Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡིད་བཞིན་དབང་གི་རྒྱལ་པོའི་སྲོག་གཏད་དྲེགས་པ་བྲན་ཁོལ
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡིད་བཞིན་དབང་གི་རྒྱལ་པོའི་སྲོག་གཏད་དྲེགས་པ་བྲན་ཁོལnext

ཡིད་བཞིན་དབང་གི་རྒྱལ་པོའི་སྲོག་གཏད་དྲེགས་པ་བྲན་ཁོལ

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ཡིད་བཞིན་དབང་གི་རྒྱལ་པོའི་སྲོག་གཏད་དྲེགས་པ་བྲན་ཁོལ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །འདི་ལ་སྦྱོར་བའི་རིམ་པ་ནི༔ གཏོར་མ་ཡེ་ཤེས་ལྷ་ཡི་སྐུར༔ མདུན་དུ་འདོད་འབྱུང་ཆ་ལྔ་དང་༔ གཡས་སུ་བླ་རྟེན་སྲོག་གི་འཁོར༔ གཡོན་དུ་རིན་ཆེན་ཕྱག་རྒྱ་དང་༔ རྒྱབ་ཏུ་ཐུགས་རྟེན་པོ་ཏི་དམར༔ མདུན་དུ་ཟས་སྣའི་གཅལ་དུ་བཀྲམ༔ ཡང་ཞོལ་ཉེར་སྤྱོད་མཆོད་པའི་སྤྲིན༔ དང་བཅས་མཐོང་བརྒྱུད་ལྟར་དུ་བྱ༔ ས་མ་ཡཱ༔ དེ་ནས་ཆོ་གའི་གཞུང་བསྲིང་ལ༔ མཆོད་གསོལ་བསྟོད་པ་ཡན་ཆད་བྱས༔ མདུན་རྟེན་ལྷ་ཡི་འཁོར་ལོར་གསལ༔ སློབ་མ་ཁྲུས་བྱས་བགེགས་བསྐྲད་བསྲུང་༔ ཆོས་བཤད་སྤྱི་དང་བྱེ་བྲག་བྱ༔ དེ་ནས་གསོལ་བ་གདབས་པ་ནི༔ ཀྱཻ༔ འགྲོ་མགོན་བླ་མ་རིན་པོ་ཆེའི༔ བདག་ཅག་སྐལ་ལྡན་སློབ་མ་ལ༔ རྡོ་རྗེ་བཀའ་ཡི་བྱ་ར་བས༔ དབང་མཆོག་ཡོངས་སུ་རྫོགས་བྱས་ནས༔ རབ་འབྱམས་ཕྲིན་ལས་ལྷུན་གྱི་གྲུབ༔ ལས་ལ་རང་དབང་ཐོབ་པ་དང་༔ དྲེགས་པ་བྲན་དུ་ཁོལ་བ་ཡི༔ བདག་གཞན་དོན་གྲུབ་བཀའ་དྲིན་སྩོལ༔ དེ་ནས་བླ་མས་ལན་གནང་བ༔ ཀྱཻ༔ དེ་ལྟ་བུ་ཡི་ཐབས་ཡོད་ཀྱི༔ ཁྱོད་ཀྱང་དམ་ཚིག་བསྲུང་ནུས་དགོས༔ དམ་པ་ཆོས་བཞིན་སྤྱོད་འཚལ་ཏེ༔ དེ་ལས་ལོག་ན་ཕྱིར་ཞིང་ཕུང་༔ ཞེས་པའི་ལན་དུ་གསོལ་བ་ནི༔ ལེགས་སོ་བདེ་གཤེགས་འདུས་པའི་ཞལ༔ བཀའ་དྲིན་གཙོ་བོའི་མྱུར་གནང་ཞུ༔ ཆོས་སྐྱོངས་དབབས་ཤིང་རྟེན་ལ་བསྟིམ༔ དེ་ནས་བླ་མས་ཆོས་སྐྱོང་ལ༔ ཧོ༔ དགོངས་ཤིག་རྡོ་རྗེ་ཆོས་སྐྱོང་བ༔ སངས་རྒྱས་བསྟན་འཛིན་གདུང་གསོབ་ཀྱི༔ སློབ་མ་འདི་ལ་ཁྱོད་གྲོགས་བསྐུལ༔ ང་ཡི་བཀའ་ལ་ཉན་པར་གྱིས༔ རྟག་ཏུ་བསྲུང་སྐྱོབས་མཛད་ནས་ཀྱང་༔ རབ་འབྱམས་ཕྲིན་ལས་ཁྱོད་བསྒྲུབ་འཚལ༔ ཞེས་ཞུས་ཆོས་སྐྱོང་ཞལ་ནས་གནང་༔ ཧོ༔ ང་ཡི་སྲོག་དེ་ཁྱོད་དབང་ཀྱང་༔ བདག་གི་སྔར་ནས་གཡར་དམ་བླང་༔ ཆོས་བཞིན་མ་སྤྱོད་དོ་གལ་མེད༔ དེ་རང་ཁོ་ལ་དྲི་བར་མཛོད༔ སླད་ནས་ཁེ་ཉེན་རྒྱུ་རུ་བས༔ ལྷ་འདྲེ་དམ་ཚིག་གཅིག་ལ་གནས༔ སྒོས་ཀྱི་བསྲུང་མཚམས་བླང་ནུས་སམ༔ ནུས་ན་བདག་གི་བསྲུང་བྱས་ནས༔ རབ་འབྱམས་ལས་ཀུན་ཐོགས་མེད་སྒྲུབ༔ དེ་ནས་བླ་མས་མནའ་སྦྲེལ་བ༔ ཧཱུྃ༔ རྡོ་རྗེའི་ཁྲོ་ཆུ་ཁོལ་མ་འདི༔ དཔལ་ཆེན་ཧེ་རུའི་ངོ་བོ་ཉིད༔ ཁྱོད་རང་གཉིས་ཀྱི་ལྕེ་ལ་བཞག༔ རྡོ་རྗེ་འབར་བའི་ཕྱག་མཚན་འདི༔ སྤྱི་བོར་དབང་རྟགས་བྱིན་རླབས་བཀོད༔ གལ་ཏེ་མི་ ༼ འདི་དཔྱད། ༽ཡིས་མ་བསྒྲུབ་ནས༔ དམ་ཚིག་འཆལ་བར་སྤྱོད་པ་དང་༔བསྟན་ལ་གནོད་པའི་གཞུང་བསྲིང་ན༔ སྲོག་འདི་ཁྱོད་ལ་གཏད་པ་ཡིན༔ ཚུལ་བཞིན་སྒྲུབ་པའི་མཐུན་རྐྱེན་ཉིད༔ ལྷ་འདྲེ་ཁྱོད་ཀྱིས་མ་བསྒྲུབ་ན༔ དམ་ཚིག་དམོད་པའི་སྙིང་བསྲེགས་ཤོག༔ ཡཀྴ་ཁྲོ་བོའི་སྙིང་ཁྲག་རོལ༔ རྡོ་རྗེ་འབར་བས་མགོ་བོ་ཁོས༔ སློབ་དཔོན་དྲང་སྲོང་བདེན་ཚིག་འདིར༔ ཁྱོད་རང་གཉིས་ལ་ཁེ་ཉེ་ཡོད༔ ས་མ་ཡ་དེ་ཝ་ན་ར་ཀན༔ ས་མ་ཡ་ཡོ་ཀ་ན་ར་ཀན༔ ཅེས༔ གཉིས་ཀྱི་སྲོག་སྦྲེལ་དམ་ཚིག་དམོད༔ བྲོ་བོར་དེ་ནས་སློབ་དཔོན་གྱིས༔ ཀྱཻ༔ གསོན་ཅིག་ལྷ་དང་རྣལ་འབྱོར་བ༔ ང་ཡི་བཀའ་སྡོད་བཀའ་ཡི་རྒྱུད༔ མ་སྦྲེལ་དམ་ཚིག་འབྲེལ་འདི་ཡིན༔ ཡལ་བར་མ་དོར་ཤོང་དཀྱིལ་བསྐྱེད༔ ཁྱེད་གཉིས་ཐ་དད་སྣང་ནའང་༔ དོན་ལ་ངོ་བོར་རང་རྩལ་གཉིས༔ རང་བཞིན་དཀྱིལ་འཁོར་རང་འབྲེལ་ཡིན༔ དམ་ཚིག་འདི་ཡང་མ་དོར་ཅིག༔ གཉིས་སྣང་མི་ཡི་འཁྲུལ་བ་ལ༔ ཡེ་ཤེས་ལྷ་ཡི་སྒམ་པོར་མཛོད༔ སངས་རྒྱས་ཕྲིན་ལས་གང་འདུལ་དཔལ༔ ཐེ་ཚོམ་ཅན་གྱི་ལྟ་ལོག་དོར༔ ཅེས་བརྗོད་སྲོག་གི་སྦྲེལ་ཆད་བྱས༔ ད་ནི་སྲོག་དངོས་གཏད་པ་ལ༔ དང་པོ་གཟུགས་སྐུའི་དབང་བསྐུར་བ༔ རྣམ་ལྔ་འདུས་པར་བསྡུས་ན་ལྷ༔ གཙོ་བོ་ཉིད་ཀྱི་སྐུ་གཟུགས་ཏེ༔ སློབ་མའི་ཕྲག་པ་གཡས་སུ་གཏད༔ ཨོཾ༔ ཆོས་སྐྱོངས་འགྲོ་འདུལ་སྤྲུལ་བའི་སྐུར༔ རྣམ་པ་ལྔར་བཞེངས་རིགས་མཚོན་པ༔ སྐལ་ལྡན་ཁྱོད་ལ་ལུས་ལྷར་གཏད༔ བསྲུང་སྐྱོབས་རྡོ་རྗེའི་གོ་བཙན་གྱུར༔ མངགས་གཞུག་བང་ཕྱིན་ཕོ་ཉ་ཡི༔ འཕྲོ་འདུ་ཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་རཱ་ཛ་ཙནྡྲ་ས་མ་ཡཱ༔ ཀ་ཡ་ཙཀྲ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྲོག་སྔགས་ལྔ་བོ་དང་༔ རྩ་བ་ལས་བསྐུལ་ཡོངས་སུ་རྫོགས༔ མགྲིན་པར་བཞག་བྱས་དབང་བསྐུར་ནི༔ བདེན་དཔང་གྱིས་སྦྲེལ་འདི་སྐད་དུ༔ ཨཱ༔ ཆོས་སྐྱོང་རང་བཞིན་ལོངས་སྐུའི་གསུང་༔ ཡི་གེའི་གཟུགས་ཀྱིས་བརྡའ་སྤྲོད་འདུལ༔ སྐལ་ལྡན་ཁྱོད་ཀྱི་ངག་ལྷར་གཏད༔ གང་བརྗོད་ཚིག་བཙན་སྲོག་ནས་དྲངས༔ དེ་མ་ཐག་ཏུ་བདེན་ཚིག་གྲུབ༔ ཆོས་སྐྱོང་རང་དབང་མེད་པར་ཁོལ༔ ཟིལ་གནོན་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་མཐར་ནི་འདི་ལྟར་རོ༔ ཝཀྐ་ཙཀྲ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཐུགས་གསང་པོ་ཏི་དམར་ཆུང་གཏད༔ སྙིང་ཀར་བཀོད་ནས་འདི་སྐད་དོ༔ ཧཱུྃ༔ སངས་རྒྱས་སྟོང་གི་ཐུགས་གསང་འདུས༔ སངས་རྒྱས་ཐམས་ཅད་བསྟན་པ་གཅིག༔ རྡོ་རྗེ་རིན་ཆེན་དབང་བསྐུར་བས༔ ཁྱོད་ཀྱང་ཆོས་འདིའི་བསྲུང་མ་ཡིན༔ འཁོར་འདི་གདུལ་བྱ་སྐལ་བཟང་ངོ་༔ གང་གིས་འདི་ལྟར་བསྒྲུབ་འཆང་བ༔ ལུས་ལ་གཏེར་ཡོད་ཅི་བཞིན་དུ༔ བསྲུང་མ་གཉན་པོའི་བསྲེལ་བར་མཛོད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བྱམས་བརྩེའི་བུ་བཞིན་རྟག་ཏུ་སྐྱོང་༔ གང་བསམ་དགེ་བར་འགྱུར་བ་དང་༔ ཏིང་འཛིན་རྒྱུད་ལ་འཁོར་བ་དང་༔ འོག་འགྱུ་དངོས་ཀྱི་བྱིང་རྒོད་ཞི༔ སྒྲིབ་པ་ལྔ་དང་མི་མཐུན་ཕྱོགས༔ མ་ལུས་སེལ་བའི་ཕྲིན་ལས་ཀྱི༔ དབང་མཆོག་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཙཀྲ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་བ་གཏོང་མ་རིན་ཆེན་ལྔའི༔ ཡོན་ཏན་ཟས་ཀྱི་རོ་མཆོག་བཅས༔ ལག་པར་བསྐུར་ནས་མགྲིན་པ་ལ༔ བསྟིམ་པས་དབང་གནས་བརྟན་པར་དམིགས༔ དེ་ནས༔ སྭ༔ དཀོར་བསྲུང་ཡོན་ཏན་སྤྲུལ་བ་ནི༔ སྐྱེ་རྒུའི་བཀྲེས་སྐོམ་དབུལ་བ་སེལ༔ སྐལ་ལྡན་ཁྱོད་ལ་གཏེར་དུ་འབུལ༔ གང་ལྟར་སྨོན་པའི་རེ་བ་ཀུན༔ སྐོང་ཞིང་འཛད་མེད་གོང་དུ་འཕེལ༔ ནམ་མཁའ་མཛོད་ལ་དབང་ཐོབ་ཤོག༔ རྩ་སྔགས་མཐར་ནི་འདི་སྐད་དོ༔ མ་ཎི་རཏྣ་བི་ཤྭ་བ་སུ་ལཀྵིཾ་ཀ་ར་ཨ་བྷི་ཥིཉྩ་ཧཱུྃ༔ ལྔ་བ་རབ་འབྱམས་ལས་ཀྱི་དབང་༔ ཁམས་གསུམ་དབང་སྡུད་མདའ་དར་དང་༔ ཕྲིན་ལས་རབ་འབྱམས་ཡོངས་སྒྲུབ་པའི༔ ཕྱག་རྒྱ་སྣ་ཚོགས་ཡན་ལག་གཏད༔ ཧཱ༔ ཕྲིན་ལས་ཞི་བར་དབང་བསྒྱུར་བའི༔ ཅང་ཏེའུ་དྲིལ་བུའི་དབང་བསྐུར་རོ༔ རྒྱས་པའི་ལས་ལ་དབང་བསྒྱུར་བའི༔ ཟས་ཞོང་བླ་རྡོའི་དབང་བསྐུར་རོ༔ དབང་གི་ལས་ལ་དབང་བསྒྱུར་བའི༔ མདའ་དར་ལྕགས་ཀྱུའི་དབང་བསྐུར་རོ༔ དྲག་པོའི་ལས་ལ་དབང་བསྒྱུར་བའི༔ སྒྲོལ་ཆས་སྤེན་གྲིའི་དབང་བསྐུར་རོ༔ རབ་འབྱམས་ལས་ལ་དབང་བསྒྱུར་བའི༔ ཕྱི་ནང་གསང་བ་ཁྱད་པར་གྱི༔ རྒྱན་དང་བསྒོ་བ་སྣ་ཚོགས་པས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ རང་དབང་ཕུན་སུམ་ཚོགས་པ་ཡིས༔ བདག་གཞན་དོན་གཉིསལྷུན་གྲུབ་ཤོག༔ རྩ་སྔགས་མཐར་ནི་འདི་ལྟར་རོ༔ ཀརྨ་ཙཀྲ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཡོངས་སུ་རྫོགས་པའི་སྲོག༔ ཙཀྲ་གཏད་ནས་འདི་སྐད་དོ༔ ཧཱུྃ༔ དཀོར་བསྲུང་ཆེན་པོའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཀྱི༔ སྲོག་འདུས་ཙཀྲ་སྤུང་པ་འདིའི༔ འཁོར་དང་བཅས་པའི་བླ་རྟེན་ཡིན༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དྲེགས་པ་གནད་ལ་དབབས་པ་འདིའི༔ རང་དབང་མེད་པར་བྲན་དུ་ཁོལ༔ མི་མཐུན་རྐྱེན་ངན་ཀུན་སེལ་ནས༔ མཐུན་དགུའི་རེ་བ་རྫོགས་པ་དང་༔ བྱང་ཆུབ་དངོས་གྲུབ་ཐམས་ཅད་ཀྱིས༔ འབྱུང་གནས་བླ་ན་མེད་པར་ཤོག༔ རྩ་སྔགས་མཐར༔ སརྦ་རཏྣ་མནྜ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དམ་ཚིག་ཁས་བླང་དང་༔ སྨོན་ལམ་བཀྲ་ཤིས་ཀྱི་མཐའ་བརྒྱན༔ གཡང་གི་བརྟན་བཞུགས་རྒྱས་པ་བྱ༔ དེ་ནས་རྗེས་ཆོག་གིས་མཐའ་བསྐྱང་༔ ས་མ་ཡཱ༔ དེ་ནས་རྒྱུན་དུ་བཅིང་བར་བྱ༔ དེ་ཡང་སྐུ་རྟེན་སྐེ་ལ་བཅིང་༔ བླ་རྡོ་སྲོག་འཁོར་དང་བཅས་སོ༔ གསུང་གསང་ནམ་ཡང་བཟླ་བའམ༔ ཡང་ན་གཡང་རྫས་གྲྭལ་བཞུགས་གསོལ༔ ཐུགས་རྟེན་པོ་ཏི་རྟེན་དུ་འཆིང་༔ ཁྱིམ་གྱི་ཕུག་བཞུགས་མཆོད་བཤགས་ཡུལ༔ ཡོན་ཏན་གཏོར་མ་གཞན་མི་སྤེལ༔ རང་གི་བཅིང་ནས་ཆེད་ཀར་བཟའ༔ ཕྱག་མཚན་ཆས་སྤྱད་གློ་ལ་བཏགས༔ གཞན་ཀྱི་མཐོང་བར་མི་བྱའོ༔ རིན་ཆེན་གདུ་བུར་གྱོན་ནས་སུ༔ གསོལ་བ་གདབས་པས་འདོད་རྒུ་གྲུབ༔ ས་མ་ཡཱ༔ ཁྱད་པར་དོན་གཉེར་འགྲོ་བའི་དུས༔ སྐུ་ཡི་མཐོང་ན་དགའ་བ་དང་༔ གསུང་གིས་ཚིག་བཙུན་སྤྱི་བོར་ལེན༔ ཐུགས་ཀྱིས་མཆོག་ཐུན་དངོས་གྲུབ་སྩོལ༔ ཡོན་ཏན་ནོར་དང་ཟས་ལ་དབང་༔ ཕྲིན་ལས་རབ་འབྱམས་མ་ལུས་འགྲུབ༔ ཅེས་ཀྱང་ཚུལ་ཁྲིམས་བཞེད་སྐོང་དུ། །གྲུབ་རིགས་ག་གཱ་རྒྱལ་པོ་ཡི། །རིན་ཆེན་གཏེར་གྱི་གསང་མཛོད་ནས། །དག་པར་ཕབས་པ་དགེ་གྱུར་ཅིག །ཡི་གེ་གནས་བརྟན་བདག་ཉིད་ཀྱི། །འགྲོ་ཀུན་བདེ་ལེགས་གཞིར་གྱུར་ཅིག །སརྦ་མངྒ་ལཾ། མཐར་དམ་ཚིག་པ་རྣམས་བསྒྲུབ་རྟེན་སོ་སོ་ལ་ཐིམ༔ སྤྱན་དྲངས་བའི་ཡེ་ཤེས་པ་རྣམས་ཀྱི༔ ཐུགས་ཀའི་འོད་ཟེར་སྤྲོ་བསྡུས་འཁོར་འདས་ཀྱི་དྭངས་བྱིན་དཔལ་ཡོན་མ་ལུས་བཀུགས་པ་དང་ལྷན་ཅིག་གཏོར་མ་དང་ཟས་སྣ་ལ་ཐིམ་པས༔ ཟོས་པ་ཙམ་ཀྱི་རྒྱུ་འབྲས་ཀྱི་དབུལ་བ་མཐའ་དག་སེལ་ཞིང་༔ ནམ་མཁའ་མཛོད་ཀྱི་གཏེར་ལ་རང་དབང་ཐོབ་པར་བསམ་མོ༔ ཨ་ཛྙཱ་ན་དེ་ཝ་བི་ཤྭ་རིསྨ་ཕེམ་ཛ་སརྦ་མུ་ཡ་སྟྭཾ༔ ཅེས་བརྗོད་ནས་རོལ་ལོ༔ ཅེས་ཀྱང་ག་གཱས་སོ། །དགེའོ། །


previousཡིད་བཞིན་དབང་གི་རྒྱལ་པོའི་སྲོག་གཏད་དྲེགས་པ་བྲན་ཁོལnext