Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།

1 occurrence of འཆར་སྐྱེམས་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དཀོར་སྲུང་དབང་གི་རྒྱལ་པོའི་ཕྱུགས་གཏའ་སྡོམ་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousདཀོར་སྲུང་དབང་གི་རྒྱལ་པོའི་ཕྱུགས་གཏའ་སྡོམ་པ།next

དཀོར་སྲུང་དབང་གི་རྒྱལ་པོའི་ཕྱུགས་གཏའ་སྡོམ་པ།

དཀོར་སྲུང་དབང་གི་རྒྱལ་པོའི་ཕྱུགས་གཏའ་སྡོམ་པ་བཞུགས་སོ༔

ཕྲིན་ལས་གཞུང་བཞིན་ཉེར་བསྡོགས་ཀུན༔ མ་ཚང་མེད་པར་ཚོགས་བྱས་ལ༔ སྔགས་དང་ཕྱག་རྒྱའི་བྱིན་གྱིས་བརླབས༔ རང་ཉིད་ཡི་དམ་ང་རྒྱལ་གྱིས༔ བགེགས་མགྲོན་ཆུང་གསུམ་གླུད་ཀྱིས་བརྔན༔ དེ་ནས་ལྷ་ལ་བརྟེན་གཏའ་འཛུགས༔ ཧཱུྃ༔ རྒྱུད་དང་སྒྲུབ་སྡེའི་དཀྱིལ་འཁོར་གྱི༔ སྤྱི་གཟུགས་འགྲོ་ལ་སྨན་སླད་དུ༔ འཇིག་རྟེན་དྲེགས་པའི་ཚུལ་བསྟན་པ༔ དཀོར་གྱིས་བདག་པོ་ཟླ་བའི་དབང་༔ དངོས་གྲུབ་གཏེར་གྱི་བདག་པོ་སྟེ༔ འགོང་བོ་སྤུན་དགུའི་གཉའ་གནོན་ཅིང་༔སངས་རྒྱས་བསྟན་པའི་བསྲུང་མ་མཛད༔ ལྔ་བརྡོའི་རྒུད་པ་བསལ་བའི་གཉེན༔ ཁྱེད་ལ་དགོངས་སུ་གསོལ་བ་ནི༔ བདག་ཅག་འབྲོག་གནས་ལྷས་ཕྱུགས་ལ༔ བསེ་རག་ཁ་ཕུང་བྱེད་པའི་བགེགས༔ གོད་འདྲེ་དམུ་རུམ་ནག་པོ་དང་༔ ཀུ་ཙ་ཕ་ཊ་ཀོ་ཋ་ཟ༔ ཁྱད་པར་སྲིས་རྐུན་ཏྲི་མེ་རུ༔ ཆུང་གསུམ་ཕྱུགས་ལ་རྔམས་པ་ཡིས༔ འཕེལ་ཁ་གཅོད་ཅིང་དཀར་ཐོག་ཕུང་༔ དེ་ལྟའི་ཉེ་ཞོ་ངན་པ་རྩམས༔ དབུལ་ཕོངས་འབྱོར་རྒུད་ལ་སྐྲག་ནས༔ སྐྱབས་འོས་ཁྱེད་ཀྱི་འདུན་སར་འདུད༔ དེ་བས་ཐུགས་དམ་ཉེར་དགོངས་ལ༔ བྱམས་དང་བརྩེ་བས་རྟག་ཏུ་སྐྱོངས༔ ཉམ་ཆུང་འཇིག་རྟེན་ཕྱག་གིས་ཟུངས༔ གཡང་གི་ར་བ་སྒོ་བཞི་ཡིས༔ ས་ཕྱོགས་ཡུལ་རིས་རྒྱས་འགེབས་པའི༔ རྐང་བཞི་ཕྱུག་གི་རུ་མ་ཚུགས༔ གནོད་བྱེད་གོད་འདྲེ་རྡུལ་དུ་རློག༔ ཨོཾ༔ མཆོད་བསྐོང་རྟེན་བཞུགས་གཏའ་བཙུགས་པ༔ ཕྱི་ནང་གསང་མཆོད་རྒྱ་མཚོའི་སྤྲིན༔ དམ་རྫས་གཏོར་ཆེན་འབར་བ་ནི༔ བརྗིད་ལྡན་རོ་མཆོག་བརྒྱད་དང་ལྡན༔ བུམ་བཟང་དཔག་བསམ་ཡིད་བཞིན་ནོར༔ མཐུན་རྫས་ལྡན་པའི་བཤོས་ཆ་དང་༔ སྣང་གསལ་འོད་ལྡན་མར་མེ་དང་༔ རྒྱན་ལྡན་མཛེས་པའི་གླིང་ཚད་བཅས༔ ཁྱེད་ཀྱི་ ༼ བཞེད་པའི་དཀོར་དུ་འབུལ༔ རྒྱན་གསོལ་དུས། མཆན། ༽ ཐུགས་དམ་བསྐང་ཕྱིར་འབུལ༔ སྔོན་གྱི་དམ་ཚིག་རྗེས་དགོངས་ཏེ༔ གནོད་བྱེད་གོད་འདྲེ་རྡུལ་དུ་བརློག༔ རྐང་བཞི་ཕྱུག་གི་རུ་མ་ཚུགས༔ མཛེས་པའི་གཟུགས་དང་སྙན་པའི་སྒྲ༔ ཞིམ་པའི་དྲི་དང་བདའ་བའི་རོ༔ བདུད་རྩི་ཤ་ཁྲག་སྙིང་སྦྱར་བ༔ དྲི་ང་བ་དང་བསུང་བ་དང་༔ ཁ་མངར་ཚ་སྐྱུར་རྩུབ་པ་དང་༔ ཚ་གྲང་འཇམ་རྩུབ་དྲོ་དང་བསིལ༔ རིན་ཆེན་བཅུད་ཀྱིས་སྦྲེངས་བ་དང་༔ གསེར་སྐྱེམས་གཡུ་སྐྱེམས་ཕུད་རྒོད་སྐྱེམས༔ ཁྱེད་ཀྱི་ཐུགས་དམ་བསྐང་ཕྱིར་འབུལ༔ སྔོན་གྱི་དམ་ཚིག་རྗེས་དགོངས་ཏེ༔ གནོད་བྱེད་གོད་འདྲེ་རྡུལ་དུ་རློག༔ རྐང་བཞི་ཕྱུག་གི་རུ་མ་ཚུགས༔ རྩལ་གྱི་རྒྱལ་པོ་སེང་གེ་དང་༔ སྟོབས་ཀྱི་རྒྱལ་པོ་གླང་ཆེན་དང་༔ ཅང་ཤེས་རྟ་དང་འབྲོང་གཡག་ཞོལ༔ ཐེག་ཆེན་གླང་དང་འདོད་འཇོའི་བ༔ ཁྱུང་དཀར་མཛོ་དང་ཙ་ར་འབྲི༔ རིན་ཆེན་ལུག་དང་གཙང་ལྡན་ར༔ བེའུ་ལུ་གུ་རེའུ་ཚེ་དང་༔ མ་ཧེ་ཆུ་གླང་ནེའུ་ལེ༔ ཁྱེད་ཀྱི་ཐུགས་དམ་བསྐང་ཕྱིར་འབུལ༔ སྔོན་གྱི་དམ་ཚིག་རྗེས་དགོངས་ཏེ༔ གནོད་བྱེད་གོད་འདྲེ་རྡུལ་དུ་རློག༔ རྐང་བཞི་ཕྱུག་གི་རུ་མ་ཚུགས༔ རིན་ཆེན་རྒྱན་ལྡན་ངར་མི་དང་༔ སེམས་ཀྱི་གཟུགས་བརྙན་ནམ་མཁའ་དང་༔ སྐུ་གསུང་ཐུགས་ལྡན་རྒྱང་བུ་དང་༔ ཤིང་རིས་ཡུལ་མཁར་མཚོན་པ་དང་༔ མདའ་འཕང་མི་ཕྱུགས་ཕོ་མོའི་གདོང་༔ རྒྱལ་མཚན་བ་དན་རུ་མཚོན་འཕན༔ གདུགས་དང་དར་དཔྱང་བླ་རེ་དང་༔ ལྡ་ལྡི་དྲ་བ་ཟ་ར་ཚགས༔ ཁྱེད་ཀྱི་ཐུགས་དམ་བསྐང་ཕྱིར་འབུལ༔ སྔོན་གྱི་དམ་ཚིག་རྗེས་དགོངས་ཏེ༔ གནོད་བྱེད་གོད་འདྲེ་རྡུལ་དུ་རློག༔ རྐང་བཞི་ཕྱུག་གི་རུ་མ་ཚུགས༔ ཐོས་གསང་ཁྱི་དང་ངུར་མོ་ཕག༔ སྟག་གཟིག་དོམ་དྲེད་གཡུ་འཕར་སྤྱང་༔ ཁྱུང་ཆེན་ཀྲ་ཏ་བདུད་བྱ་དང་༔ སོ་བྱ་ཀངྐ་དུར་བྱ་ཁྲ༔ ཆུ་སྲིན་ཉ་དང་རུས་སྦལ་དུང་༔ མདའ་གཞུ་མདུང་དང་ཁ་ཊྭཱཾ་ཀ༔ རལ་གྲི་ཆུ་གྲི་སྤུ་གྲི་དང་༔ ཕུར་བ་ཏྲི་ཤུལ་སོ་མང་བ༔ ཁྱེད་ཀྱི་ཐུགས་དམ་བསྐང་ཕྱིར་འབུལ༔ སྔོན་གྱི་དམ་ཚིག་རྗེས་དགོངས་ཏེ༔ གནོད་བྱེད་གོད་འདྲེ་རྡུལ་དུ་རློག༔ རྐང་བཞི་ཕྱུག་གི་རུ་མ་ཚུགས༔ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ དགྲ་སྟྭ་གྲི་གུག་མེ་མདའ་སྒྱོགས༔ དབབས་དབྱེ་རྨོངས་བརྡུང་ཐུན་ཟོར་རྫས༔ རུ་འདྲེན་དཔུང་ཚོགས་ཡན་ལག་བཞི༔ བསེ་ཁྲབ་ལ་སོགས་ཆས་བཅུ་དང་༔ རྒྱན་ཕྲེང་བསྒོ་བའི་གོས་ཀྱི་རིགས༔ འཇམ་མཉེན་རེག་ན་བདེ་བ་དང་༔ དར་ཟབ་ཀ་ཆ་དཀོར་ཆའི་ཚོགས༔ ཁྱེད་ཀྱི་ཐུགས་དམ་བསྐང་ཕྱིར་འབུལ༔ སྔོན་གྱི་དམ་ཚིག་རྗེས་དགོངས་ཏེ༔ གནོད་བྱེད་གོད་འདྲེ་རྡུལ་དུ་རློག༔ རྐང་བཞི་ཕྱུགགི་རུ་མ་ཚུགས༔ མཆོད་སྐང་རྟེན་གཏའ་གཙུག་པའི་མཐུས༔ བདག་ཅག་འབྲོག་གནས་ཐམས་ཅད་ཀྱི༔ ནོར་དང་གཡང་ལྷར་ཁྱེད་བཞུགས་ནས༔ ས་ཕྱོགས་ཡུལ་ཁམས་སླས་མལ་ཀུན༔ ཆུང་གསུམ་ཕྱུག་གི་གང་བ་དང་༔ ཁ་ཕུང་གོད་འདྲེ་རྨེགས་མེད་མཛོད༔ འཕར་སྤྱང་ལ་སོགས་འཚེ་བ་བསྲུང་༔ ཕྱུག་གཏའ་འདི་ལ་བརྟེན་བཞུགས་གསོལ༔ སྔོན་ཚེ་སྤྱི་དཔལ་ཆེན་པོ་དང་༔ ཕྱག་རྡོར་པདྨ་འབྱུང་གནས་སོགས༔ ཁྱོད་ཀྱི་དགེ་བའི་བཤེས་ཡིན་པས༔ སྤྱན་སྔར་ཐུགས་བསྐྱེད་ཚུལ་བསྟན་དོན༔ ལྷས་ནི་མི་ལ་མགོན་པར་མ་ཆད་དམ༔ མི་མཐུན་རྐྱེན་ཚོགས་བཟློག་པར་མ་ཆད་དམ༔ མཐུན་དགུའི་དངོས་གྲུབ་སྩོལ་བར་མ་ཆད་དམ༔ ཁྱད་པར་དབུལ་ཕོངས་སྐྱོབ་པར་མ་ཆད་དམ༔ སྔོན་ཚེ་ཐུགས་དམ་ཆེན་པོའི་འབྲེལ་འབྱུང་ཟབ༔ དམ་ཚིག་སྲོག་གིས་སྦྲེལ་བའི་བདེན་སྟོབས་གཉན༔ རྣལ་འབྱོར་བསྒྲུབ་མཆོད་བསྐང་བའི་རེ་འབྲས་ཆེ༔ རྟེན་བཙུགས་གཏའ་རུ་གཙུག་པའི་ངོ་མཐོན་བཙུན༔ དེ་ཕྱིར་ཐུགས་རྗེ་ཆེན་པོའི་རྗེས་སྐྱོངས་ལ༔ ནམ་ཡང་གཡེལ་བ་མེད་པའི་གཟི་མདངས་ཀྱིས༔ དེ་མ་ཐག་ཏུ་སྨོན་དགུའི་དཔལ་ཡོན་ཀུན༔ མ་ལུས་ཡོངས་སུ་བསྒྲུབ་མཛོད་ས་མ་ཡ༔ཞེས་ཤེས་རབ་བློ་འཕེལ་གྱིས་ཞལ་བཟང་རྔམས་པའི་རང་འབྲས་སུ་སྨིན་པའོ། །ག་གཱས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ རྩ་གསུམ་སྐུ་གསུམ་ཆོས་སྐྱོང་བསྲུང་མའི་ཚོགས་དང་༔ ཁྱད་པར་དུ་ཡིད་བཞིན་དབང་གི་རྒྱལ་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བདེན་པས་ཕུག་གི་ནོར་བུ་ལ་རྐུ་འཕྲོག་གཡང་ལེན་བྱེད་པ༔ སྒོ་ཡི་ནོར་གཡང་ལ་བར་དུ་གཅོད་པར་བྱེད་པ༔ བར་གྱི་མི་ལ་བར་དུ་གཅོད་པར་བྱེད་པ༔ ཟ་ཁ་འཐུང་ཁ་གྲོགས་ཁ་ལ་བར་དུ་གཅོད་པར་བྱེད་པ༔ ཚེ་བསོད་དཔལ་འབྱོར་ཆོས་སྲིད་བདེ་སྐྱིད་ལ་བར་དུ་གཅོད་པར་བྱེད་པ༔ ཟས་ཀྱི་ཕུད་ལ་རྐུ་བའི་བསེ་རག༔ དོན་ལ་ཁ་ཉམས་བྱེད་པའི་འགོང་བོ༔ ལས་ལ་བར་ཆད་བྱེད་པའི་མུ་ལ༔ གཏམ་ལ་ཁ་ཉེས་བྱེད་པའི་བྱོལ་ཁ༔ ནོར་ལ་གོད་ཁ་གཏོང་བའི་གོད་འདྲེ༔ རྒྱུ་མཐུན་འདུ་ཤེས་ལོག་པའི་ཡི་དྭགས་ཀྱི་རིགས་སུ་གཏོགས་པ་ཐམས་ཅད་ལན་ཆགས་གཏོར་མ་ལེན་ཕྱིར་འདིར་ཁུག་ཅིག༔ ཏྲི་ཨ་ཀརྴ་ཡ་ཛ་ཛ༔ ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ རྩ་གསུམ་སྐུ་གསུམ་ཆོས་སྐྱོང་བསྲུང་མའི་ཚོགས་དང་༔ ཁྱད་པར་དུ་ཡིད་བཞིན་དབང་གི་རྒྱལ་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བདེན་པས་དངོས་གྲུབ་བསྒྲུབ་པ་ལ་བར་དུ་གཅོད་པའི་རྒབ་འདྲེ་ཉུལ་ལེ་བདུད་ཀྱི་རིགས་སུ་གྱུར་བ་ཐམས་ཅད་གཟུགས་ལིང་ཀ་འདི་ལ་ཁུག་ཅིག༔ བཛྲ་ས་མ་ཡཱ༔ སིདྡྷི་བིགྣན་ཨ་པ་རྩེ་ཁུག་ཛ་ཛ༔ཞེས་བརྗོད་དོ། །ག་གཱས་སོ། །


previousདཀོར་སྲུང་དབང་གི་རྒྱལ་པོའི་ཕྱུགས་གཏའ་སྡོམ་པ།next