Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞིང་སྐྱོང་དུར་ཁྲོད་ལྷ་མོའི་ཕྱག་རྒྱ་ཁམས་གསུམ་དབྱིངས་སྒྲོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞིང་སྐྱོང་དུར་ཁྲོད་ལྷ་མོའི་ཕྱག་རྒྱ་ཁམས་གསུམ་དབྱིངས་སྒྲོལ།next

ཞིང་སྐྱོང་དུར་ཁྲོད་ལྷ་མོའི་ཕྱག་རྒྱ་ཁམས་གསུམ་དབྱིངས་སྒྲོལ།

ཞིང་སྐྱོང་དུར་ཁྲོད་ལྷ་མོའི་ཕྱག་རྒྱ་ཁམས་གསུམ་དབྱིངས་སྒྲོལ་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །གང་ཞིག་རྣལ་འབྱོར་དམ་ལྡན་པས༔ དུར་ཁྲོད་བདག་མོ་བསྒྲུབ་འདོད་པས༔ གནས་ནི་དུར་ཁྲོད་རྩུབ་འགྱུར་ཚལ༔ ཡང་ན་འཁྲུགས་རྩོད་ཆེ་བའི་ཤུལ༔ ཤིང་ཡང་ཚེར་མ་ཅན་མང་ཞིང་༔ ངམ་འབྲོག་བཟོད་པར་དཀའ་བའི་སར༔ སྟེགས་བུ་གྲུ་བཞི་མཉམ་པ་ལ༔ ཐིག་གདབ་ཆོ་ག་རྒྱས་པ་སོགས༔ ཡོད་ཀྱང་བསྡུ་ན་མཚོན་པ་ཙམ༔ ཐིག་ཚོན་རོ་རས་སམ་རྒྱུས་ཆེན་ལ༔ བྱས་ནས་སྤྱི་ལྟར་དམ་ཡེ་གདབས༔ དེ་ནས་བྲི་བ་གཞལ་ཡས་ཁང་༔ བྷནྡྷའི་རྩིག་པ་དཀར་བོ་བྱ༔ དཀྱིལ་གྱི་ལྟེ་བ་གྲུ་གསུམ་ལ༔ སྒོ་བཞིན་རྟ་བབས་བཞི་ལྡན་ནོ༔ ཕྱོགས་བཞི་མཚམས་བརྒྱད་དུར་ཁྲོད་དང་༔ མེ་ཕྲེང་ལ་སོགས་ཆས་རྫོགས་བྱ༔ དེ་སྟེང་གཙོ་མོའི་གཏོར་མ་ནི༔ ཟུར་གསུམ་དམར་ནག་བརྗིད་པ་ལ༔ འཁོར་དུ་རང་འདྲ་བཞི་ཡི་མཐར༔ ཕྱེད་ཚད་ལོང་བ་བརྒྱད་ཀྱིས་བསྐོར༔ འཚོགས་ན་ལྷ་ཀླུ་ཕྱོགས་སྐྱོང་དང་༔ གནས་བསྲུང་རིག་འཛིན་ཐམས་ཅད་ལ༔ མཚོན་བྱེད་བྷ་ལིང་ཆུང་བ་བཀོད༔ དེ་ནས་རང་ཉིད་ཡི་དམ་ནི༔ གསང་བའི་བདག་པོའི་སྙེམས་འཆང་ལ༔ ཧཱུྃ༔ མདུན་དུ་མེ་རླུང་ཁྲག་མཚོའི་དཀྱིལ༔ བཀོད་པ་ཕུན་ཚོགས་དུར་ཁྲོད་དུ༔ རབ་འཇིགས་ཐོད་མཁར་གྲུ་གསུམ་ནི༔ དྲག་པོ་རོལ་པའི་གཞལ་ཡས་དབུས༔ པདྨ་ཉི་མ་རོ་གདན་ལ༔ བྷྱོ་ཡིག་དམར་པོའི་འཕྲོ་འདུ་ལས༔ བསྟན་དགྲ་མ་ལུས་ཚར་གཅད་དེ༔ སྲིད་པའི་མ་མོའི་གཟི་བྱིན་བསྡུས༔ ཡོངས་གྱུར་ལྷ་མོ་ངན་ནེ་མ༔ ཞལ་གཅིག་ཕྱག་གཉིས་འདོར་སྟབས་བསྒྲད༔ ཁྲོ་གཉེར་ཆུ་བོའི་རླབས་བཞིན་གཡོ༔ དབུ་སྐྲའི་བསྐལ་མེ་གྱེན་དུ་འབར༔ ཕྱག་གཡས་དགྲ་སྙིང་དྲོན་མོ་ཟ༔ གཡོན་པས་བྷནྡྷར་དགྲ་ཁྲག་གསོལ༔ སྐུ་སྟོད་ཞིང་ཆེན་གཡང་གཞིའི་དཀྲིས༔ སྐུ་སྨད་སྟག་གི་ཤམ་ཐབས་ཅན༔ རྐེད་ལ་གླང་ཆེན་གོ་རློན་གྱོན༔ མིག་ནས་ཉི་མའི་འོད་ཟེར་འཕྲོ༔ ཞལ་ནས་ཨེ་བྷྱོའི་འབྲུག་སྟོང་བཞད༔ རྣོ་དབལ་མཆེ་བ་མན་དུ་གཙིགས༔ སྤྱན་གསུམ་སྟོང་གསུམ་དུས་གཅིག་གཟིགས༔ སྡང་མིག་ཕྱོགས་བཅུའི་བགེགས་ལ་གཟིར༔ ཚེམས་ཕྲེང་རྣོ་དབལ་རྡོ་རྗེ་ཡིས༔ སྲིད་པ་གསུམ་པོ་ཟ་བར་བྱེད༔ མི་མགོ་སྐམ་པོའི་དབུ་རྒྱན་དུ༔ དབྱིངས་ཀྱི་ཡུམ་ལྔ་རིགས་བདག་ཁུར༔ དབུ་སྟེང་ཐོད་སྐམ་རྡོ་རྗེའི་མཚན༔ སྙན་ལ་ཉི་ཟླའི་ཝ་མིག་མཛེས༔ མི་མགོ་རློན་པས་མགུལ་འཁོར་ཅན༔ ཙིཏྟ་སྙིང་གི་ཕོ་ལུང་འཕྱང་༔ སྦྲུལ་རིགས་ལྔ་ཡིས་ཡན་ལག་བརྒྱན༔ ཁྲག་འཛག་པ་དང་གཅན་གཟན་གྱི༔ མགོ་དང་ཡན་ལག་དོ་ཤལ་ལ༔ རུས་པའི་ཕྲེང་པས་དྲྭ་ཕྱེད་བརྒྱན༔ མིག་མཁལ་མཚེར་བས་མཆོད་ཕྱིར་ཏོག༔ སྐུ་ལ་བསྐལ་པའི་མེ་ཆེན་འབར༔ ཤངས་ནས་དུས་མཐའི་རླུང་ནག་འཚུབ༔ དར་དཔྱང་རཏྣས་ཕྱོགས་སུ་འཕུར༔ སྒེག་ཅིང་མཛེས་ལ་རྔམས་ཤིང་བརྗིད༔ ཤར་དུ་རྟོག་མེད་པད་ཉིའི་སྟེང་༔ སྐུ་ཡི་ལྷ་མོ་བརླག་བྱེད་མ༔ ཕྱག་ན་མེ་ལོང་དགྲ་སྙིང་འཛིན༔ ཞབས་གཉིས་གཡས་བསྐྱང་དོར་སྟབས་འགྱིང་༔ གཤིན་རྗེར་པད་ཉི་དབུགས་བྲལ་སྟེང་༔ ཡོན་ཏན་ལྷ་མོ་འཇོམས་བྱེད་མ༔ ཕྱག་གཉིས་ནོར་འཛིན་ཙིཏྟ་འཕྱར༔ གཡས་གཡོན་བརྐྱང་བསྐུམ་དོར་སྟབས་འགྱིང་༔ ཆུ་བདག་པད་ཉི་དགྲ་བགེགས་སྟེང་༔ གསུང་གི་ལྷ་མོ་ཕུང་བྱེད་མ༔ གཡས་གཡོན་པདྨ་སྙིང་རྒྱལ་མཚན༔ གཡས་བསྐུམ་གཡོན་བརྐྱང་གར་སྟབས་ཅན༔ གནོད་འཛིན་པད་ཉི་རྒྱ་གྲམ་སྟེང་༔ ཕྲིན་ལས་རྡོ་རྗེ་གསོད་བྱེད་མ༔ རལ་གྲི་འཕྱར་ཞིང་ཏིར་ཆུང་འཆང་༔ གཡོན་བརྐྱང་གཡས་བསྐུམ་དོར་སྟབས་ཅན༔ ཕྱོགས་བཞི་དང་བཅས་མཚམས་བརྒྱད་དུ༔ ལྕམ་དྲྭལ་ཆེན་པོ་རྣམ་པ་བརྒྱད༔ གཡས་ནས་ཆོས་ཀྱི་བསྐོར་ཕྱོགས་ཀྱིས༔ མ་ངེས་ཆོ་རོལ་སྣ་ཚོགས་ཅན༔ ཀླུ་མོ་སྔོན་མོ་གདེང་ཀ་རྩེན༔ བདུད་མོ་ནག་མོ་ཁྲག་རལ་འབར༔ འདྲེ་མོ་དམར་མོ་མིག་སྟོང་བཀྲ༔ ཡཀྵ་ལྗང་མོ་ཁ་བརྒྱ་གདེངས༔ རོ་ལ་ཞོན་ནས་བློན་ཚུལ་འགྱིང་༔ ཀུན་ཀྱང་གཡས་པས་ལྕགས་ཀྱུ་དང་༔ ཞགས་པ་ལྕགས་སྒྲོགས་དྲིལ་བུ་འཛིན༔ གཡོན་པས་བྷནྡྷ་རཀྟ་གསོལ༔ དབང་ལྡན་ནས་ནི་བོན་སྐོར་དུ༔ སོ་སོ་རང་རང་ཕྱོགས་སྐྱོང་གཙོ༔ རྡོ་རྗེ་རཀྴས་གཟིག་ཆེན་ཞོན༔ རྡོ་རྗེ་རྨེ་རུས་བྷྱ་གྲི་ ༼ བྱ་གྷྲི་དཔྱད། ༽ ཡ༔ རྡོ་རྗེ་ར་མགོས་དྲེད་མོང་བཅིབས༔ རྡོ་རྗེ་ཟི་ར་ཤུགས་འཆང་ཅན༔ ཀུན་ཀྱང་གཡས་ན་མདུང་ཐུང་དང་༔ གཡོན་པས་སྦྲུལ་དང་ནད་ཞགས་འཁྱུག༔ ཕྱི་རིམ་དུར་ཁྲོད་གནས་བརྒྱད་དུ༔ མེ་ཆུ་ཤིང་སྤྲིན་མཆོད་རྟེན་ལ༔ གྲུབ་ཐོབ་ཕྱོགས་སྐྱོང་ཞིང་སྐྱོང་ཀླུ༔ ཕྲ་མེན་སྣ་ཚོགས་ཆོ་འཕྲུལ་བསྒྱུར༔ རྫུ་འཕྲུལ་ཞིང་བརྒྱ་དུས་གཅིག་བསྐོར༔ ལ་ལས་མཚན་མ་སྦེད་དང་ངོམས༔ ལ་ལས་རང་གི་ཁོག་འདྲལ་བལྟ༔ ལ་ལས་རང་གི་ནང་ཁྲོལ་ཟ༔ ལ་ལས་བཞིན་སྡུད་རལ་བསིགས་བལྟ༔ ལ་ལས་ཤ་ཟ་རྒྱུ་མ་འཐེན༔ ལ་ལ་གློག་གི་ལུས་པོ་ཅན༔ ལ་ལ་ན་བུན་མགོ་བོ་ཅན༔ ལ་ལ་ཡར་ཕྱེད་གདོང་ཕྱེད་ཀྱི༔ ལུས་གཅིག་མགོ་བརྒྱད་མགོ་གཅིག་ལུས༔ སྟོང་ལྡན་ཤ་མེད་ཀེང་རུས་འབར༔ སུས་ཀྱང་རྒྱུ་བར་མི་ནུས་པའི༔ མཐའ་འཁོར་དུར་བྱ་དུར་གཅན་མང་༔ མིག་འབྲུ་རྒྱུ་ལྟོ་ཤ་རུས་འཆའ༔ མེ་རིའི་རྭ་བ་བསྣོལ་མར་གཟེང་༔ དེ་ལྟར་ལྷ་ཚོགས་ཐམས་ཅད་ལ༔ བདག་ཉིད་ཡི་དམ་ཐུགས་ཀ་ནས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་གྱི༔ སྐུ་གསུང་ཐུགས་སུ་དབང་བསྐུར་ཞིང་༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ ཉི་ཤུ་རྩ་བཞིའི་གནས་མཆོག་དང་༔ ཧེ་རུ་ཀ་ཡི་གནས་བཅུ་དང་༔ དུར་ཁྲོད་བརྒྱད་དང་མེ་རི་འབར༔ དམ་ཚིག་རང་བཞིན་ལྷུན་གྲུབ་ཀྱི༔ གནས་ནས་ཡེ་ཤེས་སྤྱན་དྲངས་གྱུར༔ ཨོཾ་བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ སྲིད་པའི་ཡབ་ཡུམ་རོལ་བ་ལས༔ ཕྱི་སྣང་ཡུལ་གྱི་དུར་ཁྲོད་དུ༔ རུ་ཏྲ་བསྒྲལ་བའི་ཞིང་ཁམས་བྱུང་༔ གདུལ་བྱེད་ལས་ཀྱི་ངན་ནེ་མ༔ སྟོན་འཁོར་སྤྲུལ་སྐུའི་ཕུན་སུམ་ཚོགས༔ བར་དུ་གཟུང་འཛིན་རྒྱུན་འབྲེལ་བའི༔ རང་ལུས་ཞིང་གྱུར་དུར་ཁྲོད་དུ༔ རང་སེམས་ནང་གི་ངན་ནེ་མ༔ ཚོགས་བདུན་བརྒྱད་ཁྲིའི་འཁོར་གྱིས་བསྐོར༔ ཐ་མ་དོན་གྱི་དཔལ་མཚོ་རུ༔ ཡུལ་བརྒྱད་དག་པའི་དུར་ཁྲོད་བརྒྱད༔ རང་གྲོལ་རྒྱལ་མོ་ངན་ནེ་མའི༔ འཁོར་བ་དབྱིངས་སྒྲོལ་སྤྲུལ་བ་འབུམ༔ དེ་ལས་འགྱུར་བའི་ཟག་མེད་ཀྱང་༔ མ་རྟོགས་འཁོར་འདས་ཞེན་གོལ་གཟེབ༔ བསླུ་ཕྱིར་སྐྱེ་རྒྱུད་ཚུལ་བསྟན་ཏེ༔ རྡོ་རྗེ་ཐེག་པའི་བསྲུང་མ་ཆེས༔ ད་ལྟ་རྣལ་འབྱོར་སྐྱབས་བཅོལ་གྱི༔ མ་འགྱང་མ་གཡེལ་ད་ཚུར་བྱོན༔ བྷྱོ་ཨ་ར་ལ་ཤ་མ་ཤ་ན་དཱེ་ཝི་ན་མ་ཀ་ས་མུ་དྲ་ཕེཾ་ཕེཾ༔ ཨེ་ཧྱ་ཧི༔ ཅེས་ཚིལ་ཆེན་གྱི་བདུག་པས་བདུག་སྟེ༔ ཞིང་ཆེན་གྱི་གཡབ་མོའི་གཡབ༔ རྐང་ཆེན་གྱི་གླིང་བུའི་སྤྱན་འདྲེན་ཅིང་ཐིབས་ཀྱིས་བྱོན་པར་བསམ་ལ༔ བཞུགས་གསོལ་ཞུ་བ་ནི༔ ཧཱུྃ༔ ཁྱོད་ནི་རྒྱལ་བའི་བསྟན་སྲུང་སྟེ༔ ཆོས་སྐྱོངས་རྣལ་འབྱོར་སྐྱབས་སུ་ཆད༔ ང་ནི་རྒྱལ་བའི་རྗེས་འཇུག་པས༔ ཚུལ་བཞིན་བསྒྲུབ་པའི་གཉེར་བླངས་ཆད༔ དམ་ཚིག་གསང་བའི་གདན་སྟེང་དུ༔ མི་འབྲལ་གཏན་དུ་བཞུགས་པར་ཆད༔ གུས་པའི་བསྟི་སྟངས་གཙུག་ལག་ལ༔ རང་གཉིས་དམ་ཚིག་གཙིགས་པར་ཆད༔ ཆད་མ་བཙན་པོ་ཁྱོད་བྱོན་ན༔ རྟེན་ལ་བཞུགས་ཤིག་མཐུ་དཔུང་སྦྲེལ༔ བྷྱོ་ས་མ་ཡ་མནྜ་ལ་ཏིཥྛ་ཏིཥྛ་ཧོ༔ དེ་ནས་ཕྱག་འཚལ་བ་ནི༔ ཀྱཻ༔ ཞིང་སྐྱོང་མཁའ་འགྲོའི་དཀྱིལ་འཁོར་ལ༔ སྒོ་གསུམ་གུས་པ་ཆེན་པོ་ཡིས༔ བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ན་མོ་པཱུ་རུ་ཤ་ཡ་ཧོ༔ ཅེས་བརྗོད་དོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ ཡོན་ཆབ་བསིལ་བྱེད་མེ་ཏོག་མཛེས༔ དྲི་ཞིམ་སྤོས་དང་མར་མེ་དང་༔ བྱུག་པས་བདེ་བསྐྱེད་ཞལ་ཟས་སྣ༔ སྙན་པའི་རོལ་མོ་སྣ་ཚོགས་དང་༔ ཡིད་འོང་རྒྱལ་སྲིད་རིན་ཆེན་བདུན༔ དཔུང་བཞི་རུ་འདྲེན་འཁོར་གྱི་ཚོགས༔ ཁྱད་པར་སྤྱན་བཀྲའི་གནམ་རུ་དཀར༔ སྟག་གཟིག་དོམ་དྲེད་ཤེས་ལྡན་མི༔ འདབས་ཆགས་སྡེར་ཆགས་རྨིག་ཆགས་གཟུགས༔ བརྗིད་ལྡན་ཡོ་བྱད་མཛེས་པའི་རྒྱན༔ དགྲ་ཤ་ཁྲག་གི་རི་མཚོ་ཐང་༔ དྲག་པོའི་དབང་པོའི་མེ་ཏོག་དང་༔ དམ་རྫས་ནང་གི་ཉེར་སྤྱོད་སྣ༔ གཏོར་མ་ཡེ་ཤེས་བདུད་རྩི་སྐྱེམས༔ ཁང་ཁྱིམ་གནས་མལ་གཟིམ་ཆས་འཇམ༔ རཏྣའི་བང་མཛོད་རས་ཕྲུག་དར༔ བགོ་བའི་གོས་གསུམ་བྷནྡྷའི་སྣོད༔ སྐུ་གླུད་མདོས་མདོངས་ནམ་མཁའ་རྒྱང་༔ གོ་མཚོན་སྣ་ཚོགས་བྱིས་བམ་སྣ༔ ཕྱི་ལྟར་བདུད་རྩི་སྨན་རཀྟ༔ ནང་ལྟར་མཉམ་སྦྱོར་བདེ་བའི་རྒྱུ༔ གསང་བ་འགྲོས་ལྡན་དགའ་བའི་རོ༔ ཡང་གསང་མ་བཅོས་སྟོང་པའི་ཉམས༔ ཁོ་ན་ཉིད་ནི་བྱང་ཆུབ་སེམས༔ འཇིག་རྟེན་པ་དང་འཇིག་རྟེན་འདས༔ ལྷ་མོའི་ཐུགས་དམ་བསྐང་ཕྱིར་འབུལ༔ ཉེ་བར་གྱུར་བའི་དམ་ཚིག་མཆོག༔ བཞེས་ནས་རྣལ་འབྱོར་བདག་ཉིད་ལ༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ མ་སྲིང་ཚུལ་གྱིས་བྱམས་བརྩེའི་སྐྱོངས༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཏི་ར་དཱི་པ་པ་ཏི་སརྦ་རཏྣ་སརྦ་མཾ་ས་ཙིཏྟ་ཀོ་རོ་ཙ་ན་ཀེཾ་ནི་རི་ཏི་གཉྩ་པཉྩ་ཙ་ཁུག་བ་སུ་ཏ་རཱུ་པ་ནས། སྤརྴེ་ཨ་མྲ་ཏ་ར་ཏི་བྷ་ལིངྟ་རཱ་ག་སུ་ཁ་ཤུ་ནྱ་ཏ་ས་མ་ཏ་གྷ་ན་པཱུ་ཛ་ཁཱ་ཧི༔ ཞེས་བརྗོད་དོ༔ བསྟོད་པ་ནི༔ ཧཱུྃ་བྷྱོ༔ ཁྲོ་མེད་རྔམས་ཆེན་བྷ་ག་ཡངས་པ་ནས༔ དུས་གསུམ་རྒྱལ་བ་ཐམས་ཅད་རྟག་ཁྱབ་རོལ༔ གཟུང་འཛིན་རོ་རྐྱང་རྣམ་རྟོག་དབུ་མར་བསྣུབས༔ ཟ་བྱེད་དཀར་མོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཤེས་རབ་སྤྱན་སྟོང་བཀྲ་བས་འཁོར་འདས་ཆོས༔ མ་འདྲེས་ཡོངས་གཅོད་ལུགས་འབྱུང་རྟེན་འབྲེལ་ཚོགས༔ རྒྱུ་འབྲས་འདས་པའི་འཁྲུལ་འཁོར་གཅིག་གིས་ལྡོག༔ དམར་མོ་ཁྲག་འཐུང་མ་ལ་ཕྱག་འཚལ་བསྟོད༔ ཐབས་ཀྱི་ཕ་རོལ་ཕྱིན་པའི་གོ་ཆའི་སྦྱོར༔ སྲིད་ཞི་ཀུན་ནས་རིས་སུ་མ་ཆད་པར༔ འཇའ་ཚོན་བཞིན་བཀྲ་དགའ་བའི་མིག་འབར་མ༔ སེར་མོ་ཀུན་འཆིངས་མ་ལ་ཕྱག་འཚལ་བསྟོད༔ རྟག་ཏུ་གཉེན་པོ་ཡེ་ཤེས་རྡོ་རྗེ་དང་༔ ཤུགས་སྒྲོལ་ཤིང་རྟ་ཆེན་པོའི་ཁ་ལོར་ལྡན༔ མ་གོས་རོལ་རྩེད་ཁམས་གསུམ་མནར་མེད་སྒྲོལ༔ གསོད་བྱེད་ཀུན་འཇིགས་མ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཚོགས་བརྒྱད་མི་མངའི་དུར་ཁྲོད་ཆེན་པོ་བརྒྱད༔ རྣམ་ཐར་ཡོན་ཏན་བརྒྱད་ཀྱི་ཤིང་བརྒྱད་དང་༔ ཚད་མེད་བརྒྱད་ལྡན་ཐུགས་རྗེའི་སྤྲིན་བརྒྱད་དང་༔ འབྱུང་ལྡོག་དགའ་བ་བརྒྱད་ཀྱི་རིག་པ་འཛིན༔ གདུག་པ་བརྒྱད་དང་མི་དགེ་བཅུ་བཅོམ་པས༔ ཀླུ་དང་ཕྱོགས་སྐྱོངས་རྟོག་ཡུལ་སྤྲོས་བྲལ་གྱི༔ གནས་ཡུལ་དུར་ཁྲོད་བདག་མོའི་རྣམ་པ་ལ༔ བྱང་ཆུབ་ཕྱོགས་ཆོས་མཐར་ཕྱིན་གཞལ་ཡས་ཁང་༔ དབང་ཕྱུག་ཕུན་སུམ་ཚོགས་པའི་གདན་སྟེང་དུ༔ སྲིད་ལས་འདས་པའི་རལ་བ་གནམ་དུ་གཟེང་༔ འབྲས་བུ་མངོན་གྱུར་དབང་རྟགས་ཕྱག་རྒྱའི་མཛེས༔ ཐིག་ལེ་ཉག་གཅིག་མཚོན་པའི་ཞལ་གཅིག་པ༔ ཐབས་ཤེས་སྣང་སྟོང་བདེན་གཉིས་ཟུང་འཇུག་པའི༔ སྤྱན་དང་སྙན་ཤལ་ཤངས་ཀྱི་དབྱིབས་མཐོར་བཅས༔ དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྱག་ན་མོ༔ ཏན་གན་ཐབས་ཀྱིས་གཟུང་བའི་ཕྱག་མཚན་ཅན༔ སྲིད་ཞིའི་མཐའ་ལ་མི་གནས་དོར་སྟབས་ཞབས༔ ཆགས་མེད་རྣམ་པར་དག་པའི་སྐུ་མདོག་དམར༔ ཡེ་ཤེས་རང་རྩལ་རྫོགས་པའི་སྤྲུལ་འཁོར་འབུམ༔ རྫུ་འཕྲུལ་ཁྱབ་འཇུག་གནས་གསུམ་ཀུན་གྱི་བདག༔ བརྗོད་མེད་ཕ་རོལ་ཕྱིན་མངའ་ཁྱོད་ལ་བསྟོད༔ དེ་ནས་བཟླས་པ་བྱ་བ་ནི༔ ལྷ་མོ་འཁོར་དང་བཅས་བའི་ཐུགས་ཀར་ཉི་མའི་གདན་ལ་བྷྱོཿཡིག་དམར་པོའི་མཚན་པ་ལ་རྩ་བའི་སྔགས་ཀྱིས་བསྐོར་བར་བསྒོམ་ལ༔ བདག་ཡི་དམ་ཀྱི་ཐུགས་ཀའི་སྔགས་ཕྲེང་འཕྲོས་ཏེ་ཐིམ་པས་དམ་ཚིག་གཅིག་གིས་འབྲེལ་ཏེ་ཅི་བསྒོ་བའི་བཀའ་ཉན་ཅིང་གསུང་སྡོད་པར་བསམ་ལ༔ ཨོཾ་བཛྲ་ཤྨ་ཤ་ན་དཱེ་ཝི་ཙིཏྟ་སརྦ་ད་ན་ཨཱཿཧཱུྃ༔ ཅེས་བརྗོད་ལ་བཟླའོ༔ ཁྱད་པར་ལས་ལ་སྦྱར་བ་ལ༔ དུས་ཀྱི་སྤྱི་གནད་མ་མོ་མཐུན༔ ལས་ཚོགས་རིམ་པ་གཞན་དུ་ཤེས༔ ཁྱད་པར་དགྲ་ལ་རྦད་པའི་སྔགས༔ ཨ་སྟི་ར་དཱི་པ་པཱ་ཏི་དགྲ་ལ་ཡ་མི་ཁྱེ་རྒྱུག་རྒྱུག་བྷྱོ་ཛ་ཛ༔ ཅེས་སོ༔ ནོར་ཤོར་བའི་རྗེས་སུ་སྦྲན་པ་ནི༔ ཨ་སྟི་ར་དཱི་པ་ཏ་རི་ཏྲི་རྦད་རྦད་བི་ཤྭ་ཆོ་འཕྲུལ་སྟོན་ཡ་སྟོན་ཡ༔ བསད་པ་ལ༔ ཨ་ཤྨ་ཤ་ན་པ་ཏི་དགྲ་བགེགས་མ་ར་ཡ་སོད་སོད༔ ཅེས་བརྗོད་དོ༔ འདི་ནི་གཙུག་ལག་དཀོར་གྱི་བདག༔ བསམ་བཞིན་བཞེངས་པའི་མཛད་པ་ཅན༔ རྡོ་རྗེ་ཕག་མོ་ཉིད་ཡིན་གྱི༔ དྲེགས་པ་རང་རྒྱུད་མ་འཛིན་ཅིག༔ ས་མ་ཡཱ༔ དེང་སང་རྒྱུ་འབྲས་མི་ཤེས་པས༔ ཐུགས་རྗེ་ལྡན་པའི་ཡེ་ཤེས་པ༔ སྲིད་ཞི་ཀུན་ཁྱབ་མ་ཤེས་ཏེ༔ དེ་ལས་རང་རྒྱུད་མྱུར་རོ་སྐད༔ ཡེ་ཤེས་སྤྱན་དང་མངོན་ཤེས་དང་༔ རྫུ་འཕྲུལ་རྒྱ་མཚོའི་གཏེར་མཛོད་དེ༔ གལ་ཏེ་མྱུར་རྒྱུ་མ་ཡོད་ན༔ ཕྱོགས་གཅིག་ཡོད་པའི་འཇིག་རྟེན་པས༔ གཏན་གྱི་སྐྱབས་མགོན་མ་དགོས་པའི༔ གནས་སྐབས་འདོད་པའང་བསྒྲུབ་མི་ནུས༔ དབང་བཅུ་ཕུལ་བྱུང་མ་ཐོབ་པས༔ སྔོན་རབས་དམ་ཅན་བསྒྲུབ་པ་བཞིན༔ དེ་ཕྱིར་འདི་ནི་ཚུལ་བསྟན་པའི༔ གསལ་བརྟན་གྱད་འགྱུར་དགོས་པ་ལས༔ དོན་ལ་ཡེ་ཤེས་ལྷ་ཡིན་ཕྱིར༔ མཆོག་ཐུན་དངོས་གྲུབ་བདེ་བླག་འགྲུབ༔ དངོས་གྲུབ་ཆེ་དང་མྱུར་བ་གཉིས༔ སྟབས་གཅིག་པ་ལ་འདི་ཉིད་པས༔ རྣལ་འབྱོར་རྣམས་ཀྱིས་སྤྱི་བོར་ལོངས༔ ས་མ་ཡཱ༔ དུས་ཀྱི་གཞན་དབང་མ་གྱུར་རང་འདོད་བཞིན། །མཁྱེན་བརྩེ་ནུས་པའི་ཡོན་ཏན་མ་སྨད་ཅིང་། །བསླབ་གསུམ་རྒྱན་གྱིས་ལེགས་མཛེས་འགྲོ་བ་འདུལ། །རྡོ་རྗེ་རྒྱལ་མཚན་གསུང་གིས་དབུགས་དབྱུང་ལས། །གྲོང་སྔགས་རྒན་པོའི་བག་ཡངས་བློ་ཤོ་བསྐྱེད། །རང་གཞན་དོན་སླད་བསྡུ་བཞིའི་ཕྲིན་ལས་ལ། །བར་ཆད་ཉེར་འཚེའི་མཚན་མ་འདིའི་བསལ་ནས། །སྔོན་བྱོན་དམ་པའི་མཛད་པ་རྗེས་གྲུབ་ཤོག །ཅེས་ཀྱང་འོད་གསལ་རྫོགས་པ་ཆེན་པོའི་ཚིག་ཙམ་ལ་རྣལ་འབྱོར་དུ་བྱེད་པ་ག་གཱས་སོ། །དགེའོ། །དགེའོ། །དགེའོ། །


previousཞིང་སྐྱོང་དུར་ཁྲོད་ལྷ་མོའི་ཕྱག་རྒྱ་ཁམས་གསུམ་དབྱིངས་སྒྲོལ།next