁུག་ཅིག༔ དུང་དང་བཻཌཱུར་པད་རག་དང་༔ གསེར་དང་མར་གད་རྟེན་འབྲེལ་རྫས༔ རིན་ཆེན་ལྔ་ཡི་ནུས་པ་དང་༔ དཀོར་བདག་སྡེ་ལྔའི་མཐུ་སྟོབས་ཀྱིས༔ ཁམས་གསུམ་དབང་དུ་སྡུད་པ་དང་༔ སྲིད་གསུམ་ཟིལ་གྱིས་གནོན་པ་དང་༔ ཟས་ནོར་དབང་དུ་འདུ་བ་ཡི༔ ཕུན་ཚོགས་ཕྱྭ་གཡང་དེང་འདིར་སྩོལ༔ གསེར་དངུལ་ཟངས་ལྗོན་ཟི་ཁྲིམ་པ༔ རིན་ཆེན་ལྔ་ཡི་རྟེན་འབྲེལ་རྫས༔ བསླུ་བ་མེད་པའི་ནུས་པ་དང་༔ གཙིག་ཏོར་སྡེ་ལྔའི་མཐུ་སྟོབས་ཀྱིས༔ སྟོང་ཁམས་འཇིག་རྟེན་གསུམ་པོ་ནས༔ སྣོད་ཀྱི་ཕྱྭ་དང་བཅུད་ཀྱི་གཡང་༔ རིན་ཆེན་དབྱིག་གི་དངོས་གྲུབ་གཏེར༔ ཕུན་སུམ་ཚོགས་པ་དེང་འདིར་སྩོལ༔ ལོ་བརྒྱ་ལོན་པའི་སྐྲ་སེན་གོས༔ ཆོས་ཀྱི་མཐོ་དང་དབང་ཐང་ཅན༔ གོས་དུམ་རྫས་ཀྱི་ནུས་པ་དང་༔ ཚེ་དཔག་མེད་པའི་བྱིན་རླབས་ཀྱིས༔ བསྐལ་བར་གནས་པའི་ཚེ་གཡང་དང་༔ དཔག་མེད་ཡོན་ཏན་བཀོད་པའི་དཔལ༔ དབང་ཐང་བསོད་ནམས་ཡེ་ཤེས་ཀྱི༔ ཕུན་སུམ་ཚོགས་པ་དེང་འདིར་སྩོལ༔ བསམ་འཕེལ་སེར་བོ་དབང་རྒྱལ་དམར༔ ཕ་རོལ་དཔུང་འཇོམས་ལྗང་སྔོན་པོ༔ ཆིང་བུ་དཀར་བོ་ཀླུ་དབང་གྱི༔ གཙུག་ནོར་ཉིན་བྱེད་ནུས་མཐུ་དང་༔ གཡང་གི་ལྷ་མོ་ཆེན་མོ་དཔལ༔ ནོར་རྒྱུན་མ་དང་དབྱངས་ཅན་སོགས༔ རྣམ་པ་བརྒྱད་ཀྱི་མཐུ་སྟོབས་ཀྱིས༔ ཕུན་སུམ་ཚོགས་པ་དེང་འདིར་སྩོལ༔ གཡང་ཆང་བཅུད་ཀྱི་བུམ་པ་དང་༔ དཀར་གསུམ་མངར་གསུམ་བཟང་དྲུག་སྨན༔ མར་ལུག་ཐུད་དཀར་རྡར་མ་དང་༔ གཞན་ཡང་གཡང་རྫས་སྣ་ཚོགས་པ༔ སྤྱན་རས་གཟིགས་དང་སྒྲོལ་མ་དང་༔ ལས་བཞིའི་མཁའ་འགྲོ་ནོར་གྱི་ལྷ༔ ཛམ་ལྷ་རིགས་ལྔ་དབང་ཕྱུག་རྒྱལ༔ མི་མགོན་དཀར་བོ་རྒྱལ་ཆེན་བཞི༔ ཐག་བཟང་མ་ཎི་བྷ་དྲ་དང་༔ གང་བཟང་རུ་འདྲེན་སྤྲུལ་བའི་ཚོགས༔ ལྷ་སྲིན་སྡེ་བརྒྱད་ལ་སོགས་པའི༔ མཐུ་སྟོབས་རྟེན་ཅིང་འབྲེལ་འབྱུང་གིས༔ ཕུན་ཚོགས་ཕྱྭ་གཡང་དེང་སྩོལ་ཞིག༔ རིན་ཆེན་བུམ་པ་རྟེན་འབྲེལ་རྫས༔ དགོས་དགུ་འབྱུང་བའི་གཏེར་ཆེན་པོ༔ དཔག་བསམ་ཤིང་དང་འདོད་འཇོའི་བ༔ མ་རྨོས་ལོ་ཏོག་འཁྲུངས་བ་དང་༔ སྔོན་ཚེ་ཐུབ་པའི་དབང་པོ་ཡི༔ བྱིན་གྱིས་བརླབས་པའི་བཀྲ་ཤིས་རྫས༔ མཚན་དཔེ་ལས་འཁྲུངས་དོན་རྟགས་བརྒྱད༔ བསོད་ནམས་གྲུབ་པའི་རྒྱལ་སྲིད་བདུན༔ རྟེན་འབྲེལ་རྫས་ཀྱི་ནུས་པ་དང་༔ སྐྱེ་དགུ་ཁྲོད་ནས་དྲེགས་སྙེམ་འགའི༔ ཞབས་ཀྱི་པདྨོའི་མགོ་བརྒྱན་པས༔ དམར་བྱས་ཐུབ་དབང་པདྨ་དཀར༔ ལེ་ལོའི་དགྲ་འཇོམས་མཐུ་སྟོབས་ཀྱིས༔ མི་མཇེད་བྱེ་བ་ཕྲག་བརྒྱ་ནས༔ ཕྱྭ་གཡང་དངོས་གྲུབ་མ་ལུས་པ༔ ཕུན་སུམ་ཚོགས་པ་དེང་སྩོལ་ཞིག༔ ཕྱྭ་འཁོར་གཡས་སུ་ཀྱི་ལི་ལི༔ གཡང་འཁོར་གཡོན་དུ་སྒ་ར་ར༔ བཀྲ་ཤིས་གཡང་ཞག་མེ་རེ་རེ༔ ཕྱྭ་གཡང་གཏེར་གྱི་དངོས་གྲུབ་སྩོལ༔ བྷྲཱུྃ་བྷྲཱུྃ་བྷྲཱུྃ་སྭ་སྟི༔ ཨོཾ་སརྦ་རཏྣ་སིདྡྷི་ཧཱུྃ་ཛ༔ཛ༔ མི་མངོན་ནམ་མཁའི་དབྱིངས་རུམ་ནས༔ རིག་འཛིན་རྩ་བརྒྱུད་བླ་མ་དང་༔ སངས་རྒྱས་བྱང་སེམས་ཐུགས་རྗེའི་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ དག་པ་དབྱིངས་ཀྱི་ཞིང་ཁམས་ནས༔ ཡི་དམ་ལྷ་ཡི་དངོས་གྲུབ་དང་༔ མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ རང་སྣང་འོག་མིན་ལྷུན་གྲུབ་ནས༔ གྲུབ་ཐོབ་རྒྱ་མཚོའི་ཉམས་མྱོང་གཡང་༔ རིག་འཛིན་རྗེ་འབངས་ནམ་མཁའི་མཛོད༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ སྟེང་གཙང་མའི་གནས་རིགས་ལྔ་བོ་ནས༔ ས་གསུམ་གཞན་ལས་འཕགས་པ་ཡི༔ བྱང་ཆུབ་སེམས་དཔའི་དཔལ་ཡོན་ཏན༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ གཟུགས་ཁམས་གནས་རིགས་བཅུ་གཉིས་ནས༔ འོད་དང་གཟི་བརྗིད་དཔག་ཏུ་མེད༔ ཚེ་བསྐལ་མང་ཐུབ་པའི་ཕྱྭ་དང་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ གཞན་འཕྲུལ་དབང་བྱེད་ལྷ་གནས་ནས༔ འདོད་ཡོན་འཕྲུལ་གྱི་དབང་ཕྱུག་གི༔ དགའ་བདེའི་རོལ་བའི་ཕྱྭག་དང་གཡང་༔ ད་ལྟ་འདིར་ནི་གཡང་དུ་ཁུག༔ འཕྲུལ་དགའ་ལྷ་ཡི་གནས་མཆོག་ནས༔ རང་རང་གང་འདོད་འཕྲུལ་དུ་སྤྱོད༔ རང་དབང་ཕུན་སུམ་ཚོགས་པ་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ དགའ་ལྡན་ལྷ་ཡི་གནས་མཆོག་ནས༔ སངས་རྒྱས་སྟོང་གི་ཆོས་གཡང་དང་༔ མི་བདེའི་སྡུག་བསྔལ་མེད་པའི་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ མཚེ་མ་ལྷ་ཡི་གནས་མཆོག་ཏུ༔ ཟུང་ཞིག་བཙའ་ནད་མེད་པར་འཁྲུངས༔ གཟུགས་དང་བསྟས་པའི་སྲིད་ཀྱི་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ སུམ་རྩེན་གནས་ཀྱི་ཡོངས་འདུ་དང་༔ ཨ་མོ་ནི་ཀ་ལྟ་ན་སྡུག༔ ས་བསྲུང་ཅང་ཤེས་བདེ་སྐྱིད་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ རི་རབ་བང་རིམ་གསེར་རིའི་འཁོར༔ རྒྱལ་བོ་ཆེན་པོ་སྡེ་བཞི་ཡི༔ ཕྱོགས་བཞིར་དབང་བསྒྱུར་བང་མཛོད་འཕྲུལ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ དྲི་མ་མེད་པའི་འཇིག་རྟེན་ནས༔ སྟེར་དང་སློང་བ་མེད་པའི་ནོར༔ དེ་ན་འབྱོར་བའི་ནོར་གཡང་ཀྱང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཀྱཻ༔ ཞིང་ཁམས་ལྔ་ཡི་ཕུན་ཚོགས་ཏེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ རབ་འབྱམས་ཞིང་གི་ཕུན་ཚོགས་ཀྱང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཚངས་པ་ལྷ་ཡི་མངའ་ཐང་ཀྱང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ དབང་ཕྱུག་ཆེན་པོའི་ཟིལ་གནོན་ཀྱང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཨ་པ་ར་ཡི་ཟས་གཡང་ཀྱང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ རྣམ་ཐོས་སྲས་ཀྱི་ནོར་གཡང་ཀྱང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཛམྦྷ་ལྷ་ཡི་ཕྱུགས་གཡང་ཀྱང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ རེ་མནྟ་ཡི་རྟ་གཡང་སྟེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ གང་བ་བཟང་པོ་ལུག་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ འབྱུང་བ་ལྔ་ཡི་བཅུད་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ནོར་གྱི་རྒྱུན་མ་ནོར་ལྷ་བརྒྱད༔ སྒྲོན་མ་དཀར་མོ་གཙུག་ཏོར་ལྔ༔ འགྲོ་བའི་དབུལ་སེལ་ཐུགས་བསྐྱེད་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ལྷ་མགོན་དགྲ་བླ་བཅུ་གསུམ་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཤར་ལུས་འཕགས་གླིང་བའི་གཟུགས་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ འཛམ་བུ་གླིང་བའི་ཆོས་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ བ་གླང་སྤྱོད་པའི་འདོད་འཇོའི་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ སྒྲ་མི་སྙན་པའི་ལྗོན་ཤིང་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཉི་ཟླ་གཉིས་ཀྱི་གཟི་བརྗིད་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཁྱུང་གིས་གཡང་ས་ཆོད་པའི་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ སེངྒེ་དཀར་མོའི་ངར་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ རྒྱ་སྟག་དམར་པོའི་རྩལ་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཉི་མའི་འཕྲུལ་གྱི་མགྱོགས་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ སྟག་གཟིག་རྒྱལ་པོའི་ནོར་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ བལ་བོའི་རྒྱལ་པོའི་ལུག་གི་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ གེ་སར་རྒྱལ་པོའི་དཔའ་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ རྒྱ་གར་རྒྱལ་བོའི་ཆོས་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ རྒྱ་ནག་རྒྱལ་པོའི་གོས་དར་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ བྷེ་དཱ་ཧོར་གྱི་དམག་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཁ་ཆེའི་རྒྱལ་པོའི་སྨན་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཀྱཻ༔ སྟེང་མ་ལྷ་ཡི་ལྷ་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ བར་མ་གཉན་གྱི་ཕྱྭ་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ འོག་མ་ཀླུ་ཡི་ཀླུ་གཡང་ཀྱང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཐག་བཟང་རིས་ཀྱི་མཐུ་སྟོབས་དཔལ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ མདངས་ལྡན་པདྨའི་བཀྲགས་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ གཡུ་འབྲུག་སྔོན་མོའི་སྐད་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ སྟོང་གསུམ་བདག་པོའི་འཕན་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ རྫོགས་ལྡན་དུས་ཀྱི་སྐྱིད་པའི་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ གཉིས་ལྡན་དུས་ཀྱི་ཟས་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ སུམ་ལྡན་དུས་ཀྱི་འབྲུ་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ རྩོད་ལྡན་དུས་ཀྱི་གསང་སྔགས་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ནཱ་ག་ཀླུ་ཡི་རྒྱན་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ དམར་བོ་བཙན་གྱི་མྱུར་མགྱོགས་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཁྲ་བོ་གཟའ་ཡི་དྲུག་ཤུལ་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ པཉྩ་ལི་ཡི་དྲོ་འཇམ་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ དྲང་སྲོང་ཤར་ལི་ཧོ་དྲ་དང་༔ ཅོག་རོ་རྒྱལ་པོའི་རྟ་གཡང་དེ༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ སྲ་བརྟན་མི་འགྱུར་རྡོ་རྗེའི་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ འགྲོ་བ་མི་ཡི་བློ་དཀྱིལ་གཡང་༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ གཞན་ཡང་རབ་བཀྲམ་ལ་སོགས་པའི༔ གྱ་ནོམ་དངོས་པོ་ཅི་ཡོད་པ༔ མ་ལུས་ལུས་པ་མེད་པ་ཀུན༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ སངས་རྒྱས་རྣམས་ཀྱི་བརྩེ་ནུས་དང་༔ བྱང་ཆུབ་སེམས་དཔའི་གཟུངས་སྤྲིན་དང་༔ ཀུན་རྫོབ་ཡོན་ཏན་ཐོབ་པའི་མཐུས༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ བསོད་ནམས་དཀར་བོའི་རྒྱུ་འབྲས་དང་༔ བསླུ་མེད་ནུས་ཐོབ་རྟེན་འབྲེལ་དང་༔ ནོར་ལྷ་གཡང་ལྷའི་དངོས་གྲུབ་ཀྱི༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ དཀོར་བསྲུང་ཆེན་པོའི་ཐུགས་བསྐྱེད་དང་༔ རྣལ་འབྱོར་གདུང་ཤུགས་གུས་བསྐུལ་དང་༔ སྔགས་དང་ཏིང་འཛིན་ནུས་སྟོབས་ཀྱིས༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཆོས་ཅན་འཁོར་བའི་དཔལ་ཡོན་ཏན༔ ང་ཁྱོད་མེད་པ་སྤྱི་མཐུན་པས༔ བསོད་ནམས་སྟོབས་ལས་གྲུབ་པའི་ཕྱིར༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ ཆོས་ཉིད་ངོ་བོ་རྣམ་དག་ལ༔ སྣང་བ་རབ་འབྱམས་མི་འགགས་པས༔ ཟུང་འཇུག་སྒྱུ་འཕྲུལ་བདེན་པ་ཡིས༔ དེ་རིང་ཕྱྭ་དང་གཡང་དུ་ལེན༔ རཱ་ཛ་ཙནྡྲ་ས་མ་ཡ༔ སརྦ་རཏྣ་བསྡུས་བསྡུས༔ སརྦ་མ་ནུ་ཝ་ཤཾ་ཀུ་རུ༔ སརྦ་ལོ་ཀ་ལཀྵི་ཝ་ཤཾ་ཀུ་རུ་ཧོ༔ སརྦ་པུཎྱེ་ཝ་ཤཾ་ཀུ་རུ་ཧོ༔ སརྦ་ཨ་ཡུར་ཝ་ཤཾ་ཀུ་རུ་ཧོ༔ སརྦ་ར་ས་ཝ་ཤཾ་ཀུ་རུ་ཧོ༔ སརྦ་སྤརྴེ་ཝ་ཤཾ་ཀུ་རུ་ཧོ༔ སརྦ་ཏེ་ཛ་ཝ་ཤཾ་ཀུ་རུ་ཧོ༔ སརྦ་ཤྲཱི་ཝ་ཤཾ་ཀུ་རུ་ཧོ༔སརྦ་ཛྙཱ་ན་ཝ་ཤཾ་ཀུ་རུ་ཧོ༔ སརྦ་བ་སུ་ཝ་ཤཾ་ཀུ་རུ་ཧོ༔ སརྦ་ཨ་མྲ་ཏ་ཝ་ཤཾ་ཀུ་རུ་ཧོ༔ སརྦ་དེ་ཝ་མ་ནུཥྛ་ན་ར་ཙ་ཧ་ཤཾ་ཀུ་རུ་སྭཱ་ཧཱ༔ ༼ ཁྲུས་བསྡུས་བགེགས་བསྐྲད་བསྲུང་འཁོར་གཡང་གཏད་མཆན། ༽ ཞེས་མཐར་བརྟན་པར་བྱ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་ནོར་ལྷ་གཏེར་གྱི་བདག༔ ཐུགས་རྗེ་བྱིན་རླབས་ནུས་སྟོབས་ཀྱིས༔ ཕྱྭ་གཡང་དངོས་གྲུབ་ཆར་ལྟར་ཕོབ༔ ཆར་ལྟར་ཕོབ་ལ་མཚོ་ལྟར་བསྐྱིལ༔ ཟག་པ་སྡོམ་ལ་བརྟན་པར་མཛོད༔ རི་རྒྱལ་ལྷུན་པོ་བརྟན་གཡང་དང་༔ འགོགས་པ་དམ་པ་ཇི་བཞིན་བརྟན་གྱུར་ཅིག༔ ཀྱཻ༔ མི་དང་གཡང་དུ་མི་འབྲལ་བ༔ ཉི་ཟླ་འོད་དང་འགྲོགས་བཞིན་བརྟན་གྱུར་ཅིག༔ གཞུ་དང་གཞུ་རྒྱུད་འགྲོགས་བཞིན་བརྟན་གྱུར་ཅིག༔ ཁྲབ་དང་ཁྲབ་གཤམ་འགྲོགས་བཞིན་བརྟན་གྱུར་ཅིག༔ ཀྱཻ༔ མི་དང་གཡང་དུ་མི་འབྲལ་བ༔ མེ་དང་ཚ་བ་བཞིན་ཏུ་བརྟན་གྱུར་ཅིག༔ ཆུ་བོ་རླན་དང་འགྲོགས་བཞིན་བརྟན་གྱུར་ཅིག༔ རླུང་དང་བསིལ་བཞིན་འགྲོགས་ཏེ་བརྟེན་གྱུར་ཅིག༔ ཀྱཻ༔ མི་དང་གཡང་དུ་མི་འབྲལ་བ༔ ས་དང་སྲ་བ་བཞིན་ཏུ་བརྟན་གྱུར་ཅིག༔ སེམས་དང་གསལ་རིག་བཞིན་ཏུ་བརྟན་གྱུར་ཅིག༔ མཁའ་དང་ཁྱབ་པ་བཞིན་ཏུ་བརྟན་གྱུར་ཅིག༔ ཀྱཻ༔ མི་དང་གཡང་དུ་མི་འབྲལ་བ༔ ཆོས་དང་ཆོས་ཉིད་འགྲོགས་བཞིན་བརྟན་གྱུར་ཅིག༔ རྟགས་དང་མི་ངོས་འགྲོགས་བཞིན་བརྟན་གྱུར་ཅིག༔ དགུང་དང་ཉི་ཟླ་འགྲོགས་བཞིན་བརྟན་གྱུར་ཅིག༔ ཆུ་དང་ཉ་སྲམ་འགྲོགས་བཞིན་བརྟན་གྱུར་ཅིག༔ མིག་དང་རྫི་མ་འགྲོགས་བཞིན་བརྟན་གྱུར་ཅིག༔ ལུས་དང་གྲིབ་མ་འགྲོགས་བཞིན་བརྟན་གྱུར་ཅིག༔ མི་ལ་གཡང་གི་རྭ་བ་འཁོར༔ ཕྱྭ་འཁོར་གཡས་སུ་ཀྱི་ལི་ལི༔ སྐྱེས་པ་ཕོ་ཡི་དཔྱིད་དུ་ཤར༔ གཡང་འཁོར་གཡོན་དུ་སྒ་ར་ར༔ བུད་མེད་མོ་ཡི་སྟོན་དུ་བབས༔ ཕྱྭ་ཡི་དཀྱིལ་འཁོར་མ་རལ་ཅིག༔ གཡང་གི་རྒྱ་མཚོ་མ་ཕྲི་ཅིག༔ གཏེར་གྱི་རྒྱ་མདུད་མ་ཞིག་ཅིག༔ ཞག་གི་སྤྲིན་ཕུང་མ་མཐོར་ཅིག༔ སངས་རྒྱས་བྱང་སེམས་གཡང་གི་ཁ་རྒྱ་མཛོད༔ གཡང་དེ་ཕྱིར་ལ་མ་ལུད་ཅིག༔ གཡང་རྐུན་བསེ་རག་བསྒྲལ་འདྲེན་ཕྲིན་ལས་མཛོད༔ ཆོས་སྐྱོང་བསྲུང་མས་གཡང་གི་རྭ་བ་མཛོད༔ གཡང་དེ་མཐའ་ནས་མ་ཉམས་ཤིག༔ གཡང་རྐུན་བསེ་རག་རྡུལ་དུ་མཛོད༔ ནོར་ལྷ་གཡང་ལྷ་གཡང་གི་མཐིལ་སོ་མཛོད༔ གཡང་གི་ཟོ་ཞབས་མ་བུག་ཅིག༔ གཡང་རྐུན་བསེ་རག་རྒྱུ་བ་རྩད་ནས་ཆོད༔ ཀྱཻ༔ རྡོ་རྗེའི་བྲག་ལྟར་སྲ་བའི་གཡང་༔ དེ་རིང་བྱིན་གྱིས་བརླབ་ཏུ་གསོལ༔ མཁའ་ལྟར་འཕོ་འགྱུར་མེད་པའི་གཡང་༔ དེ་རིང་བྱིན་གྱིས་བརླབ་ཏུ་གསོལ༔མཚོ་ལྟར་ཁ་གཏིང་མེད་པའི་གཡང་༔ དེ་རིང་བྱིན་གྱིས་བརླབ་ཏུ་གསོལ༔ སྲིད་པའི་རྩེ་ལྟར་དཔང་མཐོའི་གཡང་༔ དེ་རིང་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱྭ་གཡང་མ་གོད་ཏ་ལ་ལ༔ ཕྱྭ་གཡང་མ་ཡར་ནུར་རུ་རུ༔ ༼ ཕྱྭ་གཡང་མ་ཉམས་ནུ་རུ་རུ༔ ཞེས་དཔེ་གཅིག་སྣང་། དཔྱད། ༽ བདག་དང་ཡོན་གྱི་བདག་པོ་ཡི༔ བླ་དང་ཚེ་དང་བསོད་ནམས་དང་༔ དབང་ཐང་རྟེན་ཏུ་གནས་འདིར་བཞུགས༔ རྒ་ ༼ དགའ་དཔྱད། ༽ འཁྱིལ་བཞིན་ཏུ་གྱི་ལི་ལི༔ རྒྱ་མཚོ་བཞིན་ཏུ་མེ་རེ་རེ༔ བརྟན་ཅིང་གནས་པ་གཡུང་དྲུང་གཡང་༔ ནུབ་པ་མེད་པ་རྒྱལ་མཚན་གཡང་༔ གོང་དུ་འཕེལ་བ་ལྗོན་ཤིང་གཡང་༔ དབུལ་བ་སེལ་བའི་ནོར་བུའི་གཡང་༔ བཙལ་བ་མེད་པའི་ལྷུན་གྲུབ་གཡང་༔ རྣམ་ཀུན་འདུ་འབྲལ་མེད་པར་མཛོད༔ ཅེས་སོ༔ ༼ བཀྲ་ཤིས་བསྡུས་པ་རྟེན་བཙུགས་མཐར་བཀྲ་ཤིས་རྒྱས་པ། ༽ དེ་ནས་སྟན་དཀར་ལ་ཡོན་བདག་ནས་ཀྱི་གཡུང་དྲུང་མཐར་དགའ་འཁྱིལ་བཞི་བཀོད་དུ་འཁོད་ལ༔ གཡང་གཏད་པ་ནི༔ ཀྱཻ༔ དེ་རང་གཡང་འདི་གཏད་པ་ལ༔ བུ་དང་སྲིང་མོ་ཕར་འགྲོ་དང་༔ བྲན་དང་འཁོར་གཡོག་ལ་སོགས་པའི༔ གང་བབས་དེ་ལ་མི་གཏད་དེ༔ གཏད་པ་ཡོན་བདག་ཁྱོད་ལ་གཏད༔ ཐོབ་པ་ནོར་གྱི་དངོས་གྲུབ་ཐོབ༔ འཁོར་བ་ནོར་ལྷ་གཡང་ལྷ་འཁོར༔ བྱེད་ལས་དབུལ་སེལ་བསམ་དགུ་འགྲུབ༔ ཀྱཻ༔ ཞིང་ཁམས་རབ་འབྱམས་གཡང་གཏད་པས༔ རྫོགས་སྨིན་མཐའ་རུ་ཕྱིན་པའི་གཡང་ཐོབ་ཤོག༔ ལྷ་ཡི་ཕྱྭ་དང་གཡང་གཏད་པས༔ བདེ་སྐྱིད་ལྷ་དང་མཉམ་པའི་གཡང་ཐོབ་ཤོག༔ ཀླུ་ཡི་ཕྱྭ་དང་གཡང་གཏད་པས༔ འབྱོར་བ་ཀླུ་དང་མཉམ་པའི་གཡང་ཐོབ་ཤོག༔ མི་ཡི་ཕྱྭ་དང་གཡང་གཏད་པས༔ རྟེན་མཆོག་མཚུངས་མེད་དོན་ལྡནགཡང་ཐོབ་ཤོག༔ གཉན་གྱི་ཕྱྭ་དང་གཡང་གཏད་པས༔ འཕན་དར་གཉན་དང་མཉམ་པའི་གཡང་ཐོབ་ཤོག༔ བཙན་གྱི་ཕྱྭ་དང་གཡང་གཏད་པས༔ མྱུར་མགྱོགས་བཙན་དང་འདྲ་བའི་གཡང་ཐོབ་ཤོག༔ གཟའ་ཡི་ཕྱྭ་དང་གཡང་གཏད་པས༔ དྲག་རྩལ་གཟའ་དང་མཚུངས་པའི་གཡང་ཐོབ་ཤོག༔ ཨ་པ་ར་ཡི་ཟས་གཡང་གཏད༔ བདུད་རྩི་རོ་བརྒྱ་ལྡན་པའི་གཡང་ཐོབ་ཤོག༔ རྣམ་ཐོས་སྲས་ཀྱི་ནོར་གཡང་གཏད༔ ནམ་མཁའི་མཛོད་ཀྱི་གཡང་ཐོབ་ཤོག༔ རྟ་མགྲིན་རྒྱལ་པོའི་ཤུགས་འཆང་གཏད༔ ཀུ་བེ་ར་ཡི་གཡང་ཐོབ་ཤོག༔ གང་བ་བཟང་པོའི་ལུག་གཡང་གཏད༔ སྐལ་བ་མཉམ་པའི་གཡང་ཐོབ་ཤོག༔ ཛམྦྷ་ལ་ཡི་ཕྱུགས་གཡང་གཏད༔ སྐལ་བ་མཉམ་པའི་གཡང་ཐོབ་ཤོག༔ དཀོར་བསྲུང་ཆེན་པོ་སྡེ་ལྔ་ཡི༔ ཕྲིན་ལས་བཞི་དང་ཐུན་མོང་གྲུབ༔ ཕུན་སུམ་ཚོགས་པའི་ཕྱྭ་གཡང་བརྒྱད་ ༼ བཅུད་ ༽ ༔ ལུས་པ་མེད་པའི་གཡང་འདི་གཏད༔ སྐལ་བ་མཉམ་པའི་གཡང་ཐོབ་ཤོག༔ བྱང་ཆུབ་སེམས་དཔའི་ཡོ་བྱད་གཡང་༔ དེ་རིང་ཡོན་བདག་ཁྱོད་ལ་གཏད༔ སྐལ་བ་མཉམ་པའི་གཡང་ཐོབ་ཤོག༔ འཁོར་ལོའི་བསྒྱུར་བའི་ལོངས་སྤྱོད་གཡང་༔ དེ་རིང་ཡོན་བདག་ཁྱོད་ལ་གཏད༔ སྐལ་བ་མཉམ་པའི་གཡང་ཐོབ་ཤོག༔ སངས་རྒྱས་ཕུལ་བྱུང་དབང་བཅུའི་གཡང་༔ དེ་རིང་ཡོན་བདག་ཁྱོད་ལ་གཏད༔ སྐལ་བ་མཉམ་པའི་གཡང་ཐོབ་ཤོག༔ གསང་སྔགས་ཐབས་ཀྱི་ཆེ་བ་ཡིས༔ རྒྱུན་མཐར་གནས་པའི་བྱང་ཆུབ་དང་༔ དང་པོའི་ལས་ལ་སྐལ་མཉམ་ཡོད༔ རྟེན་འབྲེལ་བདེན་པ་འདི་ལ་སྲིད༔ སྟོང་བ་ཉིད་ཀྱི་དབྱིངས་ལ་ནི༔ འཁོར་འདས་མི་སྲིད་སྲིད་པ་ཡོད༔ སྟོང་བ་བརྟེན་འབྱུང་ངོ་མཚར་གྱི༔ འགགས་པ་མེད་པ་འདི་ལ་སྲིད༔ སྐྱེ་འཇུག་དབང་ཐོབ་གང་ཟག་གིས༔ ལས་ལ་མ་རག་སུམ་སྟོང་ཞི༔ སྦྱིན་པའི་འབྲས་བུ་མ་བདོག་ཀྱང་༔ རྟེན་འབྲེལ་བདེན་པ་འདི་ལ་ཡོད༔ སངས་རྒྱས་ནུས་པའི་ཚད་བཟུང་མེད༔ ཕན་དང་བདེ་ལ་དམ་བཅའ་ཡོད༔ སྤྲུལ་བའི་བཟོ་སྐྱེ་བེམ་པོ་གནས༔ རྟེན་འབྲེལ་སད་པའི་གཡང་བརླན་འདི༔ ཐུགས་རྗེ་དབྱིངས་ལས་བསྐྱོད་དོན་དུ༔ འགྲོ་བའི་དབུལ་ཕོངས་བསལ་ལ་བཞེད༔ ནོར་དང་གཡང་ལ་རང་དབང་དུ༔ རྟེན་འབྲེལ་བདེན་པ་འདི་ལ་ཡོད༔ གཏོང་བའི་ཕུན་ཚོགས་འགོང་མི་སྲིད༔ སྔོན་གྱི་སྦྱིན་འབྲས་མེད་ན་ཡང་༔ ཐུགས་རྗེའི་ལྕགས་ཀྱུའི་མ་ཟིན་ན༔ ནོར་ལྷ་གཡང་ལྷ་གྱི་ནར་ཟད༔ དེ་ཕྱིར་ཕྱྭ་གཡང་བླན་པའི་འདིའི༔ འབྲས་བུ་ཕྱི་ལ་མ་བཀོལ་ ༼ བཤོལ་དཔྱད། ༽ བར༔ ད་ལྟ་ཉིད་དུ་ཕྲིན་ལས་མཛོད༔ གཡང་བརྟན་གཏད་པ་ཐོབ་པ་རུ༔ བསྐུལ་ཞིང་གསོལ་བ་འདི་བཏབ་པས༔ རེ་འབྲས་དོན་དང་ལྡན་པར་མཛོད༔ ཐུགས་རྗེ་ཆེན་པོའི་སྟོབས་ཤུགས་ཕྱུང་༔ བཀྲ་ཤིས་ཀུན་ཏུ་བཀྲ་ཤིས་པ༔ གཏད་པ་བཞིན་ཏུ་ཐོབ་གྱུར་ཅིག༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་༔ དཀོར་གྱི་བདག་པོ་བཀྲ་ཤིས་ལྷ༔ གྲགས་པའི་བཀྲ་ཤིས་སྙན་གྲགས་དགེས༔ དབུགས་འབྱིན་བཀྲ་ཤིས་དགའ་སྟོན་ཆེ༔ ཉིན་མཚན་རྒྱུན་ཏུ་བདེ་ལེགས་ཤོག༔ ༼ གོང་གི་གཡང་འགུགས་མཐའི་སྔགས་དེ་ཚར་གསུམ་འདོན༔ ༽ཅེས་བརྗོད་ནས་གཡང་རྫས་ཐམས་ཅད་གཏད་དོ༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་གཏད༔ བཀྲ་ཤིས་བརྩེགས་པ་མཇུག་ཏུ་བརྗོད༔ ཡང་ན་བཀྲ་ཤིས་བརྒྱད་པ་དང་༔ ཤིས་པ་བརྗོད་པ་སྤྱི་དང་འདྲ༔ ས་མ་ཡཱ༔ བསྡུས་ནས་བསྟན་པ་འདི་ཉིད་དེ༔ རྒྱས་པར་སྒྲུབ་ཐབས་ཆེན་པོར་གསལ༔ འདི་འདྲའི་གནད་དང་ལྡན་པ་ན༔ བཀྲ་ཤིས་ཕྱྭ་གཡང་ཆར་དུ་འབེབས༔ རྣམ་སྲས་ནོར་ལ་དབང་བར་འགྱུར༔ དུས་ཀྱི་བབས་པས་ལྷ་སྐལ་འདི༔ ཀརྨ་ལས་ཀྱི་མནྜལ་ནས༔ ཕྲིན་ལས་དབང་གི་ཉེར་ཚོར་བཞེངས༔ དེང་སང་དྲེད་པོ་ཆོས་རྒྱུས་ཅན༔ དག་ཉམས་མ་རྟོགས་སྙིང་རྗེའི་གནས༔ དྲེགས་པ་རང་རྒྱུད་འདི་བསྒྲུབ་ན༔ མཐའ་མ་འདྲེ་རུ་གོལ་ཏོ་ལོ༔ ཅུང་ཟད་ཙམ་གྱིས་བློ་ཚིམ་པོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དྲེགས་པ་རྣམས་ཀྱི་སྐྱེ་བརྒྱུད་དང་༔ དེ་ལྟར་བསྟན་པའི་མྱུར་མགྱོགས་ཀྱང་༔ འདུན་པའི་རྩེ་ལས་གནས་ཤེས་སོ༔ སངས་རྒྱས་ཕྲིན་ལས་གང་འདུལ་མགོན༔ སྔ་སོར་ཡོད་པའི་ལྷ་ཚོགས་བསྟན༔ དེ་ལ་ཁྱད་པར་མེད་ན་ཡང་༔ མངོན་སུམ་ཡོད་པའི་གསལ་མི་ཐེབ༔ འདི་ནི་ད་ལྟ་མངོན་སུམ་པར༔ ཡོད་པར་ཐེ་ཚོམ་མི་ཟ་བས༔ འགྲུབ་ཐག་ཉེ་བའི་དགོས་པར་བསྟན༔ སྐྱེ་བརྒྱུད་མེད་པའི་དྲེགས་པ་མེད༔ དེ་ཀུན་འདྲེ་རུ་ག་ལ་གཞོལ༔ སྟོན་པས་སྐྱེ་བརྒྱུད་གནོད་སྦྱིན་ཀྱང་༔ དེ་འདྲ་བུ་ལ་སུ་ཡིས་བརླན༔ ལར་ནི་ལྟ་བའི་གཟེར་མེད་པའི༔ ཆོས་སྐྱོང་གོང་གནོན་ཡི་དམ་ཀྱང་༔ རུ་ཏྲ་ཉིད་དུ་འགྱུར་སྲིད་པས༔ ཡེ་ཤེས་པས་ཀྱང་ཕན་མ་ཐོགས༔ ལྟ་བ་རྟོགས་པའི་གང་ཟག་ལ༔ གོང་ནོན་མི་དགོས་སྐྱིད་ཅིག་ཡོད༔ ཡོད་ཀྱང་འགལ་མེད་རྒྱན་ཅིག་ཡིན༔ གང་བསྒྲུབ་དེས་ཀྱང་མཆོག་ཐུན་གྲུབ༔ རྡོ་རྗེ་འཆང་གི་ལུང་བསྟན་ཡིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་ཀྱང་འགྱུར་མེད་རྣམ་པར་རྒྱལ་བ་དང་ཚེ་དབང་རིག་འཛིན་པའི་བཀའི་བསྐུལ་བཞིན་དུས་མཐའི་སྔགས་མིང་གསུང་ཆོས་བསྡུས་ཞད་ཅན་ག་གཱ་ཨ་བྷྱེའི་ཅི་བྲི་མ་རྙེད་པའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།


previousགནོད་སྦྱིན་དཀོར་གྱི་བདག་པོའི་ནོར་སྒྲུབ་འཁོར་ལོའི་བསྒྱུར་བའི་དཔལ་སྟེར།next