Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྔགས་བསྲུང་ཤ་ཟའི་རྒྱལ་མོའི་མངའ་གསོལ་བསྡུས་པ་ཕྲིན་ལས་དཔལ་ཕྲེང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྔགས་བསྲུང་ཤ་ཟའི་རྒྱལ་མོའི་མངའ་གསོལ་བསྡུས་པ་ཕྲིན་ལས་དཔལ་ཕྲེང་།next

སྔགས་བསྲུང་ཤ་ཟའི་རྒྱལ་མོའི་མངའ་གསོལ་བསྡུས་པ་ཕྲིན་ལས་དཔལ་ཕྲེང་།

སྔགས་བསྲུང་ཤ་ཟའི་རྒྱལ་མོའི་མངའ་གསོལ་བསྡུས་པ་ཕྲིན་ལས་དཔལ་ཕྲེང་བཞུགས་སོ༔

བྷྱོ༔ ལྷ་ཡི་ཡུལ་ལ་དབང་བསྒྱུར་བས༔ ཀུན་གྱིས་སྐྱེ་བརྒྱུད་བདག་མོར་གསོལ༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ བསྐྱེད་པའི་མ་ལྟར་མངའ་གསོལ་ལོ༔ ཀླུ་ཡི་ཡུལ་ལ་དབང་བསྒྱུར་བས༔ ཨ་ཕྱི་དུང་སྐྱོང་ལྷ་མོ་ཞེས༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཆེ་ཞེ་ཆེན་པོར་མངའ་གསོལ་ལོ༔ བཙན་གྱི་ཡུལ་ལ་དབང་བསྒྱུར་བས༔ སྲིང་མོ་ཆེན་མོ་མུ་ཁ་ལེ༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ གདུང་བའི་སྲིང་ལྟར་མངའ་གསོལ་ལོ༔ བདུད་ཀྱི་ཡུལ་ལ་དབང་བསྒྱུར་བས༔ དཔའ་མོ་ཁྲག་གི་རལ་བ་ཅན༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ དགྲ་གསོད་ཤན་པ་མངའ་གསོལ་ལོ༔ སྟོབས་ཆེན་ཡུལ་ལ་དབང་བསྒྱུར་བས༔ བླ་དྭགས་ཤནྟིཾ་ཆེན་མོར་ཆགས༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ འཚོ་བྱེད་སྨན་དུ་མངའ་གསོལ་ལོ༔ གཤིན་རྗེའི་ཡུལ་ལ་དབང་བསྒྱུར་བས༔ ཚེ་འཕེལ་འོད་ཟེར་འབར་མ་ཞེས༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཚེ་དང་སྲོག་ལྷར་མངའ་གསོལ་ལོ༔ མི་ཟད་གཏེར་ལ་དབང་བསྒྱུར་བས༔ འགྲོ་བའི་དབུལ་སེལ་ནོར་རྒྱུན་ཞེས༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ནོར་དང་གཏན་ལྷར་མངའ་གསོལ་ལོ༔ སྲིད་གསུམ་དབང་དུ་མཛད་པའི་ཚེ༔ རིག་བྱེད་དབང་ཕྱུག་ཆེན་མོ་ཞེས༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ འགུགས་བྱེད་ལྕགས་ཀྱུར་མངའ་གསོལ་ལོ༔ སྒྲུབ་སྡེ་ཆེན་པོ་ལ་བཞུགས་ཚེ༔ སྲིད་པ་མ་མོའི་ཚོགས་བདག་རྗེ༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཡི་དམ་ལྷ་རུ་མངའ་གསོལ་ལོ༔ ཆོས་འཁོར་གཉན་པོ་བསྲུང་བའི་ཚེ༔ བསྟན་པ་སྐྱོངས་བར་ངས་ནུས་ཞེས༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ དཀོར་རྟེན་བདག་མོར་མངའ་གསོལ་ལོ༔ ཞིང་བཅུ་ཐབས་ཀྱིས་སྒྲོལ་བའི་ཚེ༔ དྲག་རྩལ་ཤ་ཟ་ཧོར་མོ་ཞེས༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཤུགས་སྒྲོལ་མཚོན་ཆར་མངའ་གསོལ་ལོ༔ ཆོས་ཀྱི་དབྱིངས་སུ་རོ་གཅིག་ཚེ༔ བདེ་ཆེན་ཀུན་ཏུ་བཟང་མོ་ཞེས༔ དེ་བཞིན་རྣལ་འབྱོར་བདག་གིས་ཀྱང་༔ ཆོས་ཉིད་ཆོས་སྐུར་མངའ་གསོལ་ལོ༔ ངེས་ཤེས་ཐུན་མིན་ཐོབ་པ་ན༔ ཤུགས་ཀྱིས་གུས་པས་མངའ་གསོལ་བས༔ བསྲུང་མ་གཉན་པོ་དབུ་འཕང་བསྟོད༔ མ་གཡེལ་མ་འཁུ་མ་ལྡོག་པར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཀྱང་ག་གཱས་སོ། །ཀྱཻ༔ རྒྱལ་ཀུན་ཡུམ་གྱུར་ཕ་རོལ་ཕྱིན༔ ཤ་ཟ་ཧོར་མོའི་རྣམ་རོལ་ཅན༔ འཁོར་བཅས་འདིར་གཤེགས་མཆོད་གཏོར་བཞེས༔ ཕྲིན་ལས་རབ་འབྱམས་བསྒྲུབ་མཛོད་ཅིག༔ ཅེས་ཀྱང་དགོན་བསོའི་ངོར་ག་གཱས་སོ། །༈ གསོལ་མཆོད་བཞུགས༔ བྷྱོཿབྷྱོ༔ སྐུ་གསུམ་དབྱིངས་བཞུགས་མཁའ་འགྲོའི་སྤྱི་གཟུགས་མོ༔ དམ་ཚིག་འཇིག་རྟེན་ལས་དབང་ཤ་ཟའི་གཙོ༔ མ་མོ་མཁའ་འགྲོ་ཀུན་འདུས་ཧོར་མོ་ཆེ༔ སྤུན་དགུ་འཁོར་དང་བཅས་ལ་གུས་པས་བསྟོད༔ ཆེ་བཙན་འགྲན་བྲལ་མྱུར་མགྱོགས་དྲག་རྩལ་ལྡན༔ སྟོབས་དང་ཡོན་ཏན་ནུས་མཐུ་སྲིད་ན་འཕགས༔ སངས་རྒྱས་བསྟན་སྲུང་རྣལ་འབྱོར་ཡོངས་ཀྱི་མགོན༔ བསྟན་དགྲའི་གཤེད་མ་ཁྱེད་ལ་མངོན་པར་བསྟོད༔ ཅེས་ཀྱང་ག་གཱས་སོ། །བྷྱོ༔ རྒྱལ་ཀུན་ཡུམ་གྱུར་ཤེས་རབ་ཕ་རོལ་ཕྱིན། །གདུལ་བྱའི་དོན་དུ་དྲག་མོའི་སྐུར་སྟོན་པ། །སྔགས་བསྲུང་རྒྱལ་མོ་ཤ་ཟ་ཧོར་མོ་ཆེ། །སྤྲུལ་འཁོར་སྲས་དང་བཅས་ལ་ཕྱག་འཚལ་བསྟོད། ཁྱོད་ནི་བསམ་བཞིན་སྲིད་པའི་ཚུལ་བཟུང་བས། །སུས་ཀྱང་འགྲན་བྲལ་དབང་བཅུའི་རང་དབང་གི །རེ་འབྲས་མཐའ་དག་སྐོང་བའི་ཐུགས་བསྐྱེད་བཞིན། །བདེན་པས་མངོན་མཚན་ད་ལྟ་བསྟན་དུ་གསོལ། །ཅེས་ཀྱང་ག་གཱས་སོ། །༈ ཡང་ཅིག་ཕྲིན་ལས་བཅོལ་བ་ནི༔ ཀྱཻ༔ སྔགས་བསྲུང་ཤ་ཟའི་རྒྱལ་མོ་འཁོར་དང་བཅས༔ ཁྱོད་ནི་སྲིད་པ་མ་མོའི་དཀྱིལ་འཁོར་གཙོ༔ འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་གཏེར༔ བསྟན་དང་རྣལ་འབྱོར་བསྲུང་མར་མངའ་གསོལ་ལོ༔ བདག་གི་མི་ནོར་ཆོས་འཁོར་དཀོར་ལོངས་སྤྱོད༔ ཁང་ཁྱིམ་གནས་གཞི་ཡོ་བྱད་གྲྭ་སློབ་མཆེད༔ གཉེན་བཤེས་ཕ་ཚན་ཡུལ་སྡེ་འཁོར་དཔུང་གཡོག༔ ཁྱོད་ལ་བཅོལ་ལོ་གཉེར་གཏད་ཡལ་མ་འདོར༔ དགྲ་སོད་རྐྱེན་བཟློག་ནད་གདོན་འཇིགས་ཀུན་སྐྱོབས༔ འདོད་དོན་དཔལ་འབྱོར་ཡེ་ཤེས་ཡོན་ཏན་བསྐྱེད༔ འཇིག་རྟེན་གསུམ་གྱི་བློ་ཡིད་ཟས་ནོར་བསྡུས༔ མདོར་ན་འདི་ཕྱིའི་རེ་སྨོན་ཡོངས་གྲུབ་མཛོད༔ ཅེས་ཀྱང་ནམ་མཁའ་རང་འདོད་ལྟར་བྲིས་པའོ། །ཡང་ཧོར་མོའི་གསོལ་མཆོད་ཕྲིན་བཅོལ་བསྡུས་པ་འདི་ལྟར་རོ༔ ཀྱཻ༔ སྔོན་ཚེ་སྤྱི་དཔལ་འཇིག་རྟེན་གསུམ་མགོན་ཀྱི༔ ཆུ་སྐྱེས་ཞལ་ལས་སྤྱན་རས་ཟེའུའི་རྩེར༔ སྙིང་རྗེའི་རླན་འཁྲུངས་གསུངས་མཐོན་དབུགས་དབྱུང་ལས༔ དེ་ནས་ཕྱིར་ཞིང་ཕྲིན་ལས་མཐར་རྒྱས་མཛད༔ སྣ་ཚོགས་ཡུམ་ཁྱོད་གདུལ་བྱ་འདུལ་དབང་གིས༔ དུས་ཀྱི་མར་གཤམ་ཤ་ཟའི་རོལ་གར་བསྒྱུར༔ ཁམས་གསུམ་ས་དགུ་འདུལ་མཛད་སྤུན་དགུ་དང་༔ ཞིང་བཅུ་དབང་མཛད་ཐབས་ལྡན་རྣ་ཁུ་མ༔ དྲེགས་བྱེད་ཆོས་དགུ་སྟོན་པའི་འཁོར་བཅས་ལ༔ བསང་དང་གཏོར་མ་ཛ་གད་ཨ་མྲ་ཏ༔ ཞིང་ཁམས་གཞལ་ཡས་གདན་དང་གདག་པའི་རྒྱན༔ བགོ་བའི་གོས་སྣ་ཀ་ཆ་དཀོར་ནོར་རིགས༔ ཟས་སྣ་ཁྱད་འཕགས་བཞུ་བ་དེ་ལྡོག་གྱི༔ རཏྣ་གྲངས་མེད་མདོས་མདངས་སྐུ་མཁར་དངོས༔ གོ་ཆ་དམག་ཆས་མཐུན་པ་ནལ་བུའི་ཤ༔ མཛེས་བཀྲག་མེ་ཏོག་སིལ་འཕྲེང་ལ་སོགས་པ༔ དངོས་བཤམས་ཡིད་སྤྲུལ་ཏིང་འཛིན་གྱིས་སྤེལ་སྦྱངས༔ རྣལ་འབྱོར་གུས་ཤིང་དོ་གལ་གྱིས་མཆོད་དོ༔ དགྱེས་བཞེས་འཁྲུགས་སྐོངས་དམ་ཚིག་དང་བླང་ནས༔ རབ་འབྱམས་ཕྲིན་ལས་གང་གསོལ་ཁྱོད་ཀྱིས་བསྒྲུབ༔ བཀའ་དང་དམ་ལ་མ་འདའ་ས་མ་ཡཱ༔ ཨོཾ་རཀྨོ་མ་ཧཱ་ཀྲོ་ཏི་ས་མ་ཡ་སརྦ་པཱུ་ཛ་ཁཱ་ཧི༔ ཅེས་ཀྱང་ག་གཱ་ཨ་བྷྱེ་ནས་སོ། །༈ གསོལ་མཆོད་བསྡུས་པ་ནི༔ བྷྱོ༔ རྒྱལ་ཀུན་ཡུམ་གྱུར་ཕ་རོལ་ཕྱིན༔ ཁྲོས་པའི་ཚུལ་བསྟན་ཤ་ཟ་ཆེ༔ འཁོར་དང་བཅས་པ་ཐམས་ཅད་ལ༔ གསེར་སྐྱེམས་གཏོར་མའི་མཆོད་པ་འབུལ༔ ཐུགས་དམ་གཉན་པོ་དགྱེས་སྐོངས་ལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་ཀྱང་ཤི་ལ་ཤྲཱི་བས་ངོར་ག་གཱས་སོ། །


previousསྔགས་བསྲུང་ཤ་ཟའི་རྒྱལ་མོའི་མངའ་གསོལ་བསྡུས་པ་ཕྲིན་ལས་དཔལ་ཕྲེང་།next