Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།

1 occurrence of འཆར་སྐྱེམས་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རྒྱལ་བའི་ཕྲིན་ལས་ཆེན་པོའི་རྟོགས་བརྗོད་ཐབས་མཁས་རྣམ་རོལ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརྒྱལ་བའི་ཕྲིན་ལས་ཆེན་པོའི་རྟོགས་བརྗོད་ཐབས་མཁས་རྣམ་རོལ།next

རྒྱལ་བའི་ཕྲིན་ལས་ཆེན་པོའི་རྟོགས་བརྗོད་ཐབས་མཁས་རྣམ་རོལ།

རྒྱལ་བའི་ཕྲིན་ལས་ཆེན་པོའི་རྟོགས་བརྗོད་ཐབས་མཁས་རྣམ་རོལ་བཞུགས་སོ། །

གདོད་མའི་མགོན་པོ་རྒྱལ་བ་ཀུན་ཏུ་བཟང་། །ལོངས་སྐུ་སྙིང་རྗེའི་རོལ་གར་སྤྱན་རས་གཟིཊ། །སྤྲུལ་སྐུ་འགྲོ་བའི་དོན་མཛད་པདྨ་འབྱུང་། །དབྱེར་མེད་དྲིན་ཆེན་བླ་མའི་ཞབས་ལ་འདུད། །འགྲོ་འདུལ་རྒྱལ་བས་ལུང་ཟིན་རྡོ་རྗེ་འཆང་དྭགས་པོ་ཟླ་འོད་གཞོན་ནུ་སེམས་ཅན་གྱི་དོན་དུ་སྐུར་བཞེངས་པ། འཛམ་གླིང་སེང་ཆེན་རྒྱལ་པོའི་བཀའ་བློན་དཔལ་ཐུལ་སྟོང་དཔོན་ཡ་མི་སོ་ཕྲའི་སྐུ་མཆེད། སྟོང་དཔོན་ཆོས་དཔལ་བཟང་པོའི་སྲས་ཀྱི་ཐུ་བོ་དྲུང་ཆོས་ཀྱི་རྗེ་ཀུན་དགའ་རིན་ཆེན་གྱི་ཐུགས་སྲས་གཅོད་སྟོན་ཟླ་བ་རྒྱལ་མཚན་གྱི་རྟོགས་བརྗོད་མདོ་ཙམ་བརྗོད་ན། དེ་མདོ་ཁམས་སྒ་སྟོད་ནོར་བུའི་གླིང་གི་ས་ཡི་མཐིལ། ཆུ་བོ་གསེར་ལྡན་དགའ་བ་འཁྱིལ་བའི་གཡོན་ཟུར་འགྱོགས་རྟག་གྲོང་བའི་སྟོད་ཀྱི་གྲོང་མགོ་ཚང་ལ་སྐུ་བལྟམས་ནས་ཆུང་ངུའི་དུས་ཀྱི་ཚེ་རིགས་སད་ནས་དྲུང་ཆོས་ཀྱི་རྗེའི་ཞབས་ལ་གཏུག་སྟེ་རབ་ཏུ་བྱུང་། བསྙེན་པར་རྫོགས་ནས་རྣལ་འབྱོར་གྱི་དབང་ཕྱུག་དམ་པ་གྲུབ་ཆེན་བིར་ཝ་པའི་གདམས་པ་རྒྱ་མཚོའི་ཉིང་ཁུ་ཟབ་མོ་དགྱེས་པ་རྡོ་རྗེའི་སྨིན་ཁྲིད་ཡོངས་རྫོགས་