Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡིད་བཞིན་པདྨ་བསྟན་སྐྱོང་གིས་ཞི་བ་བདུད་རྩི་སྨན་སྒྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡིད་བཞིན་པདྨ་བསྟན་སྐྱོང་གིས་ཞི་བ་བདུད་རྩི་སྨན་སྒྲུབ།next

ཡིད་བཞིན་པདྨ་བསྟན་སྐྱོང་གིས་ཞི་བ་བདུད་རྩི་སྨན་སྒྲུབ།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ཡིད་བཞིན་པདྨ་བསྟན་སྐྱོང་གིས་ཞི་བ་བདུད་རྩི་སྨན་སྒྲུབ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །འདི་ལ་སྦྱོར་བ་དངོས་གཞི་དང་༔ རྗེས་ཀྱི་རིམ་པ་གསུམ་ཡོད་དེ༔ དང་པོ་དཀྱིལ་འཁོར་ཟླུམ་པོའི་དབུས༔ གཏོར་མ་ཨ་རུ་ར་ཡི་དབྱིབས༔ ཕྱོགས་བཞི་ཕྱོགས་མདོག་མཚམས་བཞི་དཀར༔ ཡང་ན་འཁོར་ལ་བཤོས་ཟླུམ་རུང་༔ ཡང་མཐར་དཀྱུག་ཀུ་ ༼ དཀྱུག་གུ་དཔྱད། ༽ཅི་མང་མཐར༔ སྨན་སྣ་ཆ་མ་ཆོ་དགུའི་བསྐོར༔ གཙོ་བོའི་སྤྱི་བོར་ཨོ་རྒྱན་སྨན་གྱི་བླའི༔ སྐུ་གཟུགས་རིགས་ཀྱི་བདག་པོར་བཞུགས༔ མགྲིན་པར་བཅོམ་ལྡན་བདུད་རྩི་འཁྱིལ༔ ཐུགས་ཀར་ཆེ་མཆོག་ཡོན་ཏན་ལྷའི༔ སྙིང་པོའམ་ནི་རང་སྔགས་གཟུགས༔ གཞན་ཡང་ཉེར་སྤྱོད་ཕྱི་ནང་གི༔ མཆོད་བསྐང་བརྟེན་བསྒྲུབ་རྫས་ཀྱི་བཀྲམ༔ དེ་ནི་བྱ་བའོ་ཆོ་ག་ལ༔ རྣམ་པ་བདུན་གྱི་དང་པོ་ནི༔ ན་མོ༔ ཡེ་ཤེས་དགུ་ཀློང་རྔམས་པ་ནས༔ དུག་ལྔའི་ནད་སེལ་ཧེ་རུ་ཀ༔ དཀོན་མཆོག་ཀུན་དངོས་བདུད་རྩིའི་ལྷར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ གཉིས་པ་ནི༔ ཧོ༔ མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི༔ རྒྱུ་འབྲས་ནད་གདོན་ཀུན་བྲལ་ནས༔ བཅོམ་ལྡན་གོ་འཕང་ཐོབ་བྱའི་ཕྱིར༔ ཡེ་ཤེས་འཇིག་རྟེན་ངོ་བོར་བསྒྲུབ༔ གསུམ་པ་ནི༔ ན་མོ༔ རྒྱུ་འབྲས་དཀོན་མཆོག་ཐམས་ཅད་ལ༔ གུས་པ་ཆེན་པོའི་ཕྱག་འཚལ་ལོ༔ དངོས་ཡིད་ཏིང་འཛིན་མཆོད་པ་འབུལ༔ མི་དགེ་སྡིག་ལྟུང་ཉམས་ཆགས་བཤགས༔ ཐབས་མཁས་མཛད་ལ་རྗེས་ཡི་རང་༔ ཆོས་འཁོར་མི་ནུབ་བསྐོར་སྐྱོངས་གསོལ༔ སྙིང་རྗེའི་ཞི་ལ་མི་གཞོལ་བསྐུལ༔ དགེ་རྩ་འགྲོ་བ་ཡོངས་ལ་སྨིན༔ སྡུག་བསྔལ་ཀུན་བྲལ་བདེ་ལྡན་ཤོག༔ བཞི་བ་ནི༔ ཧཱུྃ༔ ང་ནི་ཆེ་མཆོག་ཧེ་རུ་ཀ༔ སྤྲུལ་འཁོར་ཡེ་ཤེས་འཇིག་རྟེན་ཚུལ༔ ཆར་ལྟར་འབེབས་ཤིང་རླུང་ལྟར་འཚུབས༔ གནོད་བྱེད་རྡུལ་ཕྲན་ཕྱེ་མར་རློག༔ དེ་བས་བཀའ་ལས་མ་འདའ་བར༔ ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ ཧཱུྃ་བཞིའི་བསྐྲད་དོ༔ ལྔ་པ་ནི༔ བྷྲཱུྃ༔ ཡེ་ཤེས་རྡོ་རྗེའི་གོ་ཁྲབ་བཙན༔ ཅིས་ཀྱང་མི་ཆོད་མི་ཤིགས་ལ༔ མ་གཡོས་མི་འགྱུར་བདེ་ཆེན་གྱི༔ མཆོག་གྱུར་བསྲུང་བའི་འཁོར་ལོས་གཏམས༔ ཨོཾ་བཛྲ་ཙཀྲ་རཀྵ་རཀྵ་བྷྲཱུྃ༔ དྲུག་པ་ནི༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུའི་ཀློང་ན་ཧེ་རུ་ཀ༔ ལོངས་སྤྱོད་རྫོགས་པ་ཀུནྚ་ལི༔ སྤྲུལ་སྐུ་སྨན་བླ་བདེར་གཤེགས་བརྒྱད༔ ཡང་སྤྲུལ་དྲང་སྲོང་རིག་འཛིན་དང་༔ རྩི་བཅུད་རིགས་པའི་ལྷ་མོ་འབུམ༔ ཡིད་བཞིན་དབང་རྒྱལ་མཆེད་འཁོར་བཅས༔ འཆི་མེད་བདུད་རྩིའི་ངོ་བོར་བཞེངས༔ ཕྱག་རྒྱ་ཕྱག་མཚན་གསང་སྔགས་ཚུལ༔ འོད་ཟེར་སྔོན་པོའི་བརྒྱན་པར་བྱོན༔ བདག་གནས་བསྒྲུབ་རྫས་ཡོ་བྱད་ཀུན༔ ཡེ་ཤེས་སྨན་དུ་བྱིན་གྱིས་རློབས༔ མཆོག་ཐུན་འཆི་མེད་དབང་དངོས་སྩོལ༔ ཨོཾ་བྷེ་ཥ་ཛེ་དེ་ཝ་ས་པ་རི་ཝཱ་ར་ས་མ་ཡ་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ བདུན་པ་ནི༔ ཨོཾ་ཨཱཿཧཱུྃ༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་བ་ཡི༔ ཕྱི་ནང་གསང་བའི་མཆོད་རྫས་ཀུན༔ ཡེ་ཤེས་བདུད་རྩིའི་རོལ་བ་རུ༔ སྔགས་དང་ཏིང་འཛིན་ལྟ་བས་བརླབས༔ ཨོཾ་སརྦ་པཱུ་ཛ་ས་ར་སྭཱ་ཧཱ༔ གཉིས་པ་དངོས་གཞི་རྣམ་བདུན་ལས༔ དང་པོ་ནི༔ ཧཱུྃ༔ ཆོས་ཀུན་ཆོས་ཉིད་དབུ་མ་ཆེ༔ སྤྲོས་བྲལ་དེ་བཞིན་ཉིད་དུ་འབྱམས༔ སྟོང་ཉིད་སྙིང་རྗེའི་ཡེ་ཤེས་ལས༔ ལྷུན་གྲུབ་ཞིང་ཁམས་གཞལ་ཡས་ཁང་༔ གདན་དང་བཀོད་པ་ཕུན་ཚོགས་ནང་༔ རང་ཉིད་ཆེ་མཆོག་ཧེ་རུ་ཀ༔ བདུད་རྩི་འཁྱིལ་བ་མདུན་དུ་བཞུགས༔ གཡས་སུ་སྨན་བླ་མཆེད་བརྒྱད་དང་༔ རྒྱབ་ཏུ་དྲང་སྲོང་རིག་འཛིན་བཞུགས༔ གཡོན་ན་རྩི་ཡི་ལྷ་མོ་འབུམ༔ མཐའ་བསྐོར་རྒྱ་བོད་བརྒྱུད་ལྡན་མགོན༔ གསལ་བརྟན་དམ་ཡེ་རོ་གཅིག་གི༔ ཕྱི་འཁོར་མདུན་ངོས་ཐད་དུ་ནི༔ མི་འཇིགས་སེང་ཆེན་རྔམས་པ་ལ༔ རཏྣའི་སྒ་དང་ཟ་འོག་སྟན༔ གསེར་སྲབ་གཡུ་མཐུར་རཱ་གའི་སྨེད༔ གློ་གོང་ལ་སོགས་བྱུ་རུའི་རྒྱུར༔ གྲུབ་པའི་སྟེང་དུ་རོལ་བའི་ལྷ༔ ཡིད་བཞིན་དབང་གི་རྒྱལ་བོ་ནི༔ སྐུ་མདོག་བཻཌཱར་མཐིང་ཀ་ལ༔ ཞལ་གཅིག་ཕྱག་གཉིས་ཞི་བའི་ཉམས༔ ཕྱག་གཡས་ཨ་རུ་རྣམ་པར་རྒྱལ༔ རྩ་ལོ་མེ་འབྲས་འཛོམ་པ་དང་༔ ཕྱག་གཡོན་བདུད་རྩིའི་གུན་དྷེ་བསྣམས༔ དྲང་སྲོང་ཆས་ཅན་བེར་སེར་མནབ༔ སྐུ་ལས་འོད་ཟེར་སྨན་ཆར་འབེབས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གི༔ མཐའ་ཀླས་སེམས་ཅན་ཐམས་ཅད་ཀྱི༔ གཏི་མུག་རྒྱུ་ལས་བྱུང་བ་ཡི༔ བད་ཀན་ནད་རིགས་མ་ལུས་འཇོམས༔ དབུ་ལ་པདྨའི་མཉེན་ཞུ་ཅན༔ ཞབས་ལ་འཇའ་རིས་སག་ལྷྭམ་གསོལ༔ གཡོན་ཕྱོགས་སྟོབས་ལྡན་གླང་ཆེན་ནི༔ དུང་སྒ་དངུལ་སྲབ་ཡོབ་ཆེན་ཅན༔ སྐུ་ཡི་ཐལ་སྐྱོང་ཤེལ་གྱི་མདོག༔ ཕྱག་གཡས་སྨན་ཆེན་ལྗོན་པ་ལ༔ གཡོན་པས་བདུད་རྩའི་བུམ་པ་འཛིན༔ ཟ་བེར་དཀར་བོ་སྐུ་ལ་མནབ༔ འོད་ཟེར་ཁ་བ་དུང་འདྲ་ཡིས༔ ཞེ་སྡང་ལས་གྱུར་ཚད་རིགས་འཇོམས༔ ལྷོ་ཕྱོགས་ཤུགས་འཆང་ངང་བ་ལ༔ གསེར་གྱི་སྒ་སྲབ་ཡོབ་ཆེན་ཅན༔ ཡོན་ཏན་དོན་གྲུབ་སྤོས་ཤེལ་མདོག༔ ཕྱག་གཡས་རྩི་རྒྱལ་གྷི་ཝཾ་དང་༔ གཡོན་ན་བདུད་རྩིའི་སྤར་བུ་འཛིན༔ ཟ་བེར་སེར་བོ་སྐུ་ལ་གསོལ༔ འོད་ཟེར་སུ་ཝརྞ་འདྲའི་ཆར༔ ང་རྒྱལ་ལས་གྱུར་མཁྲིས་ནད་འཇོམས༔ ནུབ་ཕྱོགས་བ་མེན་གཞོན་ནུ་ལ༔ ཟངས་ཀྱི་སྒ་སྲབ་ཡོབ་ཆེན་ཅན༔ གསུང་གི་ངག་བདག་བྱུ་རུའི་མདོག༔ ཕྱག་གཡས་སེ་འབྲུའི་ཟིལ་ཕོར་དང་༔ གཡོན་པས་བདུད་རྩི་ཀ་པ་ལ༔ ཟ་བེར་དམར་པོ་སྐུ་ལ་གསོལ༔ འོད་ཟེར་དམར་པོ་རཱ་གའི་ཆར༔ འདོད་ཆགས་གྲང་ཆུ་འཇོམས་པའི་དཔལ༔ བྱང་ཕྱོགས་མགྲིན་རང་རྨ་བྱ་ལ༔ ལྕགས་ཀྱི་སྒ་སྲབ་ཡོབ་ཆེན་ཅན༔ ཕྲིན་ལས་སྟག་མདའ་གཡུ་ཡི་མདོག༔ ཕྱག་གཡས་ཚེ་ཡི་ཨ་མྲ་ཏ༔ གཡོན་པས་ཛ་གད་དཔའ་བོའི་སྒྲོམ༔ ཟ་བེར་ལྗང་ཀུ་སྐུ་ལ་གསོལ༔ འོད་ཟེར་ཨན་དྷའི་སྨན་གྱི་ཆར༔ ཕྲག་དོག་རླུང་དུག་འཇོམས་པའི་མགོན༔ ཀུན་ཀྱང་རང་རིགས་སྨན་ཚར་ཕྲེང་༔ མདོག་ལྔ་འཚེར་བའི་རཏྣར་སྤེལ༔ མཚམས་ནས་རུ་འདྲེན་ཕོ་ཉ་དང་༔ ཁྱམས་མཐར་ཡང་འཁོར་ལྷ་མ་སྲིན༔ འགུགས་དང་འཆིངས་འདྲེན་སྡོམ་མྱོས་ཀྱི༔ ལྷ་མོ་ཆེན་མོ་བཞི་ཡིས་མཛེས༔ རྒྱལ་ཆེན་ལྔ་ཡི་སྤྱི་བོ་རུ༔ སྨན་བླ་རིགས་ལྔ་རིགས་ཀྱི་བདག༔ མགྲིན་པར་བདུད་རྩི་རིགས་ལྔ་དང་༔ ཐུགས་ཀར་ཆེ་མཆོག་ཡབ་ཡུམ་བཅུ༔ ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས༔ འོད་འཕྲོས་ཡེ་ཤེས་འཇིག་རྟེན་གྱི༔ འཆི་མེད་མཆོག་གྲུབ་སྐྱབས་སྦྱིན་ལྷ༔ དབྱིངས་དང་རང་བཞིན་དཀྱིལ་འཁོར་ཀུན༔ ཁ་བ་བུ་ཡུག་འཚུབ་པ་བཞིན༔ སྐད་ཅིག་ཉིད་ལ་སྤྱན་དྲངས་གྱུར༔ གཉིས་པ་ནི༔ ཧཱུྃ༔ སྔོན་ཚེ་བསྐལ་བའི་དང་པོ་ལ༔ བྱང་ཆུབ་ཐུགས་བསྐྱེད་སྨོན་ལམ་བཏབས༔ བདེན་དོན་མངོན་གྱུར་འབྲས་བུ་བརྙེས༔ བཅོམ་ལྡན་སྐུ་གསུམ་དབང་པོ་དང་༔ ཁྱད་པར་དུས་ཀྱི་སྙིགས་མ་ལ༔ གང་འདུལ་ཐབས་ཀྱིས་འགྲོ་ཕན་མཛད༔ ཡིད་བཞིན་དབང་གི་རྒྱལ་བོ་དང་༔ སྤྲུལ་བ་བྲན་འཁོར་ཡུམ་སྲས་བཅས༔ རེ་ལྟོས་གདུང་དབྱངས་ཀྱིས་གསོལ་ན༔ ཆགས་ཐོགས་མེད་པའི་མཁྱེན་བརྩེའི་དགོངས༔ རྫུ་འཕྲུལ་ཁྱབ་འཇུག་ཤུགས་ཀྱིས་བྱོན༔ ནུས་པས་བདག་སོགས་གདུང་བ་སྐྱོབས༔ གང་ལྟར་སྨོན་པའི་རེ་འབྲས་ཀུན༔ འབད་མེད་ལྷུན་གྲུབ་ཕྲིན་ལས་མཛོད༔ ཨོཾ་བྷེ་ཥ་ཛེ་དཱེ་ཝ་ས་ར་རཱ་ཛ་ཙནྡྲ་ས་མ་ཡ་ཛ་ཛ༔ གསུམ་པ་ནི༔ ཧཱུྃ༔ དམ་ཚིག་ཏིང་འཛིན་ལྷག་པ་ལ༔ རང་བཞིན་ཡེ་ཤེས་གཟུགས་བརྙན་ཀུན༔ ཆུ་ལ་ཆུ་བཞག་ཚུལ་བཞིན་དུ༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ནི༔ ཧོ༔ ཞི་མཛད་སྨན་པའི་ལྷ་མཆོག་ལ༔ བདག་ཅག་སྒོ་གསུམ་དད་གུས་ཀྱིས༔ ང་རྒྱལ་མེད་པའི་སྲི་ཞུ་ནི༔ རྡུལ་སྙེད་ཏིང་འཛིན་བཅས་ཏེ་སྟོབས༔ ན་མོ་ན་མ་ཧོ༔ ལྔ་བ་ནི་གཞུང་གི་མཆོད་པའི་མཐར་སྨན་མཆོད་ལ༔ ཧཱུྃ༔ རང་བྱུང་རྣམ་པར་དག་པའི་རྫས༔ ཆོས་དབྱིངས་ངོ་བོ་ཉིད་རྒྱུ་ལས༔ ཆོས་ཅན་ཡེ་ཤེས་ལྷུན་གྲུབ་ཏུ༔ གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ཉིད༔ བདག་ཉིད་གཅིག་པུའི་འབྲེལ་འབྱུང་ཅན༔ བདུད་ནི་ཉོན་མོངས་ལྔ་བོ་ལ༔ རྩི་ཞེས་ཡེ་ཤེས་ཕབས་ཀྱིས་འདེབས༔ བདུད་ནི་མ་རིག་དུག་གསུམ་ལ༔ སྐུ་གསུང་ཐུགས་ཀྱི་རླབས་ཀྱིས་བརླབས༔ བདུད་དེ་བརྒྱད་ཁྲི་བཞི་སྟོང་ལ༔ རྟོག་ཆོས་བརྒྱད་ཁྲིའི་སྟོངས་རྒྱས་འདེབས༔ རྒྱལ་བ་དགྱེས་བྱེད་ཡོངས་དག་པ༔ རོ་བརྒྱ་ནུས་སྟོང་ཡོན་ཏན་འབུམ༔ ཉེས་ཚོགས་བཞི་བརྒྱ་རྩ་བཞི་འཇོམས༔ རྒྱུ་རྣམས་དག་ལ་འབྲས་བུ་དག༔ ངོ་བོ་དག་ལ་བྱེད་ནུས་དག༔ བྱིན་གྱི་རླབས་ཀྱིས་རྣམ་པར་གྲུབ༔ དཀོན་མཆོག་རྩ་གསུམ་ཆོས་སྐྱོང་ཀུན༔ དངོས་པོའི་ཆགས་པ་མེད་མོད་དང་༔ ནམ་མཁའ་མཛོད་ལ་དབང་བསྒྱུར་ཞིང་༔ སྐུ་ལ་བྲོ་ཚ་མི་མངའ་ཡང་༔ ལྷ་ཡི་བདུད་རྩིའི་ངོ་བོ་ཉིད༔ བསྙུན་གྱི་གསོས་སུ་གྱུར་བའི་ཚུལ༔ གཞན་ཡང་སྨན་བཞིའི་མཆོད་པ་འབུལ༔ རྟེན་འབྲེལ་བདེན་པ་འདི་ཡི་མཐུས༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི༔ ཉོན་མོངས་ནད་ཀྱི་དགྲ་ཞི་ནས༔ གཏན་བདེའི་གོ་སར་དབུགས་དབྱུང་མཛོད༔ ཨོཾ་བྷེ་ཥ་ཛེ་པཱུ་ཛ་ཁཱ་ཧི༔ དྲུག་པ་ནི༔ ཧོ༔ དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་དཔལ་ཏེ༔ གསང་གསུམ་ཡོན་ཏན་ལེགས་མཛེས་མ་ལུས་གཤེགས༔ སྐུ་གསུམ་གོ་འཕང་དམ་པ་མངོན་པར་བརྙེས༔ སྲིད་གསུམ་བླ་མ་ཁྱོད་ལ་བསྟོད་པར་བགྱི༔ མྱ་ངན་འདའ་བ་མེད་པའི་གདན་བཞུགས་ནས༔ ཐུགས་བསྐྱེད་གཡེལ་བ་མེད་པའི་ཕྱག་ཡངས་ཀྱིས༔ ཁམས་གསུམ་ཕ་མཐའ་མེད་པའི་འགྲོ་བ་ཀུན༔ སྐྱོབས་པ་འགྲན་ཟླར་མེད་པའི་སྟོབས་ལ་བསྟོད༔ འཇིག་རྟེན་འདི་ནས་སེམས་ཅན་སྨན་དངོས་ཀྱི༔ ཆེ་ཕྲ་ཆུང་གསུམ་སྐྱེ་དང་འབྱུང་བ་བཞི༔ སྣ་ཚོགས་རྣམ་འཕྲུལ་མ་ངེས་ཅིར་ཡང་སྤྲུལ༔ རྣམ་ཐར་བསམ་ཁྱབ་དཀའ་ལ་ཕྱག་འཚལ་བསྟོད༔ ཕྱོགས་བཅུའི་རྒྱལ་བས་ཁྱོད་ཀྱི་བསྔགས་པ་བརྗོད༔ འབྱུང་བོ་ཀུན་ནས་ཁྱོད་ལ་རེ་ལྟོས་འཆའ༔ རྣལ་འབྱོར་མཐའ་དག་ཁྱོད་བསྒྲུབ་ཡིད་བཞིན་དབང་༔ བཀུར་འོས་འཁོར་བཅས་ཁྱོད་ལ་ཕྱག་འཚལ་བསྟོད༔ བདུན་པ་ནི༔ བདག་མདུན་ཐུགས་ཀར་པད་ཟླ་ལ༔ ཨ་རུ་རྣམ་པར་རྒྱལ་བའི་ལྟེར༔ ཧཱུྃ་ཡིག་མཐའ་མར་སྔགས་ཀྱིས་བསྐོར༔ བཟླས་པས་བདག་གི་འོད་ཟེར་གྱིས༔ མདུན་བསྐྱེད་ལ་བསྐུལ་འོད་འདྲེས་པས༔ ཕྱོགས་བཅུའི་རྒྱལ་བའི་ཁམས་ཞིང་དང་༔ བརྟན་གཡོའི་རྩི་བཅུད་སྨན་གྱི་དྭངས༔ མ་ལུས་བསྡུས་ཏེ་བདག་ལ་ཐིམ༔ ཡོན་མཆོད་འཁོར་དང་བཅས་རྣམས་ཀྱི༔ ཞེས་དམིགས་བསལ་ཡོད་ན་བཏགས༔ སྐྱེ་རྒ་ན་འཆིའི་བདུད་བཞི་བཅོམ༔ བདེ་བ་ཆེ་ལ་དབང་ཐོབ་བསམ༔ ཨོཾ་ཨཱ་བྷེ་ཥ་རཱ་ཛ༔ སརྦ་དུཿཁ་ཕཊ༔ མ་ཧཱ་སུ་ཁ་སིངྡྷི་ཕ་ལ་ཧཱུྃ༔ ཞེས་པ་གྲངས་ཀྱི་འབུམ་ཐེར་གསུམ༔ དུས་ཀྱི་བཅུ་གཉིས་རྟགས་མ་ངེས༔ དམིགས་བསལ་ཁ་གསོ་སྨན་ལ་བཟླས༔ ཡོན་ཏན་སྡུག་བསྔལ་གསུམ་མཐར་བྱེད༔ ས་མ་ཡཱ༔ ཅེས་ཀྱང་ཚེ་དབང་རིག་འཛིན་གྱིས། །ནན་བསྐུལ་རྡོ་རྗེའི་དབྱུག་གུ་ཡིས། །ཚུལ་ཁྲིམས་འབད་པ་དྲག་པོའི་སྒོས། །ནམ་མཁའི་རྔ་ཆུང་བརྡུང་བ་ལས། །མི་འདོད་སྒྲ་འབྱུང་རྩོམ་པ་ན། །གནས་བརྟན་གཟུ་བོའི་དགེ་བློ་ཡང་། །རྣལ་དུ་མ་གནས་བརྫུས་མའི་གསུང་། །ཁར་སང་བྱོན་པའི་སྐྲག་ཚབས་ལས། སྡར་མ་ཞིག་གི་འོ་དོད་ཤོར། །ཆ་གའི་ཁ་ནས་མར་ཁུ་འདིའི། །འགྲོ་ཀུན་འཇིགས་བརྒྱད་ཞི་བ་དང་། །བཀྲ་ཤིས་བདེ་ལེགས་འཛོམ་པར་ཤོག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།


previousཡིད་བཞིན་པདྨ་བསྟན་སྐྱོང་གིས་ཞི་བ་བདུད་རྩི་སྨན་སྒྲུབ།next