Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཟའ་བདུད་ནག་པོའི་ལས་ཀྱི་བྱང་བུ་དགྲ་བགེགས་ཚར་གཅོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཟའ་བདུད་ནག་པོའི་ལས་ཀྱི་བྱང་བུ་དགྲ་བགེགས་ཚར་གཅོད།next

གཟའ་བདུད་ནག་པོའི་ལས་ཀྱི་བྱང་བུ་དགྲ་བགེགས་ཚར་གཅོད།

གཟའ་བདུད་ནག་པོའི་ལས་ཀྱི་བྱང་བུ་དགྲ་བགེགས་ཚར་གཅོད་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་རེ་ཡེ༔ བརྡ་ཡིག །གཏོར་མ་གཡས་གཅུས་རང་འདྲ་བརྒྱད༔ ཆོས་འབྱུང་རུ་ཏྲའི་སྟེང་བཞུགས་གསོལ༔ མཐའ་བསྐོར་མཆོད་གཏོར་བྷ་ལིང་སྟོང་༔ བསྡུ་ན་གང་འབྱོར་ཤ་ཁྲག་བརྒྱན༔ རང་ཉིད་གསང་བའི་བདག་པོར་བསྐྱེད༔ ལྟ་བའི་གདངས་དང་མི་འབྲལ་བས༔ རཱ༔ རང་ཉིད་ཡི་དམ་ལྷར་གསལ་མདུན༔ མེ་དཔུང་དམར་ནག་འབར་བའི་དབུས༔ དགྲ་བགེགས་ཉི་མ་འདབ་སྟོང་སྟེང་༔ མེ་འབྲུག་དམར་ནག་རྔམས་ཆེན་རོལ༔ སྲིད་གསུམ་སྲོག་བདག་རཱ་ཧུ་ལ༔ དབུ་དགུ་བརྩེགས་མར་སྒེག་དཔའ་འཇིགས༔ སྟེང་ཞལ་གསུམ་ནི་དཀར་ལ་མཛེས༔ བར་གྱིས་ཞལ་གསུམ་དམར་ལ་ཁྲོས༔ འོག་གི་ཞལ་གསུམ་དུད་ཁ་གཏུམ༔ ཀུན་གྱི་ཡ་གྱལ་བྱ་རོག་དབུ༔ གཡས་ཀྱི་ཕྱག་བཞི་རིམ་པ་བཞིན༔ ཆུ་སྲིན་རྒྱལ་མཚན་རལ་གྲི་དང་༔ གཏུབ་བྱེད་འཁོར་ལོ་དུག་མདའ་གཟིར༔ གཡོན་ནི་སྙིང་ཞགས་དུང་དམར་དང་༔ གནམ་རུ་འགེང་བའི་སྟབས་ཀྱིས་བསྣམས༔ ལྟོ་ཞལ་སྲིད་གསུམ་ཟ་བྱེད་ཡངས༔ ཡེ་ཤེས་སྤྱན་སྟོང་ཕྱོགས་བཅུར་གཟིགས༔ སྐུ་སྨད་སྦྲུལ་གྱི་མཇུག་མར་འཁྱིལ༔ ཡུམ་ཆེན་གདོང་མོ་རྣམ་ ༼ སྙིང་ཁྲག་བསྣམ་པ་ ༽ བཞི་དང་༔ སྤྲུལ་པ་ལས་ཀྱི་གཟའ་ ༼ མདའ་གཞུ་ ༽ ཆེན་བརྒྱད༔ ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར༔ ཡང་མཐར་ས་ཆུ་མེ་རླུང་གཟའ༔ དཀར་སེར་དམར་ལྗང་མདའ་གཞུ་འགེངས༔ རྒྱུ་སྐར་ལྷ་མོ་ཉེར་བརྒྱད་དང་༔ སྣང་སྲིད་ལྷ་སྲིན་དབུས་ན་རོལ༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ མེ་རི་འབར་བ་རྩུབ་འགྱུར་ཚལ༔ འབྱུང་ལྔའི་ཁམས་ནས་གཟའ་ཆེན་པོ༔ འཁོར་དང་བཅས་པ་སྤྱན་དྲངས་བསྟིམས༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ དམ་ཚིག་གདུང་ཤུགས་དད་གུས་ཀྱིས༔ གཟའ་མཆོག་འཁོར་བཅས་སྤྱན་འདྲེན་ཀྱི༔ རྣལ་འབྱོར་བུ་བཞིན་སྐྱོངས་པ་དང་༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ དགྲ་བགེགས་གནོད་བྱེད་ཚར་གཅོད་ཕྱིར༔ རྫུ་འཕྲུལ་ཤུགས་ཀྱིས་གཤེགས་སུ་གསོལ༔ རཱ་ཧུ་ལ་ས་པཱརི་ཝ་ར་བཛྲ་ས་མ་ཛ་ཛ༔ བཞུགས་སུ་གསོལ་བ་ནི༔ དགྲ་བགེགས་བསྣོལ་བའི་གདན་སྟེང་དུ༔ བསྐྱེད་པ་ཏིང་འཛིན་དཀྱིལ་འཁོར་ལ༔ དམ་ཚིག་ཡེ་ཤེས་འཁོར་ལོ་ནི༔ གཉིས་མེད་རོ་གཅིག་བརྟན་པར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ སྐུ་གསུམ་འདུ་འབྲལ་མེད་པའི་ལྷར༔ ཡེ་ཡིན་ཆེན་པོའི་ངེས་ཤེས་ཀྱིས༔ བསྟན་འགྲོའི་མགོན་དུ་གྱུར་བ་ལ༔ རྣམ་གསུམ་དད་པས་ཕྱག་འཚལ་ལོ༔ ན་མོ་ན་མ་ཧོ༔ མཆོད་པ་ནི༔ དགྲ་བགེགས་ཤ་ལྔ་བདུད་རྩི་ལྔ༔ དམར་གསུམ་རི་མཚོ་ཐང་དུ་བརྡལ༔ ཡེ་ཤེས་རོལ་པའི་ཕབས་ཀྱིས་བྲན༔ དམ་ཚིག་ཐུགས་དམ་བསྐང་ཕྱིར་འབུལ༔ མ་ཧཱ་མཾ་ས་རཀྟ་བྷ་ལིངྟ་ཁཱ་ཧི༔ བསྟོད་པ་ནི༔ ཧོ༔ ཀུན་གཟིགས་རྣམ་པར་སྣང་མཛད་གངས་ཆེན་མཚོ༔ མངོན་བྱུང་ཆེ་མཆོག་བུདྡྷ་ཧེ་རུ་ཀ༔སྣ་ཚོགས་གར་གྱིས་མི་སྲུན་འདུལ་མཛད་དཔལ༔ དྲང་སྲོང་ཁྱབ་འཇུག་ཆེན་པོ་ཁྱོད་ལ་བསྟོད༔ ས་ཆུ་མེ་རླུང་ནམ་མཁའི་གར་ཁྱབ་ཀྱིས༔ ཁམས་གསུམ་ས་དགུར་དབང་མཛད་དབུ་དགུ་བཞད༔ ས་བཅུའི་ཁྱད་པར་དབང་བསྒྱུར་བྱ་རོག་དབུ༔ རྣམ་ཐར་བརྒྱད་ཀྱི་རྩེར་ཕྱིན་ཕྱག་བརྒྱད་ལྡན༔ སངས་རྒྱས་སྟོང་གི་དབང་བསྐུར་སྤྱན་སྟོང་བཀྲ༔ ཚར་གཅོད་རང་རྟགས་རྒྱན་ཀྱི་ཕྱག་མཚན་ཅན༔ དྲང་སྲོང་ཡེ་ཤེས་མགོན་པོ་ཁྱོད་ལ་འདུད༔ བདེ་སྟོབས་གཟུངས་ཀྱི་གནམ་ཞལ་གདོང་མོ་དང་༔ ཡེ་ཤེས་རྒྱན་གྱི་འཁོར་ལོ་གཟའ་ཆེན་བརྒྱད༔ སྒྱུ་འཕྲུལ་རང་རྩལ་འབྱུང་ཁམས་དབང་བསྒྱུར་འཁོར༔ དྲེགས་ཚོགས་བྲན་ཁོལ་བཅས་ལ་ཕྱག་འཚལ་བསྟོད༔ སྒོ་གསུམ་གུས་པས་བསྟོད་དབྱངས་སྙན་སྤྲིན་འབུལ༔ རྟག་ཏུ་གཡེལ་བ་མེད་པར་བུ་བཞིན་སྐྱོངས༔ བཀྲ་ཤིས་བདེ་ལེགས་ཡོན་ཏན་གོང་དུ་སྤེལ༔ མི་མཐུན་བར་ཆད་རྐྱེན་གེགས་རྡུལ་དུ་རློག༔ བཀའ་དམ་མ་འདའ་བཛྲ་ས་མ་ཡཱ༔ འཛབ་བཟླ་ན༔ དྲེགས་པའི་ཐུགས་ཀར་རཱཿཡིག་མཚན༔ བདག་ཉིད་ཐུགས་ཀའི་འོད་ཟེར་གྱིས༔ འཁྱུད་པར་དམ་ཚིག་གཅིག་འདྲེས་ནས༔ ཕྲིན་ལས་རབ་འབྱམས་བསྒྲུབ་བསམ་ཞིང་༔ རྩ་སྔགས་ནི༔ ཨོཾ་ནཱ་ག་རཀྵ་རཱ་ཧུ་ལ་ས་མ་ཡ་ཛ་ཛ༔ ༼ འདི་མན་དོ་གལ་ཆེ་ན་མ་གཏོགས་མི་འདོན༔ མཆན། ༽ སུ་ཁ་ར་ཏི་ཙ་རུ་ས་པཱ་རི་ཝཱ་ར་ས་མ་ཡཱ་ཛ་ཛ༔ ཞེས་པས་འབོད་བསྐུལ་རྟག་ཏུ་བརྩོན༔ ཟླ་བ་གསུམ་གྱིས་རྟགས་འབྱུང་ཞིང་༔ ཟླ་བ་དགུ་ཡིས་དངོས་ཞལ་མཇལ༔ འབྱུང་པོའི་གཟའ་གནོད་ཀུན་གྲོལ་ཏེ༔ ཡིད་ལ་བརྣག་པ་ཚར་གཅོད་ཀྱི༔ དྲག་པོའི་ཀིང་ཆེན་འདི་ལས་དབེན༔ དེ་ཕྱིར་ཆོས་བཞིན་བསྒྲུབ་པས་བརྩོན༔ ལེགས་པར་གྲུབ་ན་སངས་རྒྱས་ཀྱི༔ འབྲས་བུའང་འདིས་ནི་སྦྱིན་པར་ནུས༔ ས་མ་ཡཱ༔ ཙནྡྲའི་ངོར་ག་གཱས་སོ། །གསོལ་མཆོད་འདོད་ན༔ ཛཿ གཟའ་བདུད་ནག་པོ་འཁོར་བཅས་ལ༔ མཐུན་པའི་དམ་རྫས་སྣ་ཚོགས་དང་༔ དགྲ་ཤ་ཁྲག་གི་རི་མཚོ་ཐང་༔ ཕྱི་ནང་གསང་བའི་མཆོད་སྤྲིན་ནི༔ ཀུན་བཟང་རྣམ་པར་ཐར་བ་ཡིས༔ གུས་པ་ཆེན་པོའི་བསྟི་སྟངས་བགྱིད༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཤྲཱི་བས་སོ། །མཁའ་འགྲོ་ལས་དབང་མས༔ ཞུ་བ་ནི་ཟླ་བ་རྒྱལ་མཚན་གྱིས༔ ཕྲིན་ལས་ཏེ་རྣམ་བཞི་ལྷུན་གྱི་གྲུབ༔ གྲུབ་པ་ནི་པདྨ་ཚུལ་ཁྲིམས་ཞེས༔ ཆོས་བདག་གི་སྐལ་བས་འབྲེལ་བའོ༔ བྱང་གེ་སར་སྐད་པོའི་བསྟན་བཤིག་ན༔ མཐུ་རྩལ་གྱི་རང་གཟུགས་མངོན་དུ་ཡོང་༔ ཞེས་ཟེར་ཡལ༔ བཀྲ་ཤིས་སོ། །


previousགཟའ་བདུད་ནག་པོའི་ལས་ཀྱི་བྱང་བུ་དགྲ་བགེགས་ཚར་གཅོད།next