Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཟའ་རྒོད་ཁྱབ་འཇུག་ཆེན་པོའི་བསྒྲུབ་བསྐང་སྲིད་གསུམ་ཡོངས་སྒྲོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཟའ་རྒོད་ཁྱབ་འཇུག་ཆེན་པོའི་བསྒྲུབ་བསྐང་སྲིད་གསུམ་ཡོངས་སྒྲོལ།next

གཟའ་རྒོད་ཁྱབ་འཇུག་ཆེན་པོའི་བསྒྲུབ་བསྐང་སྲིད་གསུམ་ཡོངས་སྒྲོལ།

གཟའ་རྒོད་ཁྱབ་འཇུག་ཆེན་པོའི་བསྒྲུབ་བསྐང་སྲིད་གསུམ་ཡོངས་སྒྲོལ་བཞུགས་སོ༔

གཏོར་མ་ཟུར་གསུམ་གཡས་གཅུས་ལ༔ མཐའ་བསྐོར་བཞི་བརྒྱད་བ་ལིང་ཏ༔ ཉེར་བརྒྱད་ལ་སོགས་གྲངས་མང་བྱ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ཧཱུྃ༔ མདུན་དུ་མེ་རླུང་འཚུབ་མའི་དབུས༔ ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ༔ སྐུ་མདོག་དུད་ཁ་སྦྲུལ་མཇུག་འཁྱིལ༔ སྐུ་སྟོད་དབུ་དགུ་བྱ་རོག་བཅུ༔ ཕྱག་བཞི་མདའ་གཞུ་ཆུ་སྲིན་གྱི༔ རྒྱལ་མཚན་དང་ནི་ཞགས་པ་བསྣམས༔ གདོང་མོ་བཞི་དང་གཟའ་ཆེན་བརྒྱད༔ རྒྱུ་སྐར་ཉི་ཤུ་བརྒྱད་ཀྱི་འཁོར༔ གནས་གསུམ་འོད་ཟེར་རབ་འཕྲོས་པས༔ གནམ་ས་བར་སྣང་ཁམས་སུ་གནས༔ ཁྱད་པར་རྩུབ་འགྱུར་ཆེན་པོའི་ཚལ༔ བཀའ་སྡོད་བཅས་པ་སྤྱན་དྲངས་གྱུར༔ དེ་ནས་གསང་བདག་སྤྱན་དྲངས་ནས༔ ཛ༔ དད་དང་དམ་ཚིག་གཉན་པོ་ཡིས༔ རིན་ཆེན་སྙིང་པོའི་ཐ་ཚིག་བསྐུལ༔ རྡོ་རྗེ་ཅན་གྱི་དམ་ལ་དགོངས༔ བསྒྲུབ་པའི་གནས་འདིར་གཤེགས་སུ་གསོལ༔ ནཱ་གཱ་རཀྵ་རཱ་ཧུ་ལ་ས་མ་ཡཱ་ཛ༔ བཞུགས་གསོལ་ནི༔ ཧཱུྃ༔ ཉི་ཟླ་པདྨ་ཏི་ར་ཡི༔ དལ་ལ་དགྱེས་པར་བཞུགས་ནས་ཀྱང་༔ བྱམས་དང་བརྩེ་བས་ལྷ་མཆོག་ལ༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ཞེས་ཕྱག་འཚལ་བ་དང་སྟབས་གཅིག་གོ༔ དེ་ནས་མཆོད་བསྟོད་ནི༔ ཧཱུྃ༔ དགྲ་ཤ་ཁྲག་གི་རྒྱ་མཚོ་དང་༔ ཛ་གད་བྷ་ལིང་རྒྱན་ལྡན་པ༔ ལྷུན་གྲུབ་འདོད་དགུ་རྟག་འཆར་བ༔ དཔའ་བོ་ཆེན་པོ་དགྱེས་ཕྱིར་འབུལ༔ མ་ཧཱ་པཉྩ་རཀྟ་བྷ་ལིངྟ་ཁཱ་ཧི༔ ཧཱུྃ༔ ཁམས་གསུམ་ཀུན་ལ་དབང་བསྒྱུར་བ༔ བཛྲ་པ་ཎིའི་གང་འདུལ་ཕྱིར༔ འཇིགས་བྱེད་ཆེན་པོའི་སྐུར་བཞེངས་པ༔ སྟོབས་ཆེན་དཔའ་བོར་ཕྱག་འཚལ་བསྟོད༔ འབོད་སྔགས་ནི༔ ཨོཾ་རཱ་ཧུ་ལ་ཧཱུྃ༔ གཞན་ཡང་༔ ཧྲཱིཿཏྲི་རཀྵ་སོགས་བཟླ༔ དེ་ནས་ཐུགས་དམ་བསྐང་བ་ནི༔ ཧཱུྃ་ཨཱཿཨོཾ༔ རྃ་ཡྃ་ཁྃ༔ གཏོར་མ་ཟག་པ་མེད་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཛ༔ བཅོམ་ལྡན་རིན་ཆེན་སྙིང་པོ་དང་༔ མ་ཅིག་ལབ་སྒྲོན་དྷརྨཱ་ཤྲཱི༔ དྲི་མེད་ཆོས་ཀྱི་བཤེས་གཉེན་གྱི༔ སྤྱན་སྔར་ཁས་བླངས་དམ་བཅས་པ༔ དྲང་སྲོང་ཆེན་པོ་རཱ་ཧུ་ལ༔ དགྱེས་སྐོང་གདོང་མོ་རྣམ་པ་བཞི༔ སྤྲུལ་བའི་གཟའ་མཆོག་བརྒྱད་དང་འཁོར༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་བཅས༔ ཐུགས་དམ་དགྱེས་པ་བསྐང་བའི་ཕྱིར༔ ཕུད་དང་སྐྱམས་གཏོར་སྣ་ཚོགས་དང་༔ ཟླ་ཕྲུམ་ཟླ་རྒྱས་གཙང་མ་དང་༔ ཤ་སྣ་སྙིང་སྣ་ཁྲག་སྣ་ཚོགས༔ ཞལ་ཟས་རྣམ་པ་སྣ་ཚོགས་དང་༔ དབང་ལྔའི་མེ་ཏོག་ཤ་གསུར་རྫས༔ ཁྲག་གི་ཡོན་ཆབ་རྐང་ཞུན་མེ༔ ལ་སོགས་དྲག་པོའི་མཆོད་པ་ཡིས༔ གཙོ་བོ་དཔའ་བོའི་ཐུགས་དམ་བསྐང་༔ དགྱེས་སྡེ་ཡུམ་གྱི་ཐུགས་དམ་བསྐང་༔ གདོང་བཞི་གཟའ་བརྒྱད་ཐུགས་དམ་བསྐང་༔ རྒྱུ་སྐར་སྡེ་བརྒྱད་ཐུགས་དམ་བསྐང་༔ དྲེགས་བྱེད་རབ་འཇིགས་གོས་སེར་ཅན༔ ཟིལ་གནོན་དཔའ་བོ་ཆེན་པོ་ཡིས༔ ཞི་བ་དང་ནི་རྒྱས་པ་དང་༔ དབང་དང་དྲག་དང་ལྷུན་གྱིས་གྲུབ༔ སྡེ་བཞིའི་ཡོན་ཏན་བདུན་ལ་འཁྱུད༔ ཁྱད་པར་མཆོག་གསུམ་དབུ་འཕང་བསྟོད༔ རྣལ་འབྱོར་ཅན་ལ་བུ་བཞིན་སྐྱོངས༔ ཚེ་བསོད་ཆོས་ཀྱི་ཉེར་འཚེ་སོལ༔ མཆོག་གི་དངོས་གྲུབ་བསྒྲུབ་པ་ལ༔ གཟུགས་ཡོད་མེད་དང་སྣ་ཚོགས་པའི༔ དགྲ་བགེགས་ཐལ་བའི་རྡུལ་དུ་རློག༔ མཁུ་ལྡོག་སྡུག་ཡུས་མ་ཆེ་ཞིག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཡང་ན་གོང་གི་འབོད་པ་ལ༔ གྲངས་མང་བསྐྱལ་བས་ཀྱང་ནི་འཐུས༔ དེ་ནས་མཆོད་བསྟོད་བྱའོ༔ ཡང་ཅིག་དགྲ་ལ་བསྐུལ་བར་འདོད་ན༔ ཧྲཱི་ཤག་རུ་རམ་སོགས་ཅེས་མཐར༔ ཨོཾ་བཛྲ་ཀྲོ་དྷ་རཱ་ཧུ་ལ་ཧ་ལ་དགྲ་བགེགས་གནོད་བྱེད་ཀྱི་སྟེང་དུ་ཆོ་ཡ་ཆོ་ཡ་རྦད་རྦད་སོད་སོད༔ ཅི་མང་མཐར༔ ཛ༔ ནམ་མཁའ་ཡངས་པའི་ཀློང་དཀྱིལ་ནས༔ ང་རྒྱལ་གཟའ་རྒོད་དགྲ་ལ་བསྐུལ༔ ས་གཞི་ཡངས་པའི་ཀློང་དཀྱིལ་ནས༔ ས་གཟའ་སེར་པོ་དགྲ་ལ་བསྐུལ༔ རྒྱ་མཚོ་ཡངས་པའི་ཀློང་དཀྱིལ་ནས༔ ཆུ་གཟའ་དཀར་པོ་དགྲ་ལ་བསྐུལ༔ རྒྱ་གྲམ་རླུང་གི་དབང་ཕྱུག་པོ༔ ཕྲག་དོག་རླུང་གཟའ་དགྲ་ལ་བསྐུལ༔ སྨིན་མ་མེ་ཡི་ཀློང་དཀྱིས་ནས༔ ཞེ་སྡང་མེ་གཟའ་དགྲ་ལ་བསྐུལ༔ ཡབ་ནི་གདོང་དམར་སྲིན་པོ་དང་༔ གཏུམ་མར་ཀླུ་མོ་ཁྲག་མིག་བསྐུལ༔ འབྲོག་སྲིན་བམ་སྲིན་གོང་སྲིན་སོགས༔ རོལ་རྩལ་ནང་གི་བཀའ་སྡོད་བསྐུལ༔ ཕྱོགས་མཚམས་དབང་བསྒྱུར་གཟའ་ཆེན་བརྒྱད༔ གཞན་ཡང་རྒྱུ་སྐར་ཆེན་པོ་དང་༔ བཀའ་འཁོར་ལྷ་སྲིན་སྡེ་བརྒྱད་བསྐུལ༔ ནམ་མཁའི་སྐར་ལྟར་འཁྲུགས་ཤིང་སོང་༔ བར་སྣང་རླུང་ལྟར་འཚུབས་ཤིང་སོང་༔ བདག་ལ་སྡང་བའི་དགྲ་བོ་འདིའི༔ ཉམས་པ་བདུན་བྱས་ཞིང་བཅུ་ཚང་༔ དེ་ཕྱིར་བསྒྲལ་བའི་ཞིང་ལས་བྱུང་༔ བསྟན་དགྲ་ལངས་ལ་ཤོར་བ་ན༔ རྣལ་འབྱོར་བདག་ཀྱང་ཡིད་བསད་ཅིང་༔ ཆོས་སྐྱོང་ཁྱེད་ཀྱང་རྨ་འབེབས་ལ༔ བསྟན་དང་དེར་འཛིན་ཆེ་བ་ཉམས༔ བཀའ་དམ་གཉན་ལས་ཁྱོད་ཀྱང་འདའ༔ བྲག་ལ་ཐོག་དམར་བབ་པ་བཞིན༔ མི་བསད་ནོར་བརླག་ཕུང་དགུར་གྱུར༔ མཐའ་རྩ་སྐྱེ་བརྒྱུད་དང་བཅས་པ༔ ཐལ་བའི་རྡུལ་ཕྲན་བཞིན་དུ་རློག༔ ཕྱིར་ཞིང་ངོམས་པ་མེད་པར་གཟས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཞེས་དང་༔ ཁྲག་ཆང་ཁྲག་སྐྱེམས་དང་གཏོར་མ་དགྲ་ཕྱོགས་སུ་དོར༔ ཅེས་ཀྱང་ག་གཱས་སོ། །དགེའོ། །


previousགཟའ་རྒོད་ཁྱབ་འཇུག་ཆེན་པོའི་བསྒྲུབ་བསྐང་སྲིད་གསུམ་ཡོངས་སྒྲོལ།next