Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁྲུས་ཆོག་དག་བྱེད་རྒྱུན་བཟང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁྲུས་ཆོག་དག་བྱེད་རྒྱུན་བཟང་།next

ཁྲུས་ཆོག་དག་བྱེད་རྒྱུན་བཟང་།

ཁྲུས་ཆོག་དག་བྱེད་རྒྱུན་བཟང་བཞུགས༔

བསང་ཁྲུས་ནི༔ ལས་ལྷ་སྨེ་བརྩེགས་ཀྱི་བྱིན་གྱིས་བརླབས་པ་ནི༔ ཧཱུྃ༔ བསང་ཆུ་ཁྲོ་བོ་སྨེ་བ་བརྩེགས༔ མཐིང་ནག་ཕྱག་གཉིས་སྡིགས་མཛུབ་བསྣོལ༔ ཉི་སྟེང་གྱད་ཆེན་དོར་སྟབས་འགྱིང་༔ ཁྲོ་བོའི་ཆ་ལུགས་ཐམས་ཅད་རྫོགས༔ ཐུགས་ཀར་ཧཱུྃ་ལ་སྔགས་ཀྱི་འཁོར༔ བཟླས་པས་འཁོར་འདས་སྟོང་སྲོག་ཐོབ༔ ཨོ་བྷུར་ཀཾ ༴ བརྒྱ་ཚར་བཟླས་མཐར༔ ཕཊ༔ འཆོལ་བ་རྡོ་རྗེའི་ཕྲ་རྡུལ་གཏིབས༔ ཡེ་ཤེས་ཆོ་འཕྲུལ་དུ་མར་ཤར༔ ལས་ཀུན་སྒྲུབ་ལ་སྣང་དབང་བསྒྱུར༔ དགྱེས་མཉམ་བྱང་ཆུབ་སེམས་སུ་རོལ༔ ཞེས་པས་ཞུ་བླུགས་བྱས༔ དེ་ནས་ཤུག་ལོའི་གཏོར་ལ༔ མཾ༔ ཆུ་ཉིད་ཡེ་ནས་མ་མ་ཀི༔ དག་པར་མི་འགྱུར་གང་ཡང་མེད༔ དབྱིངས་སྡུད་མ་རྡོ་རྗེ་ཐབས་སུ་སྤྲུལ༔ བཅོམ་ལྡན་སྨེ་བ་བརྩེགས་པ་ཤར༔ ཐུགས་རྗེའི་ཆུ་ནི་བླ་ན་མེད༔ བསངས་ཁྲུས་འདི་ནི་མཆོག་ཏུ་གྱུར༔ ཀྱཻ༔ དཀོན་མཆོག་གསུམ་ལ་དུག་མི་མངའ༔ དུག་མེད་སྐུ་ལ་བསིལ་ཆབ་འདི༔ བསོད་ནམས་ཚོགས་རྫོགས་དྲི་མེད་ཕྱིར༔ འགྲོ་ཀུན་ཐུན་མོང་བསམ་པས་གསོལ༔ དཀོན་མཆོག་གསུམ་དངོས་བྱང་ཆུབ་སེམས༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ༔ ཀ་དག་ཡུམ་གྱི་ཁྲུས་ཆབ་ནི༔ རྫོགས་ཚུལ་རྟོགས་པའི་གདེང་གིས་གསོལ༔ རྩ་བ་གསུམ་གྱི་ལྷ་ཚོགས་ལ༔ གཉིས་མེད་རྟོགས་པའི་བསངས་ཁྲུས་ནི༔ དག་བྱེད་སྨན་ཆབ་འདི་གསོལ་བས༔ ཉམས་ཆགས་འཁོན་གྲིབ་དག་གྱུར་ཅིག༔ ནོར་ལྷ་གཡང་ལྷ་ཐམས་ཅད་ལ༔ དག་བྱེད་བསངས་ཁྲུས་འདི་གསོལ་བས༔གཡང་ཞག་བྱིན་འོད་ཉམས་པ་ཀུན༔ མ་ལུས་རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ ཁྱད་པར་སྲིད་ཞིའི་དགེ་མཚན་གཏེར༔ ཡིད་བཞིན་དབང་གི་རྒྱལ་པོ་ལ༔ ཛ་ཏི་ག་བུར་གོ་ལ་སྟེ༔ དྲི་མཆོག་ལྡན་པའི་ཁྲོས་གསོལ་ལོ༔ སྐུ་ཡི་ལྷ་ནི་ཐལ་བ་སྐྱོངས༔ ཅུ་གང་དཀར་བོའི་སྨན་ཆབ་གསོལ༔ ལུས་ལྷ་མནོལ་བའི་ཉེས་ཚོགས་ཀུན༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ ཡོན་ཏན་ལྷ་ནི་དོན་གྲུབ་རྒྱལ༔ གུར་གུམ་སེར་བོའི་སྨན་ཆབ་གསོལ༔ ཁ་རྗེ་དཔལ་ཡོན་མནོལ་བ་ཀུན༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ གསུང་གི་ཝ་ཀི་པཱ་ལ་སྟེ༔ ལི་ཤི་དམར་བོའི་སྨན་ཆབ་གསོལ༔ ཟིལ་གནོན་དབང་བསྡུད་གཡང་མནོལ་བ༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ ཕྲིན་ལས་སྟག་མདའ་དབང་གི་རྒྱལ༔ སུག་སྨེལ་བུང་བའི་སྨན་ཆབ་གསོལ༔ མཐུ་སྟོབས་དྲག་ཤུལ་གཡང་མནོལ་ན༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ སྒ་དང་ཙནྡན་ཨ་ཀ་རུ༔ བདུད་རྩི་ཆང་སྐྱུར་འོ་མའི་ཆབ༔ གསང་སྔགས་རིག་སྔགས་ལྷ་ལ་གསོལ༔ དམ་གྲིབ་ཉམས་ཆགས་རྟོག་གྲིབ་ཀུན༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ ཕུག་གི་ལྷ་ལ་ཁྲུས་ཆབ་གསོལ༔ སྦྲ་འགོམ་ཁྱིམ་ལ་འཁྲེན་པ་དང་༔ མནོལ་རྩོག་དྲི་མའི་བག་རྡུལ་ཀུན༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ ཐབ་ཁྱིམ་ལྷ་ལ་ཁྲུས་ཆབ་གསོལ༔ ཁྱིམ་ལ་བང་ཡུག་ཐབ་མནོལ་རྩོག༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ སྒོ་ལྷ་གཉན་ལ་ཁྲུས་ཆབ་གསོལ༔ སྒོ་གཏན་གཡང་རལ་འདར་གྱུར་བའི༔ སྐར་ཉེས་ཕུང་ཉེས་འོང་ཉེས་གྲིབ༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ ཕྱུགས་ལྷ་གཉན་ལ་ཁྲུས་ཆབ་གསོལ༔ ཕྱུག་གི་སྤུ་མཚན་རལ་བ་དང་༔ ཕྱུག་ཕུད་ཕྱུགས་འོང་གཡོག་ཉེས་གྲིབ༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ བང་ལྷ་གཉན་ལ་ཁྲུས་ཆབ་གསོལ༔ འབྲུ་ཡི་འཕེལ་གཡང་ཉམས་པའི་ལས༔ ཕུད་དང་ལྷག་མ་གཏོང་ལེན་གྲིབ༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ ཟས་ལྷ་གཉན་ལ་ཁྲུས་ཆབ་གསོལ༔ ཁ་ཞག་ཕུད་དང་དམེ་རྩོག་གཡོས༔ བཅུད་ལ་འབྱར་ ༼ འཕྱར་དཔྱད། ༽བཏང་སྦྱོར་ཉེས་གྲིབ༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ ལུས་ལྷ་གཉན་ལ་ཁྲུས་ཆབ་གསོལ༔ སྦྲུམ་བང་ཡུག་ཤན་གྲི་ལས་ལོག༔ དམ་སྡོམ་ཟླས་ཞར་གོས་ཀྱི་གྲིབ༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ གྲོགས་ལྷ་གཉན་ལ་ཁྲུས་ཆབ་གསོལ༔ སྲ་ལྟས་ཁ་སྨས་བཟའ་ཚང་དབྱེན༔ ཕྱོགས་ཉེས་ལ་སོགས་རྐྱེན་གྱི་གྲིབ༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ དགྲ་ལྷ་གཉན་ལ་ཁྲུས་ཆབ་གསོལ༔ སྨས་ཁྲག་བསང་རྩོག་མངལ་གོ་མཚོན༔ རྒྱན་ཆ་དགྲར་སྤྲད་སྦྱོར་བརྩམས་གྲིབ༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ ཕ་མ་སློབ་དཔོན་ཞང་ལྷ་གཉེན༔ མཚམས་མེད་རིགས་རུས་དམ་ཚིག་ཉམས༔ ཆེ་བཙན་རྒན་རབས་མ་ཁུར་གྲིབ༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ ཁྱད་པར་དུ་ཡང་སྐྱེས་པའི་ལྷ༔ སྲོག་ལུས་དབང་ཐང་རླུང་རྟའི་ལྷ༔ བླ་གཟའ་ལ་སོགས་ཉམས་པའི་གྲིབ༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔དཔལ་མགོན་བསྟན་བསྲུང་དྲེགས་པ་ཆེ༔ ཡུལ་གཞིའི་གནས་ཁང་སླས་མལ་ལྷ༔ ལྷ་ཀླུ་གཉན་དང་སྡེ་བརྒྱད་མནོལ༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ ཁྱད་པར་བཅོམ་ལྡན་ཚེ་དཔག་མེད༔ ཚེ་གཡང་ལྷ་ཚོགས་རྣམས་ཀྱིས་བསྐོར༔ བླ་འཁྱམས་སྲོག་ཆད་ཚེ་ཉམས་གྲིབ༔ རྟེན་འབྲེལ་འདི་ཡིས་དག་གྱུར་ཅིག༔ དེ་ལྟར་བསངས་ཁྲུས་བྱས་པ་ཡིས༔ མི་ལྷ་ཕྱུགས་ནོར་གཡང་ཉམས་གྲིབ༔ ཉེ་རེག་འཐོར་བས་སེལ་གྱུར་ཅིག༔ སེལ་ཞིང་ཡོངས་སུ་དག་གྱུར་ཅིག༔ གོས་ཀྱི་དྲི་མ་ལྟ་བུའི་གྲིབ༔ ཆུ་ཡི་བཀྲུས་བཞིན་དག་གྱུར་ཅིག༔ ཆུ་འཛིན་ལྟ་བུའི་སྒྲིབ་གཡོག་གྲིབ༔ རླུང་གིས་གཏོང་བཞིན་དག་གྱུར་ཅིག༔ གཡའ་དང་འདྲ་བ་གོས་པའི་གྲིབ༔ དར་གྱིས་ཕྱིས་བཞིན་དག་གྱུར་ཅིག༔ བྱེ་བག་ལྟ་བུར་འདྲེས་པའི་གྲིབ༔ བསེང་བ་བཞིན་དུ་དག་གྱུར་ཅིག༔ ཤེལ་རྒོང་རྡུལ་བཞིན་ཕྱིས་པའི་གྲིབ༔ འདལ་ཆལ་ཕྱིས་བཞིན་དག་གྱུར་ཅིག༔ དངུལ་ཟངས་བཞིན་ཏུ་བསླད་པའི་གྲིབ༔ བཞུས་པ་བཞིན་དུ་དག་གྱུར་ཅིག༔ གྲིབ་འདི་རང་སེམས་ནོངས་པས་ཡིན༔ དོན་ལ་གཞི་སྣང་ཡེ་ཤེས་དབྱིངས༔ མ་དག་མཚན་མ་རིང་དུ་དག༔ རྫོགས་པ་ཆེན་པོར་རོ་གཅིག་ཤོག༔ ཅེས་ཀྱང་ག་གཱ་བས་བུག་ཐོའི་ངོར་བྲིས་སོ། །ཡག་གོ །


previousཁྲུས་ཆོག་དག་བྱེད་རྒྱུན་བཟང་།next