Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཀོར་སྲུང་ཟླ་བའི་དབང་པོའི་སྒོ་ནས་དབང་གི་མཚམས་སྦྱར་དགེ་ལེགས་ནོར་བུའི་གཙུག་རྒྱན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཀོར་སྲུང་ཟླ་བའི་དབང་པོའི་སྒོ་ནས་དབང་གི་མཚམས་སྦྱར་དགེ་ལེགས་ནོར་བུའི་གཙུག་རྒྱན།next

དཀོར་སྲུང་ཟླ་བའི་དབང་པོའི་སྒོ་ནས་དབང་གི་མཚམས་སྦྱར་དགེ་ལེགས་ནོར་བུའི་གཙུག་རྒྱན།

ཟབ་གཏེར་རྒྱ་མཚོའི་བཅུད་ཡིག་ལས༔ དཀོར་སྲུང་ཟླ་བའི་དབང་པོའི་སྒོ་ནས་དབང་གི་མཚམས་སྦྱར་དགེ་ལེགས་ནོར་བུའི་གཙུག་རྒྱན་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ རྣལ་འབྱོར་དད་གུས་ལྡན་པ་ལ༔ དབང་བསྐུར་ཟབ་མོ་བགྱི་བའི་ཚེ༔ ཁྲུས་བྱ་བགེགས་བསྐྲད་སྔོན་སོང་རྗེས༔ དེ་ནས་དབང་གི་ལོ་རྒྱུས་ནི༔ འོ་ན༔ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་བདེ་བླག་ཉིད་དུ་ཐོབ་པ་དང་༔ ཁྱད་པར་དུ་བསྟན་དང་འགྲོ་བ་ཐམས་ཅད་ཀྱི་དོན་ཆེན་རབ་ཏུ་བསྒྲུབ་པར་འདོད་པའི་སྐྱེས་བུ་དམ་པ་རྣམས་ཀྱི༔ བཀའ་གཏེར་གྱི་སྲུང་མ་སྤྱི་དང་༔ བྱེ་བྲག་ཏུ་དཀོར་སྲུང་ཟླ་བའི་དབང་པོ་འདི་ཉིད་བསྒྲུབ་པར་འདོད་པའི་སྐྱེས་བུ་རྣམས་ཀྱིས་དང་པོ་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ བསྟན་འགྲོའི་དོན་སྒྲུབ་པ་ལྷུར་ལེན་དགོས་ཏེ༔ དེ་ཡང་རང་འདོད་ཀྱི་བློ་ཤ་སྟག་གི་སྐྱོན་སྤངས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་དོན་ཕྱིར་དུ་སྲུང་མ་གཉན་པོ་འདི་བསྒྲུབ་ནས་འགྲོ་བའི་དོན་ལ་འབད་པར་བྱའོ་སྙམས་པས་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཐེག་པ་ཆེན་པོའི་ལམ་ལ་འཇུག་པ་ནི་བསོད་ནམས་ཚད་མེད་པའི་འཇུག་ངོགས་ཡིན་ཏེ༔ དེའི་ཕྱིར་ན་ནོར་ལྷ་གཏེར་བདག་ཀུན་གྱི་གཙོ་བོར་གྱུར་བ་ལྷ་མཆོག་འདི་ཉིད་བསྒྲུབ་པ་ལ་འགྲུབ་བམ་མི་འགྲུབ་གྱི་བློའི་སྐྱོན་ཐམས་ཅད་ཡོངས་སུ་བསལ་ཏེ༔ སྒྲུབ་གཞི་རང་ལ་གནས་པར་ཤེས་པའི་ངང་ནས་བསྙེན་བསྒྲུབ་གྱི་ལམ་ལ་འབད་པར་བྱ་བ་ནི་གནད་ཀྱི་ཡང་གཅེས་དམ་པར་ཟུངས་ཤིག༔ སྤྱིར་ན་ཡེ་ཤེས་དང་འཇིག་རྟེན་གྱི་ཁྱད་པར་དབྱེ་བ་ནི་རྣལ་འབྱོར་པ་རང་གི་སྤྱོད་ཡུལ་ལ་རག་པས༔ དེ་ཕྱིར་ལྷ་གང་བསྒྲུབས་ཀྱང་དག་པ་དང་དྲན་པའི་སྒོ་ནས་བློའི་ཐེ་ཚོམ་གྱི་དྲྭ་བ་ཡོངས་སུ་གཅོད་པ་ནི་གནད་དམ་པ་ཡིན་ནོ༔ འོ་ན་ད་ལྟ་སྲུང་མ་གཉན་པོ་འདིའི་སྒོ་ནས་དབང་བསྐུར་བ་ལ༔ འདིའི་ལོ་རྒྱུས་ཅུང་ཟད་ཅིག་སྙན་དུ་གསོལ་ན༔ སྔོན་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས་བཀའ་བགྲོས་མཛད་དེ༔ མ་འོངས་སྙིགས་མའི་སེམས་ཅན་རྣམས་སྐྱོབས་པའི་ཆེད་དུ༔ རྒྱལ་བ་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་འདུས་པའི་བདག་ཉིད་ལྷ་མཆོག་དབང་ཆེན་ཧྱ་གྷྲི་ཝས་མི་སྲིན་དྲེགས་པའི་སྐྱེ་བརྒྱུད་བཟུང་ཞིང་༔ ནོར་ལྷ་ཡོངས་ཀྱི་གཙོ་བོ༔ ཆེ་བཙན་འགྲན་ཟླ་དང་བྲལ་བ༔ དཀོར་སྲུང་ཟླ་བའི་དབང་བའི་སྐུ་རིང་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་བསྒྲུབ་པར་དམ་བཅས་པ་བཞིན་ཏུ༔ རི་མཱ་ལ་ཡ་གནམ་ལྕགས་འབར་བའི་རྩེ་མོར༔ དཔལ་ཧེ་རུ་ཀའི་བཀའ་དང་དམ་ལ་གནས་པར་ཁས་བླངས་ཏེ༔ སླར་རྒྱ་གར་གྱི་དུར་ཁྲོད་བསིལ་བ་ཚལ་དུ༔ བཙུན་པ་སྔགས་ལ་དགའ་བ་ལོངས་སྤྱོད་འབྱོར་བ་དང་ལྡན་པ་ཞིག་ཏུ་སྤྲུལ་ནས་ཡོད་པའི་ཚེ་ན༔ ཡུལ་དེའི་སྐྱེས་བུ་དམག་ཇག་གི་ལས་བྱེད་པ་ཞིག་གིས་ནོར་རྫས་ཐམས་ཅད་སྟོར་བར་བྱས་ནས་ཐ་མ་སྲོག་ལ་རྒོལ་བའི་དུས་བྱུང་ཚེ་སྨོན་ལམ་ལོག་བའི་མཚམས་སྦྱར་ནས་འཆི་བ་ན༔ སླར་ཡང་ལོ་དེའི་ཕྱི་མར་ཀེ་ཤིང་གི་བྲག་ཞེས་པ་འཇིགས་རུང་གནོད་སྦྱིན་གྱི་གནས་སུ༔ ལྷ་ཀླུ་བཤོས་པའི་བུ་གཅིག་ཏུ་སྤྲུལ་ནས་དེ་མ་ཐག་ཏུ་སྣང་སྲིད་ཀྱི་སྲོག་ལ་མངའ་དབང་འབྱོར་ནས༔ འཁྲུལ་བ་མེད་པ་ལ་འཁྲུལ་སྣང་རང་ངོར་དུ་བཟུང་ཙམ་པའི་ངང་ནས་སེམས་ཅན་གྱི་སྲོག་སྡུད་ཚེ༔ མཆོད་རྟེན་བདེ་བྱེད་བརྩེགས་པའི་ཚལ་དུ་གུ་རུ་ཉི་མ་འོད་ཟེར་གྱིས་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་ནས་བཞུགས་ཡོད་བའི་སྐབས་སུ༔ སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་ཡོད་པའི་སྐྱེས་བུ་དེ་ཉིད་ད་ལྟ་ལྷ་འདྲེའི་ཚུལ་བཟུང་ནས༔ སྐྱེ་འགྲོའི་སྲོག་ལ་རྒོལ་བ་དགོངས་ནས་ནམ་ཕྱེད་དུ༔ མི་ཤིག་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཏིང་འཛིན་གྱི་ཕོ་ཉ་ཡེ་ཤེས་ཐུན་མཚོན་གྱི་རྣམ་པར་སྤྲོས་ཏེ༔ དྲེགས་པ་དེ་ཉིད་མདུན་དུ་བཀུགས་ནས་ཏིང་ངེ་འཛིན་གྱི་གཟིར་བའི་སྟོབས་ཀྱི་སྲོག་སྙིང་ཁ་རུ་ལྷུང་ནས་ཅི་བསྒོ་བའི་བཀའ་ལ་ཉན་པར་ཁས་བླང་ཚེ་སྤྱི་བོར་བཀའ་རྟགས་ཀྱི་རྡོ་རྗེ་ནོར་བུ་འབར་བས་རྒྱས་བཏབ་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་སྒྲུབ་ཕྱིར་སྨོན་ལམ་བཟང་བོ་དང་བཅས་ཏེ༔ ཁྱོད་ནི་སྔོན་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་བཀའ་གྲོས་ཐུན་མོང་བ་མཛད་ནས་ཡི་དམ་གྱི་ལྷ་མཆོག་དབང་ཆེན་རྟ་མགྲིན་དམར་པོའི་ཕྲིན་ལས་ཀྱི་སྤྲུལ་པ་ཡིན་མོད༔ ད་ལྟ་འཁྲུལ་པ་མེད་པ་ལ་འཁྲུལ་སྣང་གློ་བུར་གྱི་རྟོག་པ་བྱུང་བ་ཙམ་ལས་འཁྲུལ་བ་དངོས་མ་ཡིན་ཏེ༔ སྣང་སེམས་ལ་མངའ་དབང་འབྱོར་བའི་རྒྱུ་རྐྱེན་གྱི་སྐྱེ་འགྲོའི་སྲོག་ལ་དབང་ཐོབ་པས་ན༔ ད་ནི་འཁྲུལ་མེད་ཆོས་སྐུའི་དབྱིངས་ལས་ལྷུན་གྲུབ་རྟེན་འབྲེལ་གྱི་སྣང་ཆ་ཀུན་ནས་འགོག་པ་མེད་པ་གཟུགས་སྐུ་ཡེ་ཤེས་ཀྱི་སྣང་ཚུལ་པདྨའི་རྗེས་འཇུག་གི་སྐྱེས་བུ་གང་དང་གང་གི་སྤྱོད་ཡུལ་དུ༔ བརྟེན་ཅིང་བསྒྲུབ་པ་ཙམ་གྱིས་གཟུགས་སྐུ་ཟླ་བའི་དབང་པོས་ཞལ་རས་མངོན་སུམ་དུ་སྟོན་པ་ལ་ཐོགས་པ་མེད་པ་ཆུ་དང་ཟླ་གཟུགས་བཞིན་དུ་དོན་ལ་ཐ་དད་པ་མ་ཡིན་ཀྱང་༔ གཉིས་མེད་གཉིས་སུ་སྣང་བའི་ཚུལ་གྱིས་གང་དང་གང་བསམ་པའི་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་སྒྲུག་ཕྱིར༔ རྟེན་འབྲེལ་འགོག་པ་མེད་པ་དྲེགས་པ་རང་རྒྱུད་ཅན་དུ་གཟུགས་ཀྱི་སྐུར་བཞེངས་ནས་རྣལ་འབྱོར་པ་དབང་དང་དམ་ཚིག་ཐོབ་པ་རྣམས་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་ཐམས་ཅད་སྟེར་བར་ཁྱོད་ཀྱི་མཐུ་མ་རྡུགས་ཅིག༔ ཅེས་གསུངས་ཤིང་བཀའི་སྲུང་མར་བསྐོས་ཏེ་དབང་བསྐུར་བ་དང་༔ དེ་འོག་ཏུ་གུ་རུ་ཆོས་ཀྱི་དབང་ཕྱུག་དང་མངའ་བདག་ཉང་རལ་ཅན་སོགས་ནས་རིམ་པ་བཞིན་དུ་རང་རང་གི་གཏེར་སྲུང་དང་བརྒྱུད་འཛིན་གྱི་སྐྱེས་བུ་རྣམས་ལ་བུ་བཞིན་སྐྱོང་བར་དམ་ཚིག་གི་སྲོག་གཉན་པོས་རབ་ཏུ་བཅིངས་ཏེ༔ བརྒྱུད་པ་ཀུན་ལ་ཆོས་སྐྱོང་འདིས་ཚུལ་བཞིན་ཏུ་གྲོགས་བྱས་ནས་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་བསྒྲུབས་པ་དང་དེ་འོག་ཏུ་རིག་འཛིན་བདུད་འདུལ་རྡོ་རྗེ་དང་ཀློང་གསལ་སྙིང་པོ་སོགས་ནས་རིམ་པར་ཟབ་གཏེར་གྱི་སྲུང་མ་མཛད་ཅིང་ལས་རབ་འབྱམས་ཕྲིན་ལས་ཀྱི་བྱེད་པོ་དེ་ཉིད་ཡིན་པ་དང་༔ དེས་རྗེས་སུ་རིག་འཛིན་བདུད་འཇོམས་རྡོ་རྗེའི་དྲུང་དུ་བྱོན་ནས་འབངས་ཁས་བླངས་ཤིང་རྗེས་འཇུག་རྣམས་བུ་བཞིན་སྐྱོང་བར་ཞལ་གྱིས་བཞེས་པའི་སྲུང་མ་དམ་ཚིག་དང་ལྡན་པ་ཡིན་མོད༔ ད་ལྟ་བདག་རྡོ་རྗེ་དྲག་པོ་རྩལ་གྱི་ཟབ་གཏེར་ཀུན་གྱི་སྲུང་མར་སྔོན་ནས་ལས་དང་སྨོན་ལམ་གྱིས་འབྲེལ་བའི་སྲུང་མ་དམ་ཚིག་དང་ལྡན་པ་དཀོར་སྲུང་ཟླ་བའི་དབང་བོའི་དཀྱིལ་འཁོར་དུ་འཇུག་ཅིང་ཞུགས་ནས་དབང་བསྐུར་ཟབ་མོ་བགྱི་བའི་སྐབས་སུ་བབ་པ་ཡིན་ཏེ༔ དེ་ལ་བདག་རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཐམས་ཅད་སྔོན་དུ་གྲུབ་ནས༔ ད་ཁྱེད་རང་རྣམས་ལ་དབང་བསྐུར་ཟབ་མོ་བགྱི་བ་དང་༔ བགྱིས་ཏེ་སྲུང་མ་གཉན་པོ་དང་མནའ་ཐོ་བྱེད་དུ་བཅུག་པ་ལ་དགའ་བ་དང་གུས་པའི་ངང་ནས་མནྜ་འབུལ་བ་ཐུགས་ལ་གདགས་པར་ཞུ༔ ༈ དེ་ལྟར་མནྜལ་ཕུལ་ནས་གསོལ་བ་གདབ་པ་འདི་བཞིན་རྗེས་ཟློས་མཛོད༔ ཅེས་གཞུང་ལ་འཇུག་ཅིང་༔ སྡོམ་པ་བཟུང་བའི་རིམ་པ་ནི༔ ཧོ༔ དེང་ནས་བྱང་ཆུབ་མ་ཐོབ་པར༔ བདག་གི་སྒོ་གསུམ་ཆོས་ལ་འཇུག༔ འགྲོ་བ་སེམས་ཅན་ཀུན་དོན་ཏུ༔ དགེ་བསྙེན་དགེ་ཚུལ་དགེ་སློང་དང་༔ བྱང་སེམས་སྔགས་ཀྱི་བསླབ་སྡོམ་རིགས༔ མ་ལུས་བདག་གིས་ཡོངས་སུ་བཟུང་༔ དེང་འདིར་དཀྱིལ་འཁོར་འདིར་ཞུགས་ནས༔ སྡོམ་དང་བསླབ་པ་དམ་ཚིག་ཀུན༔ མི་ཉམས་ཚུལ་བཞིན་བསྲུང་བར་བགྱི༔ སངས་རྒྱས་རིགས་ཀྱི་དམ་ཚིག་ཏུ༔ ཏིང་འཛིན་མི་གཡོ་བསྒོམ་པར་བགྱི༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་གཏོང་ཚོགས་བསགས་རྒྱ་ཆེན་འབད༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ བྱང་ཆུབ་སེམས་ལ་བློ་སྦྱང་བྱ༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ མངོན་སྤྱོད་ཕྲིན་ལས་བསྒྲུབ་པར་བྱ༔ བདག་གི་དུས་གསུམ་ནས་བསགས་པའི༔ ཟག་བཅས་ཟག་མེད་དགེ་བའི་སྤྲིན༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ རྒྱལ་བའི་བསྟན་པ་འཕེལ་གྱུར་ཅིག༔ དགེ་བ་སེམས་ཅན་ཀུན་ལ་བསྔོ༔ འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག༔ ས་མ་ཡཱ༔ དེ་ལྟར་དམ་ཚིག་ལྡན་པ་ཡི༔ རྣལ་འབྱོར་ཕོ་མོ་གང་སུ་དག༔ ཐར་བ་ཆེན་པོའི་གྲོང་དུ་བགྲོད༔ རྣམ་མཁྱེན་བླ་མེད་སངས་རྒྱས་ཐོབ༔ སྐལ་བ་ལྡན་པའི་སྤྱོད་ཡུལ་ལོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ༼ ཚིག་དོན་གྱི་ཆ་ལ་བརྟགས་ན་རིན་པོ་ཆེའི་གསུང་མིན་པ་འདྲ༔ བསོད་ནམས་ལྡེའུ་བཙུན་གྱི་གསུང་ཡིན་པ་དང་འདྲ་ཡང་། མ་དཔེ་ན་ཡོད་པས་འདིར་བཞག་ཡོད། དཔྱོད་ལྡན་རྣམས་ཀྱི་གཟིགས་འཚལ། ༽


previousདཀོར་སྲུང་ཟླ་བའི་དབང་པོའི་སྒོ་ནས་དབང་གི་མཚམས་སྦྱར་དགེ་ལེགས་ནོར་བུའི་གཙུག་རྒྱན།next