Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།

1 occurrence of འཆར་སྐྱེམས་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དཀོར་བསྲུང་བསང་མཆོད་བདུད་རྩིའི་ཆར་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousདཀོར་བསྲུང་བསང་མཆོད་བདུད་རྩིའི་ཆར་པ།next

དཀོར་བསྲུང་བསང་མཆོད་བདུད་རྩིའི་ཆར་པ།

ཡེ་ཤེས་སྒྱུ་འཕྲུལ་རོལ་བ་ལས༔ དཀོར་བསྲུང་བསང་མཆོད་བདུད་རྩིའི་ཆར་པ་ཞེས་བྱ་བ་བཞུགས་སོ༔

དཀོར་སྲུང་ཡིད་བཞིན་དབང་རྒྱལ་གྱི༔ བསངས་མཆོད་རྩོག་གྲིབ་མུན་པའི་སྤྲིན༔ སེལ་བྱེད་ཤེས་རབ་ཡེ་ཤེས་ཀྱི༔ རླུང་ལྔ་དབྱིངས་ཀྱི་ལྷ་མོ་ནི༔ རབ་དངེས་དག་བྱེད་མཚམས་སྦྱར་བ༔ པདྨ་ཀཱ་རའི་བསྟན་ནས་སོང་༔ ༼ སྟྲ༔ ༽ དེ་ལས་དང་པོ་རབས་བྱུང་བའང་༔ རྫས་དང་གང་ལ་སྒྲིབ་པ་དང་༔ དེ་ཡི་བསང་རབས་བཤད་པ་དང་༔ དེ་ཡི་ཡོན་ཏན་ལས་བྱུང་ངོ་༔ དེ་ལ་དང་པོ་འདི་ཉིད་གཞུང་༔ ཟིན་པའི་རྫས་ཀྱི་རིམ་པ་བཞིན༔ འདུ་བར་བྱས་ནས་འདི་སྐད་དོ༔ ས་མ་ཡཱ༔ ཧཱུྃ༔ མ་རིག་པ་ནི་གྲིབ་གྱི་རྒྱུ༔ གྲིབ་ཀྱི་རྒྱུ་ལ་རྣམ་པ་གསུམ༔ འོད་དང་དམིགས་རྣམ་གྲིབ་ཀྱི་རྐྱེན༔ དེ་ལ་ཡང་ནི་རྣམ་པ་བཞི༔ རྒྱུ་རྐྱེན་འཐབ་པ་གྲིབ་ཀྱི་གྲིབ༔ དེ་ལ་རྩ་བ་ཡན་ལག་ལྔ༔ རྩ་བ་རང་བྱུང་ཡེ་ཤེས་ངང་༔ ཡན་ལག་ལྷུན་གྲུབ་ཡེ་ཤེས་ལྔ༔ རྒྱུ་ལ་དབྱིངས་ཀྱི་ཁྱབ་བརྡལ་དང་༔ རྐྱེན་ལ་ཡེ་ཤེས་གར་མཛད་པ༔ ལྷན་གྲུབ་རྒྱལ་བའི་སྐུ་གསུམ་གྱིས༔ མ་དག་པ་ནི་གང་ཡང་མེད༔ གལ་ཏེ་ཅུང་ཟད་ཡོད་སྲིད་ན༔ བདག་ཉིད་ཆེན་པོ་དེ་རུ་བཞུགས༔ ཀུན་ཀྱང་ཀུན་བཟང་ངང་དུ་རོལ༔ ཨོཾ་ཨཱཿཧཱུྃ༔ ས་ནི་ཡབ་ཡུམ་ཆུ་ལ་རོལ༔ མེ་སྟེ་ཡབ་ཡུམ་རླུང་ལ་སྙོམས༔ ནམ་མཁའ་དབྱིངས་ཀྱི་ཀློང་ནས་བཞེངས༔ ཤེས་རབ་བཞི་ལྔའི་དག་པར་སྦྱངས༔ རཾ་ཡཾ་ཁཾ༔ འཁོར་འདས་རྒྱན་གྱི་མཆོད་པའི་ཆ༔ རབ་འབྱམས་ནམ་ཡང་ཕ་མཐའ་ཡས༔ འགགས་མེད་སྒྱུ་མའི་འཕྲུལ་ཆེན་པོ༔ ནམ་མཁའི་ཁམས་ཀྱང་སྣོད་དུ་ཆུང་༔ ཧ་ཧོ་ཧྲཱི༔ མཛོད་སྔགས་སོགས་ཀྱིས་སྤེལ༔ དེ་ནས་བསང་དངོས་ཀྱི་རབས་ནི༔ ཧོ༔ དང་པོ་རྩི་ཤིང་རྫས་ཀྱི་རབས༔ ངོ་མཚར་རྨད་བྱུང་ཡངས་བའི་གྲོང་༔ འགྱུར་མེད་རྡོ་རྗེ་ཅན་གྱི་ས༔ སྡུད་མ་རྡོ་རྗེ་ཡུམ་དང་འཁྲིལ༔ འབར་མ་རྡོ་རྗེ་ཁྲོ་བོའི་སྐུ༔ བསྐྱོད་མ་རྡོ་རྗེ་དབྱིངས་ཕྱུག་གི༔ སྣང་མཛད་རྡོ་རྗེའི་བྷ་ག་རུ༔ རང་བྱུང་ཟུག་འདྲིལ་རྒྱས་པའི་གཟུགས༔ རྩི་ཡི་རྒྱལ་པོ་ཆེན་པོ་ནི༔ སྣང་བའི་ས་བཅུར་བརྒྱན་གྱི་བཀྲམ༔ མུན་པའི་ས་བཅུར་གདུང་གིས་འགེང་༔ འདྲེས་པའི་ས་བཅུར་དྲི་ཡི་བསྲུང་༔ དུག་གསུམ་སེལ་བ་རྩི་ཡི་མཆོག༔ ཡེ་ཤེས་རྣམ་ལྔའི་ཡལ་ག་ལ༔ ཕུན་སུམ་ཚོགས་པའི་མེ་ཏོག་རྒྱས༔ སྐུ་ལྔ་འབྲས་བུ་ཁུར་གྱི་དུད༔ ཡང་ཅིག་དེ་ལས་རྩི་ཡི་འདྲིལ༔ འདྲེས་པས་ས་ན་རྩི་རུ་ཆེ༔ ཤ་ནི་རྡོ་རྗེ་ས་ཡི་བཙན༔ ཁྲག་ཁམས་རྡོ་རྗེ་ཆུ་བོ་ཟབ༔ མེ་དབྱིངས་རྡོ་རྗེ་དྲོ་བར་ལྡན༔ རླུང་ཁམས་གདེངས་དང་བྱེད་རྒྱུའི་རྟ༔ སེམས་ཀྱི་ནམ་མཁའ་ཡངས་པར་མཛེས༔ དེ་ལྟར་ཡབ་ཡུམ་ཟུང་འཇུག་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དཔག་བསམ་ངོ་མཚར་སྡོང་བོ་ཟུག༔ ཡལ་ག་རྒྱུ་བ་རོལ་བ་ལས༔ མེ་ཏོག་སྲོག་རྩོལ་སངས་རྒྱས་པའི༔ འབྲས་བུ་ཡེ་ཤེས་ཁུར་གྱིས་བདུད༔ ཉོན་གྲིབ་རྣམ་དག་རྩི་རུ་སྨིན༔ དེ་ལས་མུན་པའི་དབྱིངས་སུ་ཟུག༔ བསྐལ་བ་སྲིད་པའི་དང་པོ་ལ༔ ནམ་མཁའ་སྟོང་བའི་དབྱིངས་ཀློང་དུ༔ སྡུད་བྱེད་རླུང་གི་སྣ་ཚོགས་ཁམས༔ སྤྲིན་ལས་བབས་པའི་གསལ་དག་མཚོ༔ དེ་སྟེང་ས་དཀྱིལ་གྲི་བཞི་ཆགས༔ མེ་ཁམས་ཟླ་གམ་ད་ལ་རུ༔ སྲུབ་བྱེད་རླུང་གི་སྨིན་བྱས་ཏེ༔ མེ་ལོངས་ཡེ་ཤེས་ཐུགས་ཀྱི་རྩི༔ ཞི་བྱེད་དཀར་པོའི་རྩི་ཐོག་རྒྱས༔ ད་ལི་དཀར་བོ་གཙོ་བོར་ལྷག༔ སྙིང་རྗེའི་རང་མདངས་ཞེ་སྡང་སེལ༔ མཉམ་ཉིད་ཡེ་ཤེས་ཡོན་ཏན་རྩི༔ རྒྱས་བྱེད་སེར་བོའི་ལོ་འབྲས་སྨིན༔ ཨ་ཀར་རིགས་གསུམ་གཙོ་བོར་ལྷག༔ བྱམས་པའི་རང་མདངས་ང་རྒྱལ་སེལ༔ སོ་སོར་རྟོགས་པ་གསུང་གི་རྩི༔ དབང་མཛད་དམར་པོའི་གྷི་རྟི་རྩི༔ ཙནྡན་དམར་པོ་གཙོ་བོར་ལྷག༔ དགའ་བའི་རང་མདངས་འདོད་ཆགས་སེལ༔ བྱ་གྲུབ་ཡེ་ཤེས་ཕྲིན་ལས་རྩི༔ སྒྲོལ་བྱེད་ལྗང་གུའི་ལོ་འབྲས་སྨིན༔ ཤུག་ལོ་ལྗང་གུ་གཙོ་བོར་ལྷག༔ བཏང་སྙོམས་རང་མདངས་ཕྲག་དོག་འཇོམས༔ ཆོས་དབྱིངས་ཡེ་ཤེས་སྐུ་ཡི་རྩི༔ ཕུན་ཚོགས་ལྷུན་གྲུབ་སྣ་ཚོགས་སྨིན༔ ཛ་ཏི་ཁྲ་བོ་གཙོ་བོར་ལྷག༔ རང་བྱུང་ཡེ་ཤེས་གཏུ་མུག་འཇོམས༔ ཉོན་མོངས་དུག་ལྔ་ནད་གདོན་རྩ༔ སེལ་བྱེད་སྨན་ལྔ་ཡེ་ཤེས་རྩི༔ ཐུན་མོང་ཕྲིན་ལས་རྣམ་ལྔ་རྫོགས༔ ཡིན་པ་གསུམ་དུ་ལྷུན་གྱི་གྲུབ༔ དབྱིངས་ལྔ་མཁའ་འགྲོ་ཁ་དོག་ལྔར༔ ཡེ་སངས་རྒྱས་པའི་བྱིན་རླབས་ཀྱི༔ རང་བཞིན་གྲུབ་པའི་ཆོས་ཅན་ཏེ༔ མཆོག་ཏུ་ལྷུན་གྲུབ་རླབས་ཕྲེང་གིས༔ ནུས་མཐུས་རླུང་མཁྲིས་བད་ཀན་སེལ༔ རང་བཞིན་གྲུབ་པའི་ངོ་བོ་སྟོང་༔ གྲུབ་པ་བཞི་དང་ཡང་དག་ལྡན༔ མི་གཙང་ཀུན་སེལ་དགྱེས་པ་སྐོངས༔ ལྷ་ཤིང་དཀར་པོའི་ལྷ་ཡི་དགྱེས་པ་སྐོངས༔ གཉན་ཤིང་སེར་པོའི་གཉན་གྱི་དགྱེས་པ་སྐོངས༔ ཟངས་ཤིང་དམར་པོའི་བཙན་གྱི་དགྱེས་པ་སྐོངས༔ ཀླུ་ཤིང་ལྗང་གུའི་ཀླུ་ཡི་དགྱེས་པ་སྐོངས༔ གཟའ་ཤིང་ཁྲ་བོའི་གཟའ་ཡི་དགྱེས་པ་སྐོངས༔ དཀར་པོའི་ལྷ་ལ་གྲིབ་ཕོགས་སངས༔ སེར་བོའི་གཉན་ལ་གྲིབ་ཕོགས་སངས༔ དམར་བོའི་བཙན་ལ་གྲིབ་ཕོགས་སངས༔ སྔོ་ལྗང་ཀླུ་ལ་གྲིབ་ཕོགས་སངས༔ ཁྲ་བོའི་གཟའ་ལ་གྲིབ་ཕོགས་སངས༔ ཀྱཻ༔ བསང་གི་རབས་བྱུང་འདི་ལྟ་སྟེ༔ སྔོན་ཚེ་འཕྲུལ་གྱི་འབྱུང་གནས་སུ༔ བྱང་ཆུབ་རྣམ་ལྔ་འབྱུང་བ་ཡི༔ གནས་སུ་སྟོབས་པའི་མཆོད་པ་ལྔ༔ བར་དུ་བསང་གི་རབས་བྱུང་བ༔ ཕྱྭ་གཤིན་སྐུར་བཞེངས་གང་འདུལ་ཐབས༔ ལྷ་གཡང་སྐོར་སོགས་ཐམས་ཅད་མཛད༔ རྟེན་འབྲེལ་དེ་ཡང་འདི་ལྟར་བདེན༔ ཐ་མ་ཨོ་རྒྱན་པདྨ་ཡི༔ བསང་གི་སྣང་བ་དབང་དུ་བསྡུད༔ ཆེ་བཙན་རྒྱལ་བོའི་ཐུགས་དམ་གསོས༔ རྟེན་འབྲེལ་དེ་ཡང་འདི་ལྟར་བདེན༔ ཡང་ཐ་རྣལ་འབྱོར་བདག་གིས་ཀྱང་༔ མི་བདེན་བདེན་པའི་རྟེན་འབྲེལ་བསྒྲིགས༔ མུན་ལས་སྣང་འབྱུང་ཡིད་བཞིན་ནོར༔ སེལ་བྱེད་བདུད་རྩིའི་བསང་འདི་འབར༔ ཧཱུྃ༔ བ་ལུ་དཀར་པོ་ཁ་བ་རི༔ སྤྲུལ་གཞི་རྡོ་རྗེ་རིགས་ཀྱི་གདུང་༔ སྤྲུལ་བ་ཐལ་སྐྱོངས་ཞི་བ་དང་༔ ཤར་གྱི་རུ་འདྲེན་དྲི་ཟའི་འཁོར༔ མ་ལུས་འཁོར་དང་བཅས་པ་བསངས༔ དགྱེས་སྐོངས་རྨུགས་པ་སངས་བར་ཤོག༔ འཐིབ་པ་དྭངས་ནས་འཁུས་འཁྲུགས་ཞི༔ གཡང་གི་བར་ཆད་ཞི་བར་མཛོད༔ ཨ་ཀར་དཔའ་བོ་གསེར་གྱི་ལྕུགས༔ སྤྲུལ་གཞི་རིན་ཆེན་རིགས་ཀྱི་གདུང་༔ སྤྲུལ་བ་དོན་གྲུབ་རྒྱས་པ་དང་༔ ལྷོ་ཡི་རུ་འདྲེན་གྲུལ་བུམ་འཁོར༔ མ་ལུས་འཁོར་དང་བཅས་པ་བསང་༔ དགྱེས་སྐོང་རྨུགས་པ་སངས་པར་ཤོག༔ འཐིབ་པ་དྭངས་ནས་འཁུས་འཁྲུགས་ཞི༔ གཡང་གི་འཕེལ་ཀ་རྒྱས་པར་མཛོད༔ ཙནྡན་དམར་པོ་ར་གའི་འཁྲོལ༔ སྤྲུལ་གཞི་པདྨ་རིགས་ཀྱི་གདུང་༔ སྤྲུལ་བ་ངག་དབང་པདྨ་རྒྱལ༔ ནུབ་ཀྱི་རུ་འདྲེན་ཀླུ་དབང་འཁོར༔ མ་ལུས་འཁོར་དང་བཅས་པ་བསང་༔ དགྱེས་སྐོངས་རྨུགས་པ་སངས་བར་ཤོག༔ འཐིབ་པ་དྭངས་ནས་འཁུས་འཁྲུགས་ཞི༔ གཡང་གི་སྲིད་ཞི་དབང་བསྡུད་མཛོད༔ གཡུ་ཡི་ཤུག་པ་ཨིནྡྲ་ཉིལ༔ སྤྲུལ་གཞི་ཀརྨ་རིགས་ཀྱི་གདུང་༔ སྤྲུལ་བ་སྟག་མདའ་དྲག་པོའི་གར༔ བྱང་གི་རུ་འདྲེན་གནོད་སྦྱིན་འཁོར༔ མ་ལུས་འཁོར་དང་བཅས་པ་བསང་༔ དགྱེས་སྐོངས་རྨུགས་པ་སངས་བར་ཤོག༔ འཐིབ་པ་དྭངས་ནས་འཁུས་འཁྲུགས་ཞི༔ གཡང་རྐུན་དགྲ་བགེགས་རྡུལ་དུ་མཛོད༔ ཀྱཻ༔ ཛ་ཤིང་གཟི་ཡི་ཐོག་བུ་ལྕིད༔ སྤྲུལ་གཞི་དེ་བཞིན་གཤེགས་པའི་གདུང་༔ སྤྲུལ་བ་ཡིད་བཞིན་དབང་གི་རྒྱལ༔ དགྱེས་སྡེ་གཙང་རིས་དཔལ་མགོན་འཁོར༔ མ་ལུས་འཁོར་དང་བཅས་པ་བསངས༔ དགྱེས་སྐོངས་རྨུགས་པ་སངས་བར་ཤོག༔ འཐིབ་པ་དྭངས་ནས་འཁུས་འཁྲུགས་ཞི༔ གཡང་གི་མཆོག་ཐུན་ལྷུན་གྱི་གྲུབ་པར་མཛོད༔ ཀྱཻ༔ སྣང་བའི་གྲོང་ནས་སངས་རྒྱས་ལྔ༔ གྲངས་མེད་དེ་བཞིན་གཤེགས་པ་བསངས༔ བྱེད་འདྲེས་གསང་སྔགས་རིག་སྔགས་གཟུངས༔ ལྷ་མོ་བརྒྱད་དང་ཛམྦྷ་ལྷ༔ མུན་ལ་སྨག་བསལ་ནོར་གཡང་ལྷ༔ ཁྱད་པར་དུས་བབས་ཐུགས་བསྐྱེད་བཙན༔ དབང་རྒྱལ་འཁོར་དང་བཅས་པ་ལ༔ བདུད་རྩི་བསང་གི་མཆོད་པ་འབུལ༔ དགྲ་བླ་ཆེན་པོ་བཅུ་གསུམ་ལ༔ བདུད་རྩི་བསང་གི་མཆོད་པ་འབུལ༔ དཔལ་མགོན་དཀར་ཕྱོགས་སྐྱོང་བ་ལ༔ བདུད་རྩི་བསང་གི་མཆོད་པ་འབུལ༔ གསང་སྔགས་རྒྱུད་དྲུག་བསྲུང་མ་ལ༔ བདུད་རྩི་བསང་གི་མཆོད་པ་འབུལ༔ འགོ་ཞིང་སྡོང་གྲོགས་བྱེད་པ་ལ༔ བདུད་རྩི་བསང་གི་མཆོད་པ་འབུལ༔ ཀྱཻ༔ ཁྱད་པར་སེར་སྣ་འཇུར་འགེགས་གིས༔ ཚེ་འདིར་སྦྱིན་པའི་གེགས་སུ་སྡང་༔ ཕྱི་མ་ཡི་དྭགས་གནས་སུ་ཉེན༔ སྡུག་བསྔལ་དེ་ལས་གཙོ་ཕལ་དུ༔ གང་དང་གང་དུ་ཡང་ནི་དབུལ༔ གཏན་པ་མེད་པའི་མཆོད་པས་མཐུའི༔ ནམ་མཁའ་མཛོད་ལ་བར་ཆད་བྱེད༔ ནོར་ལྷ་རྣམས་ལ་གྲིབ་ཕོག་པ༔ བསང་གི་མཆོད་པས་དག་གྱུར་ཅིག༔ ཧཱུྃ༔ ཁྱད་པར་དབང་གི་ལས་བཞིའི་རྫས༔ ཙན་དན་དམར་བོ་འོམ་བུ་དང་༔ སེང་ལྡེང་ཀྱལ་ཏ་ཚ་རུ་དང་༔ སྒ་ཤིང་དམར་བོ་བུ་རམ་ཤིང་༔ ཁམ་བུ་དགུན་ཀྱང་མི་སྐམ་པ༔ ཚི་བ་དྲི་ལྡན་གྷནྡྷ་ཀ༔ ལ་སོགས་བརྡ་ཡི་རྩི་བཅུད་ཀུན༔ བསྲེགས་པའི་དུད་སྤྲིན་མཆོད་པས་དངོས༔ ནོར་ལྷ་གཡང་ལྷ་རྣམས་ལ་འབུལ༔ མི་གཡང་རྟ་ནོར་ལུག་དང་ར༔ བ་གླང་མགྲིན་བཟང་གླང་པོ་ཆེ༔ ནོར་བུ་ཟས་གོས་བཙན་ཕྱུག་འཕན༔ ལྷབ་ལྷུབ་དར་གོས་རས་ཕྲུག་སོགས༔ རིན་ཆེན་དཀོར་མཚོན་ཀ་ཆ་རྒྱན༔ གཡང་ལྷ་སྣ་ཚོགས་མནོལ་བ་ཀུན༔ བསངས་མཆོད་འདི་ཡིས་སངས་གྱུར་ཅིག༔ དེ་ལྟར་མཆོད་པ་ཕུལ་བའི་མཐུས༔ ཚོགས་གཉིས་ཡོངས་སུ་རྫོགས་པ་དང་༔ ཁམས་གསུམ་དབང་དུ་སྡུད་པ་དང་༔ དབང་བཅུ་ཡོངས་སུ་ཐོབ་པར་ཤོག༔ ཐོབ་པ་ཐམས་ཅད་ཡོངས་རྫོགས་ཏེ༔ མངའ་དབང་རྫོགས་པ་ཀུན་ཏུ་བཟང་༔ རྡོ་རྗེ་མཆོག་གི་གནས་ཐོབ་ཤོག༔ ཞེས་བརྗོད་དོ༔ འདི་ལ་བརྡ་འགགས་སྣ་ཚོགས་བྱུང་བས་དངོས་པོ་ཙམ་འདུས་པ་ལས་ལེགས་པར་མི་གནས་ཀྱང་བསྐུལ་བ་དོན་ཡོད་བྱས་སོ། །ག་གཱས་སོ། །


previousདཀོར་བསྲུང་བསང་མཆོད་བདུད་རྩིའི་ཆར་པ།next