Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྔགས་བསྲུང་ཤ་ཟ་ཧོར་མོའི་དོན་གསོལ་མ་མོའི་གད་རྒྱངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྔགས་བསྲུང་ཤ་ཟ་ཧོར་མོའི་དོན་གསོལ་མ་མོའི་གད་རྒྱངས།next

སྔགས་བསྲུང་ཤ་ཟ་ཧོར་མོའི་དོན་གསོལ་མ་མོའི་གད་རྒྱངས།

སྔགས་བསྲུང་ཤ་ཟ་ཧོར་མོའི་དོན་གསོལ་མ་མོའི་གད་རྒྱངས་ཞེས་བྱ་བ་བཞུགས་སོ༔

བྷྱོ༔ སྲིད་པའི་ཤ་ཟ་ཆེན་མོ་ཁྱོད༔ མ་ནི་སྙིང་པོའི་གནས་ལུགས་ཡིན༔ མོ༵་ནི་འཁོར་འདས་གནས་ལུགས་ཡིན༔ མ༵་ནི་མ་བཅོས་ཀུན་གྱི་གཞི༔ མོ༵་ནི་གཞི་ལ་ཅིར་ཡང་སྲིད༔ མ༵་ནི་རྒྱ་ཆད་ཕྱོགས་ལྷུང་མེད༔ མོ༵་ནི་ཀུན་འབྱུང་བྱང་ཆུབ་སེམས༔ ཆོས་ཉིད་ཀུན་ཁྱབ་མ་མོ་ཆེ་ཧོ༔ མ༵་ནི་སེམས་མེད་ཆོས་ཀྱི་དབྱིངས༔ མོ༵་ནི་སྲོག་མེད་སྤྱན་ལྔའི་བཀྲ༔ ཆེ་ཞེ་རྐང་མེད་མཁའ་ལ་འགྲོ༔ རྟོགས་པ་ཡེ་ཤེས་མ་མོ་ཆེའོ༔ འབྱུང་ལྔ་གཞི་ཡི་མ༵་ཞེས་བྱ༔ བསྐྱེད་བྱེད་བརྟན་གཡོ་མོ༵འི་རྒྱུད་འཁྲུངས༔ ཡེ་ནས་མ་ཤེས་ཡེ་ཤེས་ཡིན༔ འབྱུང་བཞི་སྤྱི་ཡིས་ཆེན་མོ་ཧོ༔ དངོས་པོ་ནང་གི་མ༵་ཞེས་བྱ༔ ཤ་ཁྲག་དྲོད་དབུགས་མོ༵་ཞེས་ཡུམ༔ ཤེས་པས་སྲིད་འབྱུང་མཁའ་འགྲོ་ཡིན༔ རྒྱུ་ལུས་ནང་གི་མ་ཆེན་མོ་ཧོ༔ མི་སྲིད་སྲིད་པར་བརྫུ་ཐབས་སུ༔ ཀུན་འཕྲུལ་སྒྱུ་མ་ཁ་མིག་མེད༔ མདུན་དུ་མི་འགྲོ་རྒྱབ་དུ་འཁྱོལ༔ སེམས་ནི་ཀུན་སྲིད་མ་མོ་ཆེ་ཧོ༔ ཡུལ་གྱིས་སེམས་ལ་བདེ་སྡུག་འདུན༔ དེ་ཡིས་ལུས་ལ་ཕན་གནོད་རྐྱེན༔ གཡས་སུ་མི་དགའ་གཡོན་ལ་འདར༔ ཕན་གནོད་ཡུལ་གྱི་མ་མོ་ཆེའོ༔ ཡིད་ཟས་དྭངས་བླངས་མཐུ་བརྟས་ནས༔ ཉོན་མོངས་དུག་ལྔའི་ལས་བསགས་ཀྱང་༔ ལམ་འགོགས་སྲོག་ནི་ལྕགས་ལ་བླ༔ ཕན་གནོད་ནང་གི་མ་མོ་ཆེའོ༔ རྩ་བ་མ་ཆོད་ཡལ་གར་རྩེས༔ མཆོད་རྟེན་མ་བཀུར་ལྡོག་པས་བརྫིས༔ དེ་ལས་ཁ་བྲག་ལམ་དུ་འཁྱར༔ ཕན་གནོད་གསང་བའི་མ་མོ་ཆེའོ༔ རྩ་ལ་ཞོན་ནས་ཁྲག་ལ་རྒྱུ༔ དོན་སྙིང་ཡན་ལག་དབང་པོར་བདག༔ འབྱུང་འཇུག་དྭངས་སྙིགས་ལས་བྱེད་པས༔ འཇུག་ཤེས་བར་གྱི་མ་མོ་ཆེའོ༔ དྭངས་སྙིགས་ལུས་སེམས་ཟུངས་བྱེད་དེ༔ བཅོ་བརྒྱད་ཁམས་ཀྱི་སྐད་མེད་མའི༔ སླར་ཡང་ལ་ཝའི་ཆོས་སྐད་མཐོ༔ གསང་བ་ཁམས་ཀྱི་མ་མོ་ཆེའོ༔ ཁྱད་པར་འཇིག་རྟེན་ལས་གཟུགས་ཀྱི༔ བལྟ་ཞིང་དགོད་ལ་རེག་པས་འཁྱུད༔ བདེ་དགའི་དུས་སྟོན་ཕྱག་རྩེར་གཏོད༔ ཕྱག་རྒྱ་རཱ་ཏིའི་མ་མོ་ཆེའོ༔ རི་རབ་རྩེ་སོགས་གནས་གསུམ་ནས༔ ཕྲ་མེན་གར་གྱིས་རྐེད་མེད་ཁྲོ༔ རབ་འབྱམས་ལས་ལ་རང་བྱན་ཚུད༔ ཕྲིན་ལས་མྱུར་མཛད་མ་མོ་ཆེའོ༔ མདོར་ན་འཁོར་འདས་གཡོ་འགྱུར་ཀུན༔ ཡེ་ཤེས་མ་མོའི་གར་སྟབས་ཡིན༔ ཡུལ་གྱི་བརྡ་སྒྲ་ཚངས་དབྱངས་ཀུན༔ ཆོས་ཉིད་མ་མོའི་གད་རྒྱང་ཡིན༔ རྟོགས་རིག་ཉམས་དང་བློ་སྣང་ཀུན༔ བདེ་ཆེན་མ་མོའི་སྦྱོར་སྒྲོལ་ཡིན༔ བྱ་བྱེད་འབྱུང་དུས་འཁོར་ལོ་གང་༔ ཅིར་ཡང་མ་མོའི་མི་མཛད་མཛད༔ སྲིད་ཞིའི་སྒོ་ཚུལ་བརྗིད་བག་བསྐྱང་༔ དབང་ལྡན་མ་མོའི་མཚར་སྡུག་བཞད༔ ནད་རིམས་ཁྲག་དང་ཁྲམ་ཚོན་གྲུ༔ དམ་ཚིག་མ་མོའི་ཆོ་འཕྲུལ་གཟེ༔ ལྟས་ངན་བྱོལ་སོ་གོད་འབྱུང་འཁྲུགས༔ འཇིག་རྟེན་མ་མོའི་མཐུ་སྟོབས་ཡིན༔ དུས་འཁྲུགས་མཚོན་བསྐལ་མུ་གེ་སོགས༔ བྱས་ཉེས་མ་མོའི་གདུག་རྩུབ་ཡིན༔ ཆོས་སྲིད་དབང་ཐང་དགོས་འདོད་དགུ༔ བསྟན་སྲུང་མ་མོའི་དངོས་གྲུབ་ཡིན༔ དེ་ཕྱིར་དོན་མཐོང་དབུ་འཕང་བསྟོད༔ མཆོད་བརྟེན་གུས་པའི་བྱིན་རླབས་ཀྱིས༔ ཆོ་འཕྲུལ་ནད་དལ་རང་ལ་བསྡུས༔ ཡེ་ཤེས་པ་ཁྱོད་རང་སར་བཞུགས༔ སངས་རྒྱས་བསྟན་དང་བསྟན་འཛིན་སྐྱོངས༔ ཀླ་ཀློ་གདུག་པའི་བསྟན་པ་བསྣུབས༔ རྣལ་འབྱོར་བདག་གི་ཕན་སྐྱོབས་མཛོད༔ དམ་ལ་མ་འདའ་ས་མ་ཡཱ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ འདི་ཚར་རེ་གཏོན་ན་དུས་ངན་གྱི་ནད་རིམས་ཐམས་ཅད་ཆད་དོ༔ ཤ་ཟ་ཧོར་མོ་དངོས་ཀྱིས་རྨི་ལམ་དུ་ག་གཱ་ཨ་བྷྱེ་ལ་གནང་ངོ་། །མངྒ་ལཾ། །


previousསྔགས་བསྲུང་ཤ་ཟ་ཧོར་མོའི་དོན་གསོལ་མ་མོའི་གད་རྒྱངས།next