Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཟའ་ཡི་མངའ་གསོལ་བཀྲ་ཤིས་དཔལ་ཕྲེང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཟའ་ཡི་མངའ་གསོལ་བཀྲ་ཤིས་དཔལ་ཕྲེང་།next

གཟའ་ཡི་མངའ་གསོལ་བཀྲ་ཤིས་དཔལ་ཕྲེང་།

གཟའ་ཡི་མངའ་གསོལ་བཀྲ་ཤིས་དཔལ་ཕྲེང་བཞུགས་སོ༔

བརྡ་ཡིག །ཧོ༔ སངས་རྒྱས་ཡེ་ཤེས་བླ་ན་མེད་པ་བརྙེས༔ གདུལ་བྱའི་དོན་མཛད་ཐབ༵ས་ཀྱི༵་ཕ༵་རོལ༵་ཕྱིན༔ ཕྱོགས་མེད་སེམས་ཅན་ཀུན་ལ་མ༵་ལྟར་བྱམ༵ས༔ བྱིན་རླབས་ཀུན་གྱི་རྩ་བར་མངའ་གསོལ་ལོ༔ ཆོས་སྐུ་རྣམ་སྣང་ལོངས་སྐུ་ཧེ་རུ་ཀ༔ སྤྲུལ་པའི་རོལ་མཛད་དྲང་སྲོང་ར་ཧུ་ལ༔ ཡེ༵་ཤེས༵་ཕར་ཕྱིན༵་ཡི་དམ་ཀུན་འདུས་དཔལ༔ དངོས་གྲུབ་འབྱུང་གནས་དམ་པར་མངའ་གསོལ་ལོ༔ ཆོས་དབྱིངས་མཁའ༵་ལ་རྟོགས་པའི་རྩལ་གྱིས་འ༵གྲོ༔ སྙིང་རྗེའི་ཤུགས་ལྡན་འགྲོ་ཁམས་ཁྱབ༵་པར་འཇུག༵༔ སྲིད་ཞིར་མི་གནས་ཤེས༵་རབ༵་ཕ༵་རོལ༵་ཕྱིན༵༔ མ་རྒྱུད་མཁའ་འགྲོའི་དབང་པོར་མངའ་གསོལ་ལོ༔ དཔག་ཡས་ནམ་མཁའི་ཁྱོན་ལ་དབང་བསྒྱུར་ཞིང་༔ སྲིད་གསུམ་སྐྱེ་འགྲོ་ཀུན་གྱི་སྲོག་ལ་དབང་༔ སྣང་སྲིད་གཡོ་འཁྲུགས་ནུས་པའི་རྩལ་ཤུགས་ལྡན༔ སྟོབ༵ས་ཀྱི༵་ཕ༵་རོལ༵་ཕྱིན༵་པར་མངའ་གསོལ་ལོ༔ ཕྱོགས་མེད་བསྟན་པ་བསྲུང་བར་རང་དན་བཅས༔ རིག་འཛིན་རྣལ་འབྱོར་ཡོངས་ཀྱི་མགོན་གཅིག་པུ༔ གཙུག་ལག་ཆོས་འཁོར་གཉན་པོ་སྐྱོབས་པའི་གདུགས༔ སྨོན༵་ལམ༵་ཕ༵་རོ༵ལ་ཕྱིན༵་པ༵ར་མངའ་གསོལ་ལོ༔ ཀུན་སྦྱོར་གསུམ་སྤངས་རང་ཤ་སྟེར་ལ་གུས༔ ཀུན་རྫོབ་ཡོན་ཏན་ནམ་མཁའ་མཛོད་དབང་བསྒྱུར༔འགྲོ་ཀུན་ཡིད་བཞིན་རེ་སྐོང་ཡོངས་འདུས་ལྗོན༔ སྦྱིན༵་པ༵འི་ཕ༵་རོལ༵་ཕྱིན༵་པར༵་མངའ་གསོལ་ལོ༔ ཉེས་སྤྱོད་མི་དགེའི་མཚན་མས་མ་གོས་ཤིང་༔ དགེ་ལེགས་ཡོན་ཏན་རྒྱ་མཚོའི་ཁུར་ཆེན་བཟོད༔ མཐའ་ཡས་འགྲོ་ཕན་རྩོལ་མེད་ལྷུར་ལེན་པའི༔ ཚུལ༵་ཁྲིམ༵ས་ཕ༵་རོལ༵་ཕྱིན༵་པར༵་མངའ་གསོལ་ལོ༔ ཐུགས་དབྱིངས་མཉམ་ཉིད་བཏང་སྙོམས་ཆེན་པོ་ལ༔ ཉོན་མོངས་དུག་ལྔའི་རྟོག་པ་ཀ་ནས་དག༔ འབྲས་བུ་ཡོན་ཏན་མཚན་དཔེའི་གཟི་འོད་འབར༔ བཟོ༵ད་པ༵འི་ཕ༵་རོལ༵་ཕྱིན༵་པར༵་མངའ་གསོལ་ལོ༔ རང་དོན་གྲངས་མེད་གསུམ་གྱི་ཚོགས་གཉིས་བརྩོན༔ གཞན་དོན་སྲིད་པ་ཇི་སྲིད་གོ་ཆ་བགོས༔ རིང་དུ་ལྟ་བ་དང་འབྲེལ་ཡོངས་སུ་ཟད༔ བརྩོ༵ན་འགྲུས༵་ཕ༵་རོལ༵་ཕྱིན༵་པར༵་མངའ་གསོལ་ལོ༔ ཞིབ་མོར་རྟོགས་མཁས་སྙོམས་འཇུག་རང་དབང་ཐོབ༔ བསྒྲངས་ཡས་ཏིང་འཇིན་གཏེར་ཁུང་རྡོལ་བ་ཡིས༔ ཕྱི་ནང་བདུད་ཚོགས་མཐའ་དག་འཇོམས་མཛད་པ༔ བས༵མ་གཏ༵ན་ཕ༵་རོལ༵་ཕྱིན༵་པར༵་མང༵འ་གསོ༵ལ་ལོ༵༔ ཐུགས་ཀྱི་གསུང་མཆོག་སྣང་བ་མཐའ་ཡས་ཉིད༔ མེ་གཟའ་དམར་བོར་བཞེངས་ནས་ལས་ཅན་ཀུན༔ གོས་དཀར་མོ་ཡི་ཀློང་དུ་རྒྱས་འདེབས་པའི༔ སོ༵ར་རྟོག༵ས་ཡེ༵་ཤེས༵་ཧེ་རུར་མངའ་གསོལ་ལོ༔ ཐུགས་ཀྱི་སྐུ་མཆོག་རྡོ་རྗེ་སེམས་དཔའ་ཆེ༔ ཆུ་གཟའ་དཀར་པོར་བཞེངས་ནས་ལས་ཅན་ཀུན༔ མ་མ་ཀི་ཡི་ཀློང་དུ་རྒྱས་འདེབས་པའི༔ མེ༵་ལོང༵་ཡེ༵་ཤེས༵་ཧེ་རུར་མངའ་གསོལ་ལོ༔ ཐུགས་ཀྱི་ཡོན་ཏན་རིན་ཆེན་འབྱུང་ལྡན་ཉིད༔ ས་གཟའ་སེར་པོར་བཞེངས་ནས་ལས་ཅན་ཀུན༔ སངས་རྒྱས་སྤྱན་མའི་ཀློང་དུ་རྒྱས་འདེབས་པའི༔ མཉམ༵་ཉིད༵་ཡེ༵་ཤེས༵་ཧེ་རུར་མངའ་གསོལ་ལོ༔ ཐུགས་ཀྱི་ཕྲིན་ལས་དོན་ཡོད་གྲུབ་པ་ནི༔ རླུང་གཟའ་ལྗང་གུར་བཞེངས་ནས་ལས་ཅན་ཀུན༔ དམ་ཚིག་སྒྲོན་མའི་ཀློང་དུ་རྒྱས་འདེབས་པའི༔ བྱ༵་གྲུབ༵་ཡེ༵་ཤེས༵་ཧེ་རུར་མངའ་གསོལ་ལོ༔ ཐུགས་ཀྱི་ཐུགས་མཆོག་རྒྱལ་བ་ཀུན་ཏུ་བཟང་༔ མཁའ་གཟའ་མཐིང་དཀར་བཞེངས་ནས་ལས་ཅན་ཀུན༔ ཀུན་ཏུ་བཟང་མོའི་ཀློང་དུ་རྒྱས་འདེབས་པའི༔ ཆོས༵་དབྱིངས༵་ཡེ༵་ཤེས༵་ཧེ་རུར་མངའ་གསོལ་ལོ༔ མ་དག་ཉོན་མོངས་དུག་ལྔའི་དགྲ་གདོན་བགེགས༔ ཕྲིན་ལས་དྲག་པོའི་སྒྲོལ་མཛད་ཁྲོས་པའི་སྐུར༔ ཤར་གྲོལ་དབྱིངས་ཀྱི་ངོ་བོར་ཡེ་སངས་རྒྱས༔ དྲང་སྲོང་ཡེ་ཤེས་མགོན་པོའི་དབུ་འཕང་བསྟོད༔ དེ་ལྟར་དབུ་འཕང་བསྟོད་པའི་མཐུ་བྱིན་གྱིས