གསན་ནས་གསང་སྔགས་ཨཥྚའི་བསྙེན་པ་བཞི་འབུམ་བཅོ་བརྒྱད་རྟགས་ཐོན་མཛད་ནས་ཟབ་མོ་གཅོད་ཡུལ་འཇའ་ལུས་རྡོ་རྗེའི་བསྙེན་མཚམས་རྟགས་ཐོན་མཛད་ནས་གཉན་ས་བརྒྱ་དང་རྩ་བརྒྱད་མཐར་ཕྱིན་པར་མཛད་པས་བྱིན་རླབས་ནུས་པའི་གཟི་བྱིན་འབར་བར་གྲགས། དེ་ནས་བསྐལ་བཟང་རྒྱལ་བའི་བསྟན་པ་ཉམས་དམའ་བའི་ཚེ་རྫུ་འཕྲུལ་གྱི་རྣམ་རོལ་དཔག་པར་དཀའ་བས་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་སྐྱོང་བའི་མཛད་པ་ནི། དྲུང་ཆོས་རྗེའི་གདན་སའི་གཡས་ཕྱོགས་ཀྱི་ལུང་པའི་མིང་ནི་སྐབ་ལུང་གཞུང་ཞེས་གྲགས་པའི་སྨད་ཀྱི་ཆ་གེ་སྐོར་ཁ་གྲག་པ་དེར་མི་ནག་ཐོང་ཤིང་ཞེས་གྲག་པ་སྐྱེ་འགྲོ་ཀུན་གྱི་སྲོག་ལ་འཚེ་བའི་གདུག་པ་ཅན་ཞིག་ཡོད་པ་ཚེ་འཕོས་པའི་སྐབས། དྲུང་ཆོས་རྗེ་ཨ་ནནྟ་རཏྣ་གདན་ཞུས་སུ་བྱུང་བའི་སྐབས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མཁྱེན་ནས། རྐྱེན་དེ་ལ་བརྟེན་ནས་གཅོད་སྟོན་གང་དེ་སྲུང་མ་དྲག་རྩལ་ཆེ་བ་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཞིག་དུ་འགྱུར་བར་དགོངས་ནས་ཟླ་བ་རྒྱལ་མཚན་གྱིས་རོ་དེ་འཕང་ཤིག་ཅེས་བཀའ་ཡི་བཅད་ནས། དྲུང་ཆོས་རྗེ་ཉིད་ཀྱི་ཕྱག་མཚན་གྲི་གུག་དང་། །ཕྱག་ཕྲེང་སྐེ་ལ་བསྐོན་ནས་མངགས་པར་མཛད། །བྱང་ཆུབ་སེམས་དཔའི་མཛད་པ་ནི། །འགྲོ་བའི་དོན་ལ་རྒྱུན་ཆད་མེད། །སྤྲུལ་པ་རྣམ་པ་སྣ་ཚོགས་ཀྱིས། །གང་འདུལ་བསྟན་པ་སྤེལ་བར་མཛད། །དེ་ནས་གཅོད་སྟོན་ཟླ་བ་རྒྱལ་མཚན་རོ་འཕེན་དུ་བྱོན་པའི་སྐབས་ཐུགས་ཀྱིས་ཁོ་མི་ནག་ཐོང་ཤིང་དེ་བདུད་ཕོ་མ་རུང་བ་ཡིན་པས་བར་ཆད་འདྲ་ཨེ་འོང་སྙམ་པའི་རྟོག་པ་སྤུ་ཙམ་བྱུང་བཞིན་ཕེབས་ནས་རོ་ལ་འཇུས་ཏེ་ཁྱེར་སོང་། ཕ་རི