Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་མཁའ་འགྲོ་ཆེན་མོའི་དབང་གི་ཆོ་ག་དམ་ཚིག་འཁོར་ལོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་མཁའ་འགྲོ་ཆེན་མོའི་དབང་གི་ཆོ་ག་དམ་ཚིག་འཁོར་ལོ།next

རྡོ་རྗེ་མཁའ་འགྲོ་ཆེན་མོའི་དབང་གི་ཆོ་ག་དམ་ཚིག་འཁོར་ལོ།

རྡོ་རྗེ་མཁའ་འགྲོ་ཆེན་མོའི་དབང་གི་ཆོ་ག་དམ་ཚིག་འཁོར་ལོ་ཞེས་བྱ་བ་བཞུགས་སོ༔

ཤྲཱི་བཛྲ་དཱེ་ཝི་ཀཱ་ལི་ན་མོ༔ དང་པོ་བསྒྲུབ་གཏོར་རིན་ཆེན་ལྔ༔ མཆོད་རྫས་གཙོ་བོ་ཤ་ལྔ་དང་༔ ལྷ་མོ་ལ་ནི་དགེ་སློང་ཤ༔ མི་དང་གྲི་རྒོད་ཤ་དབང་ལྔ༔ བདུད་རྩི་ལྔར་བཅས་གཡོག་མོ་ལ༔ རཀྟ་ནལ་བུ་མི་ཤའི་རྫས༔ གཏོར་མ་དེ་ལ་པད་རཀྟ༔ བྱུག་ཤིང་སྐྱེམས་ནི་ཆང་ཕུད་དོ༔ འབོད་རྫས་གཙོ་ལ་ཀོ་རོ་ཙ༔ དེ་བཞིན་གཡབ་དར་ཧསྟ་དང་༔ མི་ཚིལ་ཅོང་ཞི་སྤོས་ལྔ་བསྲེགས༔ གཡོག་ལ་དྲེད་མོང་རལ་བས་གཡབ༔ གུ་གུལ་མི་ཚིལ་བསྲེགས་གསུར་བདུག༔ མེ་ཏོག་མིག་དར་གསེར་ཐུར་དང་༔ རྡོ་རྗེ་རྩེ་ལྔ་དྲིལ་བུ་དང་༔ དབུ་རྒྱན་རིགས་ལྔ་ཡེ་ཤེས་སྐུ༔ ཁྲག་གྲི་ནེའུ་ལེ་ཧསྟ་དང་༔ སླག་ཆེན་རྡོ་རྗེ་ཌཱ་མ་རུ༔ ཁ་ཊྭཱྃ་ཁྲམ་བམ་ཆུ་གྲི་ཤྭ༔ དེ་དག་བུམ་པའི་དབང་ལ་དགོས༔ གསང་བར་བླ་མའི་བདུད་རྩི་དང་༔ མཚན་མས་གདབས་པའི་རིག་ཙཀ་བཅས༔ ཚོགས་བྱས་ཆོ་ག་གཞུངས་བསྲིང་སྟེ༔ སློབ་དཔོན་ཉིད་ཀྱིས་བསྙེན་ཁ་གསོ༔ དེ་ནས་དཀྱིལ་འཁོར་གཞུག་པ་དང༔ མེ་ཏོག་དོར་དང་ལྷ་ངོ་བསྟན༔ གཙོ་འཁོར་བུམ་དབང་བཞི་བཞི་དང་༔ གསང་ཤེར་མཐའ་བསྟན་ལས་རིམ་བསྡུས༔ ས་མ་ཡཱ༔ དེ་ནས་བདག་ཉིད་འཇུག་པའི་ཕྱིར༔ དངོས་གྲུབ་བླངས་པའི་སྔགས་འདི་བརྗོད༔ ཧཱུྃ༔ ཞི་ལ་གནས་ཀྱང་ཐུགས་རྗེས་གཟུགས༔ ལྷ་མོ་ཆེན་མོ་སྲིད་གསུམ་བདག༔ དེང་བདག་བསྲུང་མར་མངའ་གསོལ་ལ༔ དངོས་གྲུབ་དབུགས་དབྱུང་དབང་བསྐུར་སྩོལ༔ ཨ་མ་ཧཱ་ཀ་ལ་ཡཱ༔ དེ་ཝ་མ་ཧཱ་ཀཱ་ ༼ དངོས་གྲུབ་བླང་པ། བུམ་པའི་རྒྱ་ལག་གཉིས་སོར་རྩེ་བསྡུས་ཤིང་བཟླུམ་པའོ། ༽ ལ་རེ་མ་ཏི༔ ཀ་ཡ་ཝཀྐ་ཙཏྟ་སིདྡྷི་ས་མ་ཡ་ཕ་ལ་ཨཱ་བེ་ཤ་ཡ་ཨཱ༔ ཅེས་བརྗོད་པས་ལྷ་མོ་འཁོར་བཅས་ཞལ་འཛུམ་བག་གི་ཉམས་བསྟན་ནས་གནང་བ་སྦྱིན་པར་བསམ་མོ༔ དེ་ནས་ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམ་ལ༔ མེ་ཏོག་མིག་དར་བཀྱེ་བསྡུད་མཐར༔ འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་བྱ༔ དེའི་ཆེད་དུ་བསྟན་པ་ཡུན་དུ་གནས་པ་དང་༔ བསྟན་དགྲ་ཚར་གཅོད་པའི་ཕྲིན་ལས་ཀྱི་མཁའ་འགྲོ་ཆེན་མོ་བསྒྲུབ་པར་བྱ་སྙམ་དུ་སེམས་བསྐྱེད་འཚལ༔ དེ་ཡང་ལྷ་མོ་འདི་ནི་སངས་རྒྱས་གསུམ་གྱི་ཞབས་ལ་གཏུག་པ་དང་༔ ཚུར་བསྟན་དུ་དྲེགས་པའི་ཟོལ་མངོན་དུ་མཛད་པ་ཙམ་ལས༔ དོན་ལ་སངས་རྒྱས་ཀྱི་སྤྲུལ་བ་དང་༔ ཁོལ་མོ་ཡང་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཡིན་པས་ན༔ རྒྱུད་ལས༔ མཁའ་འགྲོ་ལྷ་མོ་ནག་མོ་འདིའི༔ བསྐལ་བ་མང་པོའི་སྔོན་རོལ་ནས༔ དུས་གསུམ་སངས་རྒྱས་ཞལ་མཐོང་སྟེ༔ དམན་པའི་ཞིང་འདིར་སྤྲུལ་སྐུ་ཡི༔ ལྷ་མོའི་ཚུལ་དུ་སྐུ་བསྟན་ནས༔ འགྲོ་བའི་དོན་ལ་རབ་ཏུ་བརྩོན༔ ཞེས་གསུངས་སོ༔ དེ་ལྟར་ན་དཀྱིལ་འཁོར་འདི་ལ་ཞུགས་ན༔ ངོ་བོ་ཡེ་ཤེས་པ་ཡིན་པས་མཆོག་དང་༔ རྣམ་པ་འཇིག་རྟེན་པར་བསྟན་པས་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་འགྲུབ་ཅིང་༔ ཡང་མའི་སྐྱེ་རྒྱུད་ཕྱག་རྡོར་གྱི་སྤྲུལ་པའི་རིགས་ལས་ཀྱང་སངས་རྒྱས་ཡིན་པར་གོར་མ་ཆགས་པ་དང་༔ འདོད་ཁམས་ཀྱི་གཙོ་མོ་ཡིན་པས༔ འདི་བསྒྲུབ་ནས་འགྲུབ་དུས་གཞན་ལ་ལས་མི་བྱེད་པའི་དབང་ཡང་མེད་པས༔ ཆུ་བརྒྱ་ཟམ་འོག་ཏུ་ཆུད་པའི་བསྲུང་མ་གཉན་པོ་འདིའི་དབང་བསྐུར་བ་དང་དམ་ཚིག་བསྲེ་བའི་དགོངས་གསོལ་ཞུ་བའི་ཡོན་དུ་ཞིང་ཁམས་ཕུལ་མཛོད༔ དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་བཟློས་མཛོད༔ ཧོ༔ བླ་མ་བཅོམ་ལྡན་གསང་བའི་བདག༔ བདག་ཅག་བསྒྲུབ་བརྩོན་སྐལ་བཟང་ལ༔ རྡོ་རྗེ་ཁྲོས་མ་ནག་མོ་ཡིས༔ དབང་བསྐུར་དམ་པ་སྩལ་དུ་གསོལ༔ ཞེས་གསུམ་མཐར་བླ་མས༔ ཨོཾ༔ གསང་སྔགས་དམ་ཚིག་དག་ལ་རག༔ ཁྱོད་ཀྱིས་དེ་དག་བསྲུང་ནུས་སམ༔ ཁྱད་པར་ལྷ་མོ་དཔོན་གཡོག་གི༔ ལྷག་པའི་དམ་ཚིག་བསྲུང་ནུས་སམ༔ ལྟ་ཞིག་ན་ནི་དབང་སྦྱིན་གྱི༔ ཁེ་ཉེན་དྲག་པས་སོམ་ཉིར་ཡོད༔ འོན་ཀྱང་དེ་བས་ལེགས་གཞིག་སྟེ༔ ད་ལྟ་ཉིད་དུ་དེངས་ཀྱང་རུང་༔ ཞེས་གསུངས་སློབ་མས༔ ཨེ་མ་དམ་ཚིག་རྨད་པོ་ཆེ༔ མེད་པར་མཁའ་འགྲོ་ག་ལ་འགྲུབ༔ དེ་བས་མགོན་པོས་གང་བསྒྲགས་པ༔ ཐམས་ཅད་མ་ལུས་བདག་གིས་བསྲུང་༔ དེ་ནས་སློབ་དཔོན་གྱིས༔ ཧོ༔ རྡོ་རྗེ་འཛིན་པའི་དམ་ཚིག་ཏུ༔ གསང་སྔགས་ཚུལ་ཁྲིམས་ཐམས་ཅད་བསྲུང་༔ ལྷ་མོའི་སྐུ་ཡི་དམ་ཚིག་ཏུ༔ བོང་བུ་ལ་བྱམས་མདོངས་འཆིང་ཞིང་༔ མེ་ལ་དགའ་བསྐྱེད་ཡི་དམ་བཅའ༔ ཕྱག་རྒྱ་སྤངས་པར་མི་བྱའོ༔ ལྷ་མོའི་གསུང་གི་དམ་ཚིག་ཏུ༔ བཟླས་བྱ་ཞིང་གི་སྣོད་ཀྱང་ཐོགས༔ འཚུབས་མར་རྒྱབ་སྟོན་རྐེད་གཅོད་མིན༔ གུང་ལ་ཕྱག་རྒྱ་བསྒོམ་སྟེ་བསྟོད༔ ལྷ་མོའི་ཐུགས་ཀྱི་དམ་ཚིག་ཏུ༔ ཡུག་ས་མོར་བྱམས་ཆགས་པ་སྤྱད༔ རྟག་ཏུ་བུ་མོ་གཙང་མ་བརྟེན༔ ཟླ་མཚན་ཅན་ལ་གསང་མཆོད་འབུལ༔ ཁོལ་མོའི་སྐུ་ཡི་དམ་ཚིག་ཏུ༔ ནལ་ཕྲུག་གུས་མཆོད་སྐུ་གཟུགས་འཆང་༔ གསུང་ལ་སྲོག་འདྲེན་རྒྱུན་གཏོར་མཆོད༔ གཞན་དང་ཁ་འཕྲོ་བསྲེ་བ་མིན༔ ཕྲེང་བ་མི་བསྟན་བྱད་མི་འཚོས༔ ཁས་བླངས་མི་ཡོལ་ཕུད་ཉམས་སྤངས༔ རྡོ་སོར་ཆུ་ལ་བསྐྱར་མི་བྱ༔ ཁོལ་མོའི་ཐུགས་ཀྱི་དམ་ཚིག་ཏུ༔ ནལ་ཕྲུག་ཡོད་པའི་སྦྲུམ་མ་ལ༔ མེ་ཏོག་གཏོང་ཞིང་བྱམས་པར་བྱ༔ བརྔན་བསྒྲངས་མ་ཡིན་ཟླ་མཚན་བླངས༔ ལྷ་སྔགས་ཕྱག་རྒྱ་མི་བསྟན་ནོ༔ མཚན་མ་རྡོ་སོར་ཞུ་བས་བྱུག༔ བྱ་ནག་ལུག་ནག་རྒྱུན་དུ་འཆང་༔ དེས་ནི་དངོས་གྲུབ་ངེས་པར་འཐོབ༔ ཅེས་བསྒྲགས་སོ༔ དེ་ནས་སློབ་མ་གཞུགས་པ་ནི༔ ཨོཾ་སྭ་བྷ་ཝ༴ ཧཱྃ་ལས་རྡོ་རྗེ་རྩེ་ལྔ་ཉིད༔ཡོངས་གྱུར་སྐད་ཅིག་དྲན་རྫོགས་སུ༔ སློབ་མ་དཔལ་ལྡན་གནོད་འཛིན་མཐིང་༔ ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས༔ ཕྱག་གཉིས་རྡོ་རྗེ་སྦྲུལ་ཞག་སྡོམ༔ཞབས་གཉིས་འགྱིང་བག་དོར་སྟབས་ཅན༔ མདུན་དུ་ལྷ་མོ་ནག་མོ་དང་༔ དེ་དྲུང་གཡོག་མོ་རེ་མ་ཏི༔ འཁོར་དུ་མ་མོ་འབུམ་གྱིས་བསྐོར༔ གཙོ་འཁོར་རྣམས་ཀྱི་གནས་གསུམ་ལས༔ འོད་འཕྲོས་ཆོས་དབྱིངས་ཕོ་བྲང་དང་༔ རི་རབ་རྩེ་ནས་རང་བཞིན་གྱི༔ དཀྱིལ་འཁོར་རྟེན་བཅས་སྤྱན་དྲངས་གྱུར༔ ཞེས་གཞུང་གི་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད་པ་དང་བཅས་བྱས་ལ་དེ་ལ་བཏགས་ནས་སྔར་གྱི་གཏོར་མ་ཕུལ་ལམ༔ ཡང་བསྡུ་ན་རོལ་མོ་དང་བཅས༔ གཡབ་དར་གྱིས་གཡབ༔ འབོད་རྫས་ཀྱིས་བདུག༔ དམ་རྟགས་ཀྱི་ཕྱག་ ༼ ལྕགས་ཀྱུ་དང་བཅས་ ༽རྒྱ་བསྟན་ལ༔ ཨོཾ་མ་ཧཱ་ཀ་ལི་མནྚ་ལ་མ་ཏྲེཿ ཨཱ་གཙྪ་ཡཿ པྲ་བེ་ཤ་ཡཿ པྲ་བེ་ཤ་ཡཿ ཏིཥྛ་ཏིཥྛཿ ཨ་བ་ལོ་ཀ༔ ཨ་བ་ལོ་ཀི་ཡེ༔ ཧཱུྃ་ཛ༔ ཞེས་དང་༔ གནད་ལ་དབབ་པའི་སྔགས༔ ཨོཾ་ཙནྜ་མ་ཧཱ་རོ་ཥ་ན་ཧཱུྃ་ཕཊ་ས་མ་ཡ་སྭ་ཐ་རུ་རི་རོ་རི་ཙ་པ་ལ་ཨ་ཤུག་མེ་ས་མ་ཡ་པྲ་ཐ༔ ཁ་མུནྟྲ་ཏྲ་མ་ཡ་མ་ཏནྚི་པྲ་ཡོ་ག་སིདྡྷི་ས་མ་ཡ་པྲ་ཐཱ༔ ཨ་བེ་ཤ་ཡ༔ ཞེས་སྤྱན་དྲངས༔ ཨོཾ་མ་ཧཱ་ཀ་ལི་མ་མ་ས་མ་ཡ༔ ཤི་ཏི་ཏིཥྛ་སྟྭཾ༔ མ་ཧཱ་ཀཱ་ལི་ཨ་བེ་ཤ་ཡ༔ རེ་མ་ཏི་ས་མ་ཡ་བེ་ས༔ ཞེས་གདན་བསྟབས༔ ༼ པད་རྒྱ། ༽ ཨ་མཥྚ་བི་མ་ཧཱ་ཀཱ་ལི་རེ་མ་ཏི་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་གཏོར་མ་འབུལ་ལོ༔ དམ་ཚིག་བསྲེ་བའི་སྔགས་ནི༔ མ་མ་ས་མ་ཡཱ༔ མ་ཧཱ་ཀ་ལི་ས་མ་ཡ༔ མ་ཧཱ་ཀཱ་ལི་ཀ་ཡ་ས་མ་ཡ༔ མ་ཧཱ་ཀ་ལི་ཝཀྐ་ས་མ་ཡཱ༔ མ་ཧཱ་ཀ་ལི་ཙིཏྟ་ས་མ་ཡ༔ མ་ཧཱ་མུ་དྲ་ཀ་པ་ལ་ཧཱུྃ༔ ཞེས་པའི་མཐར༔ ཚིག་བཞིའི་བསྟོད་དོ༔ ཨོཾ་སུ་པྲ་ཏིཥྛ་བཛྲ༔ ཞེས་བརྗོད་པས་དམ་ཚིག་གི་འཁོར་ལོ་ལ་ཆུ་ལ་ཆུ་བཞག་པ་ལྟར་འདྲེས་པར་བསམ་ལ༔ ཧོ༔ དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞི་ནས༔ ཚད་མེད་རྣམ་པར་ཐར་བའི་སྒོ༔ རང་ངོ་ཤེས་ནས་དད་པས་ཞུགས༔ ཡེ་ཤེས་ལྔ་བོ་མངོན་གྱུར་ཤོག༔ ཅེས་བརྗོད་དཀྱིལ་འཁོར་དུ་བཅུག་ལ༔ ཧོ༔ རིགས་བརྟགས་ལྷ་རྫས་མཆོད་པ་འདི༔ སྔོན་འབྲེལ་ལྷ་ཚོགས་འཁོར་བཅས་ཀྱིས༔ བཞེས་ནས་རྟགས་དང་མཚན་མའི་མཐུའི༔ གང་བསྒྲུབ་དངོས་གྲུབ་བདག་ལ་སྩོལ༔ བཛྲ་པུཥྤེ་ཧཱུྃ༔ ཞེས་དོར་བས་ཐུགས་ཀར་ཐུགས་ཀྱི་དངོས་གྲུབ་ཕྱག་རྡོར་འགྲུབ༔ སྤྱི་བོར་སོགས་གནས་ལྔར་ལྷ་མོའི་གསང་བ་དེ་དང་དེའི་དངོས་གྲུབ༔ ཡན་ལག་ལ་རེ་མ་ཏིའི་དངོས་གྲུབ་མྱུར་དུ་འགྲུབ་པོ༔ ཧོ༔ མིག་དར་མ་རིག་ལིང་ཐོག་མཚོན༔ ལས་ཀྱི་ལྷ་མོའི་ཕྱག་རྒྱས་བསལ༔ཆོས་ཉིད་དོན་གྱི་ལྷ་མོ་དང་༔ མཇལ་ནས་རོལ་སྙོམས་གདེངས་ཐོབ་ཤོག༔ དེ་ནས་ལྷ་ངོ་བསྟན་པ་ནི༔ ཧཱུྃ༔ སྟོང་ཉིད་ཆོས་སྐུ་ནམ་མཁའ་ཡེ་ཤེས་ལྔ༔ སྤྲུལ་པའི་ཕྱག་རྒྱ་ལྷ་མོའི་མཚན་མར་སྣང་༔ མཁའ་ལ་འཇའ་འདྲ་རང་བཞིན་ག་ལ་ཡོད༔ སྙིང་རྗེའི་དབང་གིས་འགྲོ་དོན་བྱེད་པ་ན༔ མདོར་ན་སངས་རྒྱས་སྤྲུལ་པའི་དཀྱིལ་འཁོར་ཡིན༔ ཁོལ་མོ་བྱང་ཆུབ་སེམས་དཔའི་སྤྲུལ་བའོ༔ མཚན་མའི་བདུད་མོ་སྲིན་མོ་དངོས་མིན་གྱི༔ དད་པ་སྐྱེད་ལ་ཡི་དམ་འདིར་མཛོད་ཅིག༔ ཅེས་བྱའོ༔ དེ་ནས་བུམ་དབང་དངོས་གཞི་ལས༔ དང་པོ་ཕྱག་ན་རྡོ་རྗེའི་དབང་༔ རྡོ་རྗེ་རྩེ་ལྔ་གཏད་ནས་སུ༔ ཧཱུྃ༔ གསང་བའི་བདག་པོའི་སྟོབས་བཅུའི་དབང་༔ རྫོགས་བྱེད་རྡོ་རྗེའི་རྩེ་ལྔ་འདིའི༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཆོས་བདུན་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་ཤེས་རབ་དྲིལ་བུ་གཏད་ལ༔ ཧཱུྃ༔ གསང་བའི་བདག་པོའི་ཕྲིན་ལས་འབར༔ ཐབས་ཤེས་ཟུང་འཇུག་དྲིལ་བུ་འདིའི༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འགྲོ་དོན་ཡོངས་གྲུབ་མཐུ་ཐོབ་ཤོག༔ ཨ་བཛྲ་གྷཎྜེ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་དབུ་རྒྱན་གྱིས་དབང་ནི༔ ཨ་ཏྲཾ༔ གསང་དབང་ལག་ན་རྡོ་རྗེ་ཡི༔ ཡོན་ཏན་ལྷུན་རྫོགས་དབུ་རྒྱན་འདིའི༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དྲེགས་པ་ཚར་གཅོད་མཐུ་ཐོབ་ཤོག༔ ཨོཾ་རཏྣ་ཨ་ལཾ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་བ་རིགས་ལྔ་ཡེ་ཤེས་ལྔའི་དབང་ནི༔ ཧཱུྃ༔ གསང་དབང་ལག་ན་རྡོ་རྗེ་ཡི༔ རིགས་ལྔའི་སྐུ་ལ་ཡེ་ཤེས་བརྟེན༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འབྲས་བུ་མངོན་གྱུར་དངོས་གྲུབ་སྩོལ༔ ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་ལྷ་མོའི་དབང་བཞི་ནི༔ ཧཱུྃ་ཧེ་རན་ཉི་ཤུའི་བྷནྡྷ་འདིས༔ རྒྱུད་དྲུག་སྡུག་བསྔལ་ཁྲག་མི་འཕེལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྦྱོར་བའི་ལས་ལ་དབང་ཐོབ་ཤོག༔ཨ་བཛྲ་རཀྟ་ཨ་རཱ་ག་ཨ་བྷི་ཥིཉྩི་ཧཱུྃ༔གཉིས་པ་ནི༔ ཧཱུྃ༔ མེ་ལྕེའི་ཕྲེང་ལྡན་རལ་གྲི་འདིས༔ བདུད་ཀྱི་གཡུལ་བཟློག་སྐྱེ་ཤི་གཅོད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བ༔ སྒྲོལ་བའི་ལས་ལ་དབང་ཐོབ་ཤོག༔ ཨ་བཛྲ་མ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་ནི༔ ཧཱུྃ༔ སྣ་ཚོགས་རིན་ཆེན་ཆར་འབེབས་པའི༔ ནོར་སྐྱུག་འདོད་དགུ་འབྱུང་བའི་གཏེར༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ རྒྱས་པའི་ལས་ལ་དབང་ཐོབ་ཤོག༔ ཨ་བཛྲ་རཏྣ་པུཥྚཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་བ་ནི༔ ཧཱུྃ༔ རོལ་གར་ཅིར་ཡང་སྤྲུལ་པའི་སྐུ༔ ཚུལ་སྒོའི་དབང་ཕྱུག་ཧསྟ་ཀ༔ དབང་ལྡན་ཡིད་འོང་རྨ་བྱ་གཞོན༔ རྫུ་འཕྲུལ་རྐང་བཞིའི་བོང་བུ་དམར༔ རྒྱན་མཆོག་འགུགས་འཆིང་ལྕགས་སྒྲོག་མཛེས༔ དུར་ཁྲོད་ཆས་དང་གསལ་བའི་རྒྱན༔ གསེར་གྱི་དྲིལ་བུ་འཕྲོག་བྱེད་རྔམས༔ རིན་ཆེན་གདེང་ཀ་ཞིང་ཁམས་བཅས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་མོའི་རྟེན་དང་བརྟེན་པར་བཅས༔ དེང་ནས་སྲིད་པ་ཇི་སྲིད་དུ༔ ཁྱོད་ཀྱི་ལུས་ལྷར་འཁོར་བར་ཤོག༔ ཨ་བཛྲ་མ་ཧཱ་ཀཱ་ལི་ཡེ་ཧཱུྃ་ཕཊ༔ རུ་རུ་ཙ་པ་ལ་ཨ་ཤུག་མེ་ཧཱུྃ་མ་ཧཱ་ཀཱ་ལི་ཨ་བྷི་ཥིཉྩ༔ ཀཱ་པ་ལ་ཏཱི་ནི༔ མ་ཧཱ་ཛྙཱ་ན་ཀ་ཡ་ཝཀྐ་ཙིཏྟ་སིདྡྷི་ཧཱུྃ༔ གསུམ་པ་རེ་ཏིའི་དབང་བཞི་ནི༔ དང་པོ་སླག་ཆེན་ཐོགས་ལ༔ ཧཱུྃ༔ སླག་ཆེན་བརྗིད་པའི་གོ་ཆ་བཙན༔ ལྷ་མོ་ཡིད་འོང་ཐུགས་རྗེས་སྐྱོབས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ མི་མཐུན་ཕྱོགས་ལས་སྐྱོབས་པར་ཤོག༔ ཨ་བཛྲ་ཙཀྲ་རཀྵ་ཨ་བྷི་ཥཉྩ་ཧཱུྃ༔ གཉིས་པ་རྡོ་རྗེ་ཌཱ་རུའི་དབང་༔ ཧཱུྃ༔ རྡོ་རྗེ་ཌཱ་རུས་སྣང་སྟོང་སྟོན༔ བརྟུལ་ཞུགས་མཁའ་འགྲོ་འདུ་བའི་རྫས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཁམས་གསུམ་དབང་བསྡུད་དབང་ཐོབ་ཤོག༔ ཨ་བཛྲ་ཝ་ཤཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་ཁ་ཊྭཱྃ་ཁྲམ་བམ་དབང་༔ ཧཱུྃ༔ དུག་གསུམ་རྩད་གཅོད་ཁ་ཊྭཱྃ་ཀ༔ སྐུ་གསུམ་དབང་རྫོགས་ཁྲམ་ཤིང་འབར༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ གདོན་གསུམ་དབྱིངས་སྒྲོལ་དབང་ཐོབ་ཤོག༔ ཨ་ཁ་ཊྭཱྃ་ཀ་ཤ་ཏྲུཾ་མ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་བ་ཆུ་གྲི་སོགས་ཀྱི་དབང་༔ ཧཱུྃ༔ ལྷ་མོ་ཆེན་མོ་ཕྱག་རྒྱ་ལ༔ རྒྱན་དང་ཆ་ལུགས་མ་འདྲེས་རྫོགས༔ ཆུ་གྲི་ལ་སོགས་ཐུན་མཚོན་རྟགས༔ སྐུ་དང་གནས་ཁང་བཀོད་པ་ཡིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ བསྲུང་སྐྱོབ་ཕྲིན་ལས་དབང་ཐོབ་ཤོག༔ ཨ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ཡིས་བུམ་པའི་དབང་རྫོགས་སོ༔ གཉིས་པ་གསང་བའི་དབང་བསྐུར་ནི༔ བུ་མོ་གཙང་མར་ལྷ་མོ་དབབས༔ ཕེབ་དུས་རྡོ་རྗེ་སློབ་དཔོན་དང་༔ འཁྲིལ་སྦྱོར་རོལ་བའི་བྱང་སེམས་སྤྲིན༔ གནས་གསུམ་ལྷར་མཆོད་ལྷག་མ་ཡིས༔ སློབ་མའི་ལྕེ་ལ་དབང་བསྐུར་རོ༔ ས་མ་ཡཱ༔ ཧཱུྃ་ཧཱུྃ༔ གསང་ཆེན་རྡོ་རྗེའི་བདུད་རྩི་འདི༔ ལྷ་ཚོགས་མཆོད་པའི་དངོས་གྲུབ་ལྷག༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དམ་ཚིག་གཅིག་འབྲེལ་སྲོག་དབང་ཐོབ༔ བཟླས་པ་སྔགས་ལ་ལས་རུང་ནས༔ དེང་ཕྱིན་ཁྱོད་ཀྱིས་བོད་པའི་དུས༔ ལྷ་མོ་འཁོར་བཅས་མདུན་ན་འདོན༔ དེ་ཕྱིར་གསུང་གི་དམ་ཚིག་བསྲུང་༔ ཨོཾ་ཝཀྐ་བོ་དྷི་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་དང་འབྲེལ་པའི་སྲོག་གཏད་དུ༔ སོ་སོར་རང་གི་སྲོག་འཁོར་སྔགས༔ བྲིས་ཤིང་པདྨ་རཀྟ་དང་༔ རི་ཧཱི་རྡོ་རྗེའི་གསང་རྫས་བྱུག༔ མིན་ཀྱང་རང་རང་བྱང་སེམས་རུང་༔ ལག་ཏུ་སྔགས་ཀྱི་བསྒྲང་ཕྲེང་དང་༔ བཅས་སུ་གཏད་དེ་འདི་སྐད་ཟློས༔ དཔལ་ཕྱག་ན་རྡོ་རྗེའི་སྲོག་སྔགས་ནི༔ ཨ་བཛྲ་ཙནྚ་མ་ཧཱ་རོ་ཥ་ན་ཧཱུྃ་ཕཊ༔ ཅེས་དང་༔ ལྷ་མོ་ལ༔ ཨོཾ་རུ་རུ་བེ་ཏི་སྟ་བ་དོ་ཡི༔ རུ་རུ་རོ་རུ་བེ་ཏིཥྚ་བ་དོ་སི༔ པ་ཙ་ལ་ཨ་ཤུག་མེ༔ ཧཱུྃ་བྷྱོ་ཛ༔ རེ་ཏིའི་སྲོག༔ ཨོཾ་རུ་རུ་རོ་རུ༔ ཧུ་ཏིཥྚ་བ་ཏོ་སི༔ རཀྨོ་ཙིཏྟ་ཁ་རཀྨོ་རཀྨོ་ཧཱུྃ་བྷྱོ༔ མ་མ་ཏྲག་རཀྵ༔ ཁ་མུནྟྲ་བ་ཏྲ་བ་ཏྲ་ཏྲག་རཀྵ་ཙིཏྟ་ཁ་རག་མ༔ རེ་མ་ཏི་ས་མ་ཡཱ་པྲ་མ་མ་ཧཱ་སྟེ་པྲ་དུན་བྷྱོ་རུ་ལུ་རུ་ལུ་བྷྱོ་ཛ་ཛ༔ འཁོར་མ་མོ་འབུམ་གྱི་སྲོག༔ ས་མ་ཡ་ལིང་རཀྵ་སི་ཧེ་རཀྵ༔ བྷྱོ་རཀྵ༔ དུ་རཀྵ༔ མེ་རཀྵ་སི༔ མ་རུ་ལུ་བྷྱོ་རུ༔ མ་རུ་ལུ་བྷྱོ་རུ༔ མ་རུ་ལུ་བྷྱོ་རུ༔ མ་རུ་ལུ་བྷྱོ་རུ༔ ཧཱུྃ༔ ལྷ་མོ་འཁོར་དང་བཅས་པ་ཡི༔ སྲོག་གི་སྙིང་པོ་འདི་ཡིན་ཏེ༔ ང་ཡིས་ཁྱོད་ལ་བརྩེ་བས་གཏད༔ ས་ཡ་ཅིག་གིས་དཔོན་མོ་འོང༔ ཁྲི་ཕྲག་ཅིག་གིས་གཡོག་མོ་འཁོར༔ བཟླས་པ་ཙམ་གྱིས་འཁོར་ཚོགས་འདུ༔ ད་ཕྱིན་གསང་སྔགས་རྒྱན་མ་བཅད༔ ཁྱོད་ལ་ཡོད་ཀྱིས་ཡིད་གཉིས་སྤོངས༔ གསུམ་པ་ཤེས་རབ་ཡེ་ཤེས་དབང་༔ ལྷ་མོའི་ཙཀླི་གནས་གསུམ་དུ༔ སྤྱི་བོར་ཕྱག་རྡོར་སྙིང་ལ་དཔོན༔ ལྟེ་བར་རེ་ཏི་གསང་གནས་འཁོར༔ སྲོག་གི་སྙིང་པོ་བྲི་བའམ༔ ཡང་ན་ཧཱུྃ་བྷྱོ་མ་མ་བྲི༔ ལྷ་མོ་དངོས་གསལ་སྙོམས་པར་འཇུག༔ དེས་ནི་དམ་ཚིག་གཅིག་ཏུ་འདྲེས༔ ས་མ་ཡཱ༔ ཧཱུྃ༔ འདུ་ཤེས་གསུམ་ལྡན་ཀུན་སློང་གིས༔ ཕྱག་རྒྱ་བཞི་ཡིས་འཁྱུད་སྡོམ་སྤྲད༔ འཁོར་ལོ་བཞི་ལ་བདེ་སྤྲིན་འགྱེད༔ དགའ་བ་བཞི་ཡི་ཉམས་མྱོང་གིས༔ སྟོང་པ་བཞི་ཡི་ཞེན་ཤུན་གྲོལ༔ ཆོས་ཉིད་ངང་གིས་ལྷ་མོ་ཁྲོས༔ མཚན་མའི་རྟོག་པ་འདི་ལ་མེད༔ ཧཱུྃ༔ རང་བཞིན་སྐུ་ཡི་ལྷ་མོ་ལས༔ བདེ་སྒྲ་ཚངས་དབྱངས་གསུང་གི་དམ༔ དབུ་མའི་སེམས་ལྔ་ལྷ་མོའི་ཐུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཤེས་རབ་ཕ་རོལ་ཕྱིན་པ་འདིའི༔ རྒྱུ་འབྲས་ས་བཅུ་ཅིག་ཆར་རྫོགས༔ ལྷ་མོའི་བྷ་ག་ཡངས་པ་རུ༔ དཀྱིལ་འཁོར་ཀུན་ཏུ་བཟང་ཐོབ་ཤོག༔ རྩ་སྔགས་མཐར༔ པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མཐར་རྟེན་གཏོར་དབང་ནི༔ ཧཱུྃ༔ གཞོང་བ་འོག་མིན་ཆོས་ཀྱི་དབྱིངས༔ གཏོར་མ་སྐུ་གསུམ་མཁའ་འགྲོའི་དལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དཀྱིལ་འཁོར་ཡོངས་རྫོགས་དབང་ཐོབ་ཤོག༔ སརྦ་མནྜ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་དམ་ཚིག་ཁས་བླངས་དང་༔ མཐའ་རྟེན་བཀྲ་ཤིས་རྫས་རྟགས་གཏད༔ མནྜལ་ཡོན་གྱིས་གཏང་རག་གཟོ༔ ལྷག་བསམ་དག་པས་བཀྲ་ཤིས་བརྗོད༔ སྲོག་གཏད་འདི་འདྲ་མ་ཐོབ་པར༔ དྲག་སྔགས་བཟླས་ན་ཕུང་བར་འགྱུར༔ ཇི་ལྟར་བསྒྲུབ་ཀྱང་འགྲུབ་མི་སྲིད༔ མཆོད་དང་གསོལ་བ་ཤ་ཐང་རྒྱུ༔ འདི་ལྡན་གང་དགོས་ལས་རྣམས་ཀུན༔ ཡེ་ཤེས་ལྷ་མོས་བསྒྲུབ་པར་འགྱུར༔ དེ་སྐད་ཤེས་རབ་བློ་འཕེལ་གྱིས། །ཡོངས་ལ་ཕན་པའི་དོན་ཆེད་དང་། །རྒྱུད་སྡེའི་བསྟན་པ་མི་ནུབ་སླད། །ཐུགས་བསྐྱེད་བཟང་པོའི་ལན་དྲུག་བསྐུལ། །གཏེར་བྱང་བྲི་རྒྱུ་ཅིང་མེད་པས། །དལ་ཅིག་ཕྱི་བཤོལ་གནས་སུ་བྱས། །ནུབ་གཅིག་བུད་མེད་ལྔ་བྱུང་ནས། ཁྱོད་ལ་སྲོག་གི་དབུགས་དབྱུང་ཡིན། །ཟེར་ནས་ཁོག་བའི་ཁ་ཕྱེ་སྟེ། །ཙིཏྟ་ཉིད་ལ་ཐིམ་པའང་རྨིས། །དེ་ཕན་བྲི་པའི་བློ་སྣང་ཐོབ། །འོན་ཀྱང་རང་གར་མ་བཞག་སྟེ། །རྒྱུད་དང་གཏེར་གྱི་སྨན་ཐུན་བསྡུས། །དགེ་བས་བསྟན་པ་མཐའ་རྒྱས་ཤོག །མངྒ་ལཾ། དགེའོ། །དགེའོ། །དགེའོ། །ལེགས་སོ། །


previousརྡོ་རྗེ་མཁའ་འགྲོ་ཆེན་མོའི་དབང་གི་ཆོ་ག་དམ་ཚིག་འཁོར་ལོ།next