Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།

1 occurrence of འཆར་སྐྱེམས་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
སྔགས་སྲུང་ཤ་ཟ་ཧོར་མོའི་མངའ་གསོལ་རྡོ་རྗེའི་ཚིག་རྐང་།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousསྔགས་སྲུང་ཤ་ཟ་ཧོར་མོའི་མངའ་གསོལ་རྡོ་རྗེའི་ཚིག་རྐང་།next

སྔགས་སྲུང་ཤ་ཟ་ཧོར་མོའི་མངའ་གསོལ་རྡོ་རྗེའི་ཚིག་རྐང་།

སྔགས་སྲུང་ཤ་ཟ་ཧོར་མོའི་མངའ་གསོལ་རྡོ་རྗེའི་ཚིག་རྐང་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ ཨེ་མ་ཧོ༔ འཕགས་བཞི་བསྐྱེད་ཡུམ་ཤེས་རབ་ཕ་རོལ་ཕྱིན༔ ཕྱག་རྒྱ་ཆེན་པོའི་རྣམ་རོལ་ཝ་ར་ཧི༔ འབུམ་ཕྲག་མཁའ་འགྲོའི་དབང་མོ་ཁྲོས་མ་ནག༔ ངོ་བོ་ཡེ་ཤེས་མཆོག་ཁྱོད་མངའ་གསོལ་ལོ༔ དབྱིངས་ཀྱི་རྗེ་མོ་ཨེ་ཀ་ཙ་ཊི་མ༔ དཔལ་ལྡན་འདོད་ཁམས་དབང་མོ་དེ་ཝི་ཤྲཱི༔ གང་འདུལ་ཐབས་ཀྱིས་གར་བསྒྱུར་རེ་མ་ཏི༔ རྣམ་འགྱུར་ཅིར་ཡང་སྤྲུལ་ཁྱོད་དབུ་འཕང་བསྟོད༔ པདྨའི་དམ་འཛིན་ཤ་ཟ་ཧོར་མོ་ཞེས༔ སླར་ཡང་གསེར་མོ་ལྗོངས་སུ་སྐལ་ལྡན་གྱི༔ གདུལ་བྱ་འདུལ་སྐྱོང་བསྟན་པའི་ཐ་ཚིག་ཅན༔ སྤུན་དགུའི་དབུ་འཕང་ཆོས་ཀྱི་དབྱིངས་སུ་བསྟོད༔ ཁྱོད་ནི་ཤ་ཟ་ཀུན་གྱི་སྤྱི་རྗེ་མོ༔ ཁྱོད་ནི་སྲིད་པ་གསུམ་གྱི་སྲོག་གི་བདག༔ ཁྱོད་ནི་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ༔ མཉམ་མེད་སྟོབས་རྩལ་ལྡན་པར་དབུ་འཕང་བསྟོད༔ ཁྱོད་ནི་དུར་བདག་ཡོངས་ཀྱི་སྤྲུལ་གཞི་ལ༔ ཁྱོད་ནི་ལྟས་ངན་ཐན་གྱི་བདག་མོ་སྟེ༔ ཁྱོད་ནི་མ་མོ་ཀུན་གྱི་མ་ཆེན་མོ༔ སྲིད་ཞིའི་ཨ་ཕྱི་མཆོག་ཏུ་མངའ་གསོལ་ལོ༔ བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྐྱོངས་མ་ལ༔ རིག་འཛིན་རྣལ་འབྱོར་དམ་ལྡན་དཔུང་གཉེན་གཅིག༔ ལིང་ཤོར་བསྟན་དགྲ་སྒྲོལ་བའི་གིང་ཆེན་མོ༔ ཕྲིན་ལས་ཐོགས་མེད་རྡོ་རྗེར་མངའ་གསོལ་ལོ༔ གྲིབ་བཞིན་འགྲོགས་ནས་ཐུགས་རྗེས་སྟོངས་མཛད་དེ༔ གཞན་ཕན་བྱང་ཆུབ་སེམས་ཀྱི་གཏེར་བུམ་བཟང་༔ འདོད་དགུའི་དངོས་གྲུབ་སྩོལ་བའི་དཔག་བསམ་ཤིང་༔ རིན་ཆེན་ནོར་བུའི་རྒྱལ་པོར་མངའ་གསོལ་ལོ༔ སྡུག་ཀུན་གཅོང་ནད་ཞི་བ་བདུད་རྩི་སྨན༔ ཉེ་རིང་ཆགས་སྡང་མི་མངའི་མུན་སེལ་ཉི༔ སྐྱེ་དགུའི་བརྟན་གླིང་གྱུར་པའི་འབྱུང་བ་ཆེ༔ ཀུན་ཕན་ཐུགས་རྗེའི་མཛོད་དུ་མངའ་གསོལ་ལོ༔ གསང་སྔགས་རྡོ་རྗེ་སྙིང་པོའི་གཉེར་འཛིན་ཅིང་༔ རང་དམ་བྲོ་བོར་ཐུགས་དམ་རྗེས་བཞེས་ཏེ༔ གཙུག་ལག་ཆོས་འཁོར་གཉན་པོའི་དཀོར་གྱི་བདག༔ མ་བཅོལ་སྐྱོབས་གདུགས་ཁྱོད་ཀྱི་དབུ་འཕང་བསྟོད༔ རྣམ་བྱང་བྲལ་སྨིན་སྤང་རྟོགས་མཐར་ཕྱིན་གྱིས༔ ཇི་ལྟར་པདྨོ་ཆུས་མི་ཆགས་པ་བཞིན༔ སྲིད་ལས་འདས་ཀྱང་སྲིད་པའི་ཚུལ་བསྟན་མཛད༔ ཐབས་ཀྱི་ཕ་རོལ་ཕྱིན་ཁྱོད་མངའ་གསོལ་ལོ༔ དེ་ཕྱིར་དེང་འདིར་རྣལ་འབྱོར་ཉམ་ཆུང་གིས༔ དཀོར་གྱི་བདག་པོར་ཁྱོད་ནི་མངའ་གསོལ་ལོ༔ རེ་བའི་སྐྱབས་སུ་ཁྱོད་ནི་མངའ་གསོལ་ལོ༔ ནོར་དང་གཡང་ལྷར་ལྷ་ཁྱོད་མངའ་གསོལ་ལོ༔ ཟས་དང་གཏན་ལྷར་ཁྱོད་ནི་མངའ་གསོལ་ལོ༔ ཕྲིན་ལས་གྲོགས་སུ་ལྷ་ཁྱོད་མངའ་གསོལ་ལོ༔ དཔའ་བོའི་དགྲ་བླར་ཁྱོད་ནི་མངའ་གསོལ་ལོ༔ ལུས་ཀྱི་ལྷ་རུ་ཁྱོད་ནི་མངའ་གསོལ་ལོ༔ སྲོག་གི་རྫི་འུར་ཁྱོད་ནི་མངའ་གསོལ་ལོ༔ དབང་ཐང་འཕན་ལྷར་ཁྱོད་ནི་མངའ་གསོལ་ལོ༔ ཁ་རྗེ་བཀྲག་ལྷར་ཁྱོད་ནི་མངའ་གསོལ་ལོ༔ ལམ་སྟོན་སྒྲོན་མེར་ཁྱོད་ནི་མངའ་གསོལ་ལོ༔ ཁྱིམ་དང་ཐབ་ལྷར་ཁྱོད་ནི་མངའ་གསོལ་ལོ༔ མགོན་དང་དཔུང་དུ་ཁྱོད་ནི་མངའ་གསོལ་ལོ༔ལམ་གྲོགས་ཕྱག་རྒྱར་ཁྱོད་ནི་མངའ་གསོལ་ལོ༔ དབུ་སྐྱོབས་རྨོག་ཏུ་ཁྱོད་ནི་མངའ་གསོལ་ལོ༔ ལུས་སྐྱོབས་ཁྲབ་ཏུ་ཁྱོད་ནི་མངའ་གསོལ་ལོ༔ ལྷག་སྐྱོབས་གོས་སུ་ཁྱོད་ནི་མངའ་གསོལ་ལོ༔ ཀྱཻ༔ ཁྱོད་ལ་འཇིག་རྟེན་སྲིད་ལས་འདས་པ་ཡི༔ དབང་ཕྱུག་དབང་བཅུ་མངའ་བའི་ངེས་དངོས་སུ༔ ངེས་ཤེས་ཚིག་གི་བསྟི་སྟངས་དང་བཅས་ཏེ༔ ཟིང་ཟིང་སྤྱན་གཟིགས་མཆོད་པས་མངའ་གསོལ་ལོ༔ དོན་འགྱུར་དོན་མི་འགྱུར་བའི་སོམ་ཉིས་འཕྲང་༔ ལིང་བཀལ་མིན་པའི་ཁ་གསགས་བརྗོད་པའི་སྒྲོས༔ ལས་ཀྱི་གཞན་དབང་གྱུར་པའི་བརྙེས་དམོད་སོགས༔ གཡོ་སྒྱུ་མེད་པའི་སེམས་ཀྱིས་མངའ་གསོལ་ལོ༔ དེ་ཕྱིར་རྣལ་འབྱོར་བདག་ལ་གྲིབ་བཞིན་འཁོར༔ རྟག་ཏུ་ལེགས་པའི་མགོ་འདོན་ཁྱོད་ཀྱིས་མཛོད༔ ནད་སོལ་རྐྱེན་བཟློག་ཚེ་བསོད་དཔལ་འབྱོར་སྤེལ༔ ཁམས་གསུམ་དབང་བསྡུད་སྲིད་གསུམ་ཟིལ་གྱིས་ནོན༔ གནོད་བྱེད་མིང་གི་ལྷག་མར་མེད་པ་དང་༔ དམ་ཆོས་བྱང་ཆུབ་བསྒྲུབ་པའི་མཐུན་རྐྱེན་སྦྱོར༔ བཅོལ་པའི་ཕྲིན་ལས་མ་ལུས་ཁྱོད་ཀྱིས་མཛོད༔ བཀའ་དམ་མ་འདའ་བཛྲ་ས་མ་ཡཱ༔ ཅེས་གཏོར་མ་མཆོད་པར་ཕུལ། །འདི་ཡང་ག་གཱ་ཨ་བྷྱེ་ཡིས། །བཀའ་དྲིན་ཆོད་ནས་ཡིད་ཆེས་དང་། །ངེས་པ་ཐོབ་སྟེ་མངའ་གསོལ་གྱིས། །དབུ་འཕང་ཆོས་དབྱིངས་བསྟོད་པའོ། །དགེའོ། །སརྦ་མངྒ་ལཾ། །


previousསྔགས་སྲུང་ཤ་ཟ་ཧོར་མོའི་མངའ་གསོལ་རྡོ་རྗེའི་ཚིག་རྐང་།next