་ཐད་ལུང་ཆེན་ལུང་ཆུང་ཞེས་གྲགས་པའི་བར་ཐང་ན་ཁྱེར་ནས་ཕ་བོང་ཁམ་ལེབ་ཆེ་བ་ཞིག་གི་ཟུར་དུ་བཞག་ནས་གསོལ་འདེབས་སེམས་བསྐྱེད་ཅི་ཡང་མ་མཛད་ནས་གྲི་གུག་གིས་རོ་ཡི་སྔུན་ནས་བཤས་པས་ཁྲག་གི་རྒྱུན་ཕྱུར་བས་བླ་མའི་ཕྱག་ཕྲེང་ལ་ཁྲག་འགོས་ཀྱི་དོགས་ནས་ཕར་ཕུད་དེ་རྡོ་ཐོག་ལ་བཞག་ནས། རོ་བཤས་པས་རོ་དེ་བདུད་ཀྱི་ཆོ་འཕྲུལ་ཀྱིས་ཡུལ་ཁམས་འཕུང་བར་འདོད་པས་དམ་གྱི་འཁྱུད་ནས་བྱུང་པའི་སྐབས། གཅོད་པས་སྐད་ཅིག་གིས་ཀྱེ་རྡོར་གྱི་སྐུ་རི་རྒྱལ་ཙམ་བསྐྱེད་ནས་ང་རྒྱལ་ཆེར་བསྐྱེད་པའི་སྐབས་རོ་དེ་ཐང་ལ་ལྷུང་སོང་ཡང་སྙིང་རྗེ་མ་བསྐྱེད་པའི་རྐྱེན་གྱིས་དྲེགས་པ་འཇིགས་སུ་རུང་བར་གྱུར་སོང་བས། དེ་ལྟར་གྱུར་བ་དྲུང་ཐམས་ཅད་མཁྱེན་པས་མཁྱེན་ནས་རྒོད་ཆེ་ཆུང་གཉིས་སུ་སྤྲུལ་ནས་རྗེས་བསྐྱོད་མཛད་དེ། ལུང་ཆེ་ཆུང་གཉིས་ནས་བྱོན་སོང་བས་བསེ་ལྷ་སྟག་གསུམ་མདོར་སླེབ་ཚེ་རྗེས་ཆོད་པའི་སྐབས་དྲེགས་པ་ཅན་དེས་ཁོ་རང་དེ་རུ་འདུག་གནས་བཅའ་ཨེ་ཆོག་ཞུས་པས། དྲུང་ཐམས་ཅད་མཁྱེན་པས་ལས་ཀྱི་ལྷག་མ་ཅུང་ཟད་སྒྲིབ་སྦྱོང་གི་ཆེད་དུ་ཁྱོད་འདི་རུ་མ་འདུག མ་འོང་པ་ན་ཞིང་བྲག་རི་ཐང་འདི་རྩ་འཇག་མས་བཤྭད་གླུ་བླང་བ་དང་། རྫོང་རྩེ་དགོན་འདི་གྱང་རལ་དུ་འགྱུར་ཞིང་། ངེད་ཨ་གཉེན་ཚང་གི་གཞིས་ཁ་མཚོ་དི་ལ་མཁར་དེ་བོང་རྒན་རྣ་མཆོག་ལྟར་ནམ་གྱུར་བ་དེའི་ཚེ། ཁྱོད་འདིར་སྐྱོང་བའི་ཟོ་དོར་མཆོད་ཆོག་ཅེས་གསུངས་པས། ཡང་དྲེགས་པ་ཅན་དེ་ཚུར་མཁས་ལ་གྲགས་པ་དེར་བྲོས་སོང་བའི་ཚེ། དྲུང་རིན་པོ་ཆེའི་རྗེས་དེད་པས་འཕུར་ནས། བར་སྣང་ནས་བྱོན་པའི་སྐབས། ཞབས་ལྷམ་བུད་ནས་ཁམས་དགེ་ཐང་ལ་ལྷུང་སོང་བ་དེར་སྤྲུལ་བའི་མཆོད་རྟེན་རང་གྲུབ་དུ་སོང་ངོ་། །དེ་ནས་སྐྱེ་ཆེན་ལ་ཁ་གྲག་པ་དེར་རྗེས་ཆོད་པའི་ཚེ་དྲེགས་པ་ཅན་དེས། མ་གིའི་དགོན་གསར་དང་། ཡ་གའི་སྐལ་བཟང་དགོན་རྣམས་ནས་ཁོ་ནམ་མཆོད་ཟེར་བའི་ཚེ། ཁྱོད་རང་ངེད་ཨ་གཉེན་དྲུང་རིགས་པའི་བླ་ཤིང་སྐྱེ་ཆེན་ཤུག་རྒན་དེ་མིང་མེད་པ་དང་། སྐྱེ་ཆུང་ལྷ་ཁང་འདི་བོང་རྒན་རྣ་མཆོག་ལྟར་ནམ་གྱུར་བའི་ཚེ། ཁྱོད་ཡུལ་ཁམས་ཀུན་གྱི་བདག་པོ་ཆེན་པོ་བྱེད་པའི་དུས་ལ་བབས་པ་ཡིན་ཁྱོད་དེའི་བར་དུ་ང་ཡི་བཀའ་མ་བཅག་པར་གཞན་དུ་སོང་ལ་བསྟན་པ་སྲུང་ཤིག །ཅེས་གསུངས་ནས་གནམ་ལྕགས་རྡོ་རྗེ་སྤྱི་བོར་བཞག་ནས་གསང་མཚན་རྒྱལ་ཆེན་བཀྲ་ཤིས་རྡོ་རྗེ་ཞེས་བརྟགས་ནས་མ་འོང་བསྟན་པའི་སྲུང་མར་དབང་བསྐུར་བར་མཛད་དོ། །དེ་ནས་དཔལ་སྤུངས་དང་སྡེ་དགེ་རྒྱལ་ཁབ་ཀཿཐོག་སུ་བསྟན་པ་བསྲུང་པ་སོགས་གཞན་དུ་ཤེས་སོ། །དེ་ནས་དཔལ་ས་སྐྱ་བ་ཆེན་པོའི་གདུང་སྲས་དྲི་མ་མེད་པ་མཁོན་སྟོན་རྗེ་བཙུན་མ་རྟ་མགྲིན་དབང་མོ་མདོ་ཁམས་བསེ་ལུང་ན་ཆིབས་བསྐྱོད་སྐབས། བསེ་བའི་ཡུལ་མི་ཐམས་ཅད་ནད་ཡམས་གདུག་པ་ཅན་འཁྲིགས་ཏེ། སྡེ་དགོན་ཀུན་གྱིས་རྗེ་བཙུན་མ་ལ་རིམ་གྲོ་ཞུས་པས་ཞལ་གྱིས་བཞེས་ནས་མཛད་པའི་སྐབས་ཤིག་གི་ཚེ། སྟོང་གསུམ་ཐམས་ཅད་ཤིག་ཤིག་ཡམ་ཡམ་དུ་འགུལ་བས་ཡུད་ཙམ་ཞིག་ན། མེ་རླུང་དམན་ནག་འཁྲིགས་པའི་གུར་ཁྱིམ་ན། གཟི་མདངས་རབ་ཏུ་འབར་བ་མི་བཟོད་པ་སྐུ་མདོག་དམར་སྨུག་རྒྱལ་པོ་བསྒྲེས་པའི་ཚུལ་ཅན་ཞིག་ནང་ལ་གསང་གོས་དཀར་པོ། སྟེང་དུ་བེར་དམར་སྨུག་མནབས་པ། ཐུགས་ཀར་མེ་ལོང་བཏགས་པ། དབུ་ལ་ཞྭ་ནག་གསེར་མདོངས་ཐོད་སྐམ་ཉི་ཟླ་མེ་རིས་མཚན་པ་གསོལ་བ། ཕྱག་གཡས་དགོས་འདོད་ཐམས་ཅད་འབད་མེད་ལྷུན་གྲུབ་དུ་དབྱུང་བའི་དགོས་འདོད་ནོར་བུ་འབར་བ་བསྣམས་པ། གཡོན་པས་མདུང་དར་དཀར་པོ་དང་ཞགས་པ་ལྕགས་ཀྱུ་དང་ཨ་ལོང་གིས་མཚན་པ་བསྣམས་པ། ཞགས་པའི་སྣེ་ལ་བསྟན་དགྲ་མྱོས་ཤིང་ཁ་ནས་ཁྲག་སྐྱུགས་པ་ཁྲིད་པ། ཞབས་གཉིས་བསྟན་དགྲ་ཕོ་མོ་ཁ་སྦུབས་སུ་མནན་པ། པདྨ་ཉི་ཟླའི་གདན་ལ་བཞེངས་བའི་སྟབས་ཀྱིས་ཕྲིན་ལས་རྣམ་བཞི་མཛད་པ་ལ་ཐོགས་པ་མེད་པ་ཞིག་བྱུང་ནས། ཡུལ་འདིས་སྲུང་མར་ཁོ་མ་བརྟེན་པས་ལན། སྔོན་དྲུང་ཆོས་རྗེའི་ཞིང་བྲག་རི་ཐང་འཇག་མའི་སྐྱིད་གླུ་ལེན་ཞིང་། རྫོང་རྩེ་དགོན་མིང་མི་གྲགས་པར་གྱུར་བ་དང་། མཚོ་དིལ་མཁར་བོང་རྒན་རྣ་མཆོག་ལྟར་གྱུར་ཚེ། །ཡུལ་འདིས་བདག་པོར་བཀའ་སྩལ་བ་ཡིན་པས། མཆོད་ཅིང་བསྟོད་ན་ནད་འཁྲུགས་མི་མཐུན་རྒྱུན་ཆད་ནས་ཕྲིན་ལས་དང་སྡོང་གྲོགས་རྒྱ་ཆེན་པོ་བྱེད་དོ་ཞེས་གསུངས་པས། འཁོན་རྗེ་བཙུན་མ་རྟ་མགྲིན་དབང་མོའི་དབང་ཆེན་རྟ་མཆོག་རོལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ནས་བསྟན་པའི་སྲུང་མར་བསྐོས་སོ། །དེ་ནས་དྲེགས་པའི་ཚུལ་འཛིན། དེས་ལྷ་མའི་ནོར་བུ་སྣ་ཚོགས་ཕུལ་ནས་དབྱིངས་སུ་ཐིམ་སོང་བར་གྲགས་སོ། །དེའི་ཚེ་བསེ་ཀླུ་ལྡིང་བླ་བྲང་དང་། བེ་ཧུའི་ཕོ་བྲང་སོགས་སུ་བརྟེན་སྒྲུབ་འཛུག་པས་མི་ནད་ཕྱུགས་ནད་འཚུབས་སློང་ཐམས་ཅད་ཞི་ཞིང་། ཕྲིན་ལས་དཔག་ཏུ་མེད་པ་མཛད་པའི་ཚུལ་བརྗོད་ཀྱིས་མི་ལོངས་སོ། །གཞན་ཡང་དཔལ་ས་སྐྱ་བའི་གདན་ས་རྣམས་ནས་མཚན་མོ་བདུག་སྤོས་མཆོད་དེ་མ་སོང་ན་གདོང་ཐུག་གིས་ཅུང་འཚེ་བར་གྲགས། གང་ཟག་མང་པོའི་མངོན་སུམ་དུ་མཐོང་བ་དང་། བསྟན་པའི་དགྲ་བགེགས་ཐམས་ཅད་རྡུལ་དུ་བརླག་པར་མཛད་དོ། །སྒྱོགས་རྟག་གྲོང་བའི་སྔོན་གྱི་དུད་ཤུལ་ཞིག་དུ་བན་རྒན་གྱི་ཚུལ་དུ་སྤྲུལ་ཏེ་མངོན་སུམ་གནས་ཤིང་། དབུ་ཞྭ་བཀལ་བའི་རྡོ་རིང་ཞིག་ཡོད་པ་དེ་ཅུང་ཞིག་རྩོག་ཚེ་ཆོ་འཕྲུལ་སྣ་ཚོགས་སུ་བསྟན་པ་ནི་དངོས་སུ་ཡོད་དོ། །ཡང་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པས་སྦས་གནས་རིན་ཆེན་ཤེལ་བྲག་གནས་ཞལ་འབྱེད་ནས་གདན་སར་ཕེབས་བཞིན་པའི་སྐབས་ཡུན་རིང་པོ་ཞིག་གི་དཀོར་སྲུང་དྲེགས་པའི་ཚུལ་ཅན་ཉིད་ལ་གཏེར་ཚབ་དུ་བཅུག་དགོས་པའི་རིགས་མང་པོ་བསྐུར་ཏེ་མངགས་འོང་བ་ལས། ཐག་ལུང་ཨ་མྱེས་སར་བྱུང་སྟེ་ཁྱོད་གར་རྫོགས་རིན་ཆེན་ཤེལ་བྲག་དེར་བྲན་དུ་འགྲོ་དགོས་ཁོ་བོ་མཆོག་གླིང་ནས་མངགས་པ་ཡིན་གསུངས། དེར་ཐར་ལམ་ཨ་མྱེ་གྲོགས་སུ་སོང་ཚེ། ལམ་བར་ཞིག་དུ་ཇ་བཀོལ་བས། ཁུག་མ་ཆུང་ངུ་ཞིག་གི་ནང་དུ་དངོས་གྲུབ་ཐམས་ཅད་ཟད་མི་ཤེས་པར་འདུག་པ་ཅི་ཡིན་སྙམ་པ་བྱུང་འཕྲལ་ཡུད་སྦས་གནས་ཀྱི་མཚོ་རྒྱལ་ཕུག་པ་དེར་སློབ་སོང་བས། དར་སྣ་ལྔ་ཡིས་ཐུམ་བྱས་པའི་རིགས་མང་པོ་བཞག་ནས་རྡོ་བརྩིག་སྟེ་སྲུབ་ཐམས་ཅད་མར་གྱི་བསླན་ནས་ད་འགྲོ་ཟེར་འཕྲལ་རླུང་ཆེན་པོ་ཞིག་གི་ནང་དེར་ཡལ་སོང་ངོ་། །དེ་ནས་སྐབས་ཤིག་ན་ཨ་མྱེར་ནས་མཚོ་རྒྱལ་ཕུག་ནས་སྔར་གྱི་མར་གྱི་ལྷན་པའི་རྩིགས་པ་བལྟས་པས་རྡོ་ནག་ལ་རྡོ་དཀར་གྱི་སྲུབ་ཞུན་འཐག་པར་སོང་བ་ངོ་མཚར་གྱི་དཔལ་དུ་གྱུར་ཏོ། །གཞན་ཡང་པདྨ་འོད་གསལ་མདོ་སྔགས་གླིང་པ་རྩལ་དང་། མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ། བསྟན་གཉིས་གཡུང་དྲུང་གླིང་པ་རྣམས་ནས་གཏེར་ཁ་མང་པོ་ལེན་དུ་མངགས་པ་དང་། གཏེར་ཚབ་བཅུག་ཏུ་མངགས་པ་སོགས་བརྗོད་ལས་འདས་སོ། །ཡང་ཉ་མཚོ་ཁྲ་འགུ་དགོན་དུ་ཚོང་ལ་སོང་བ་འགའ་ཡར་འོང་ལམ་ནས་བན་རྒན་ཞིག་ཐོན་བྱུང་བ་སེམས་དཀར་དགོན་དུ་འགྲོ་དགོས་ཟེར་བ་ལ་སྔོ་ཆོག་དགོན་པའི་ཉེ་སྐོར་སློབ་ཚེ། རྫ་མ་ནག་པོ་ཞིག་ཡིད་པ་དེར་དབྱུགས་པ་རྒྱབ་པས་དུམ་བུར་བྱས་ཏེ། གསང་ཆེན་ལ་སྡང་བའི་དགྲ་བོ་ཚར་གཅོད་ཟིན་ཟེར་ནས་ཡལ་སོང་། དེར་ཁོང་ཚོ་དགོན་ནང་ལ་སླེབ་ཚེ་གསང་སྔགས་རྙིང་མའི་བསྟན་པ་ལ་སྡང་ཞིང་སྨད་པའི་རིགས་མང་པོ་ནང་དམེར་སོང་བར་གྲགས། ཡང་སྐབས་ཤིག་སིདྡྷི་ ༼ སི་ཏུ་དཔྱད། ༽ ཆོས་འབྱུང་པ་གྲོ་བཞེས་མཛད་ནས་བཞུགས་སྐབས། བསྟན་སྲུང་ཆེན་པོ་ནས་བྱུ་རུ་སྒོ་ནས་མི་ཐར་བ་ཞིག་ཁྱེར་ན་ཅི་སྦྱིན་ཟེར་བ་ལ་སིདྡྷི་ ༼ སི་ཏུ་དཔྱད། ༽བས་དཔལ་སྤུང་གཙོས་མདོ་ཁམས་ཐམས་ཅད་ཁྱོད་ལ་སྦྱིན་གསུངས་པས། ཁོ་ཡུད་ཀྱིས་མེད་སོང་། སླར་བྱུ་རུ་ཁང་ཁྱིམ་དུ་མི་ཤོང་བ་ཁྱེར་བྱུང་བ་གང་ནས་ཁྱེར་འོང་གསུངས་པས་སྡེ་དགེའི་གཡང་མཛོད་ནས་ཁྱེར་བ་ཡིན་ཟེར་བའི་ཚེ། སིདྡྷི་༼ སི་ཏུ་དཔྱད། ༽རིན་པོ་ཆེའི་མི་ཕོད་ཕར་ཁྱེར་སོང་གསུངས་པས་བྱུ་རུའི་སྡོང་བོའི་ཡལ་ག་འདོམ་གང་བཅག་ནས་ཕུལ་ཏེ། གཞན་ཕར་བཞག་ནས་སྐུ་མདུན་དུ་བྱུང་ཚེ། མདོ་ཁམས་ཐམས་ཅད་ཀྱི་སྲུང་མར་བསྐོས་སོ། །ཡོང་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེའི་བཀའ་འབངས་གྲྭ་བ་གཉིས་བོད་དུ་རིན་པོ་ཆེས་སོང་གསུངས་པས་སོང་ཚེ། །ཡར་ལམ་བར་ཞིག་ནས་གཅོད་པ་ཞིག་བྱུང་བ་མཉམ་དུ་སོང་བས་ཤ་ཆང་ཞོ་ཐུད་མར་རྩམ་པ་ཇ་དར་གོས་སོགས་ཅི་དགོས་ཡུད་ཀྱིས་ཁྱེར་འོང་བ་འདུག་པ་ཅི་ཡིན་སྙམ་པ་བྱུང་ཚེ། །ཁོ་བོ་འདོད་དགུའི་གཏེར་ལ་སྤྱོད་པ་ཡིན་ཏེ། །ཁྱོད་ཚོ་སྐྲག་མི་དགོས་ཟེར་བཞིན་ཡར་ལྷ་སར་སླེབ་ཚེ་རྡོ་རིང་ཆེན་པོའི་དྲུང་ནས་ཁྱོད་གཉིས་ངོར་ནས་ཆོས་ཞོག་འཕྲལ་འདིར་ཤོག་དང་། ཁོ་བོ་འདིར་ཐོན་འོང་ཟེར་ནས་རང་རང་བྱེར་སོང་བས་གྲྭ་བ་གཉིས་ནས་ཆོས་ཞོག་འཕྲལ་ལ་མར་རྡོ་རིང་གི་རྩར་སླེབ་ཚེ། །དེར་ཐེ་ཚོམ་ཞིག་བྱུང་ཚེ་འཕྲལ་དུ་བན་རྒན་སླེབ་བྱུང་བ། ཁྱེད་གཉིས་ལ་རྒྱུ་ནོར་ཆེན་པོ་སྟེར་དགོས་སམ། ཕ་ཡུལ་དུ་མྱུར་དུ་སླེབ་པར་དགོས་ཞེས་གསུངས་པ་ལས། ཁོང་གཉིས་ནས་ཕ་ཡུལ་དུ་མྱུར་དུ་སླེབ་པར་དགའ་བཤད་པའི་ཚེ། འོ་ན་ཁྱེད་གཉིས་སོང་བསམ་པའི་དོན་འགྲུབ་ཁོ་བོ་ནི་ས་སྐྱ་གོང་ན་ལས་དོན་ཆེན་པོ་ཞིག་འདུག་པས་མི་འདུག་ཐབས་མེད་པ་བྱུང་། ཁོ་བོའི་སྟོང་གསུམ་ལན་མང་དུ་བསྐོར་ཡོད་ཟེར་ནས་རླུང་འཚུབ་ཞིག་གི་ནང་དུ་ཡལ་སོང་། ཁོང་གཉིས་ནས་གཅོད་པ་མཚར་བོ་ཡིན་ཟད་མེད་གཏེར་ལ་སྤྱོད་ཚད། ཕ་ཡུལ་དུ་མྱུར་དུ་སླེབ་ཅིག་ཟེར་བ་ཅི་ཡིན་བཤད། དགོང་མོ་ཇ་བསྐོལ་ནས་ཉལ་བསྡད། གཉིད་སད་ཚེ་ཁོང་དགོན་པའི་ཟམ་ཁ་ཉི་མ་སེར་གྱི་ལེ་ཤར་འདུག་པར་བཞག་འདུག་པ་སྐྲག་ནས་མཁྱེན་བརྩེ་རིན་པོ་ཆེའི་མདུན་དུ་སོང་ནས་ཅི་ཡིན་དྲིས་པས། ཡ་སྐྲག་མི་དགོས། དཀོར་སྲུང་ཡིན་ཁྱེད་གཉིས་ཀྱི་གྲོགས་ལ་མངགས་པ་ཡིན་གསུངས། ཡང་དགེ་བསྙེན་པདྨ་བསྟན་སྲུང་འཁྲུངས་ཡུལ་གྱི་ཁྱིམ་སྒྱོག་བརྟགས་གྲོང་མགོ་ཚང་ཟེར་བར། དུས་ད་སྐབས་ཁྱིམ་གྱི་ཀ་བ་ལ་གནས་ཡོད་ཟེར་བར། མི་ཆ་མེད་ཀྱིས་རེག་པ་དང་ཁ་རླངས་སོགས་ཀ་བ་ལ་ཕོག་ན་རྟགས་མྱུར་དུ་སྟོན་པ་ཡང་ཡོད། ཁྱིམ་ལ་སྐར་ཁུང་ཞིག་ཡོད་པ་རྒྱུན་ལྡན་བྱོན་ལམ་ཡིན་ཟེར་ནས་ཕྱེ་འདྲ་བྱེད་དགོས། ཡང་སྒྱོག་བརྟགས་ཟེར་བ་གྲོང་བའི་གཙོ་བོ་ཁྱིམ་ཚང་གཅིག་ལ་གནས་ཚུལ་ནི། བཟའ་ཚང་ཐམས་ཅད་ཀྱི་དངོས་ཅན་རིག་རྒྱུ་ཡོད་པ་ཕན་བཏགས་གནོད་སྐྱེལ་མི་ཆ་མེད་ཀྱི་མཐོང་རྒྱུ་ཡོད།


previousརྒྱལ་བའི་ཕྲིན་ལས་ཆེན་པོའི་རྟོགས་བརྗོད་ཐབས་མཁས་རྣམ་རོལ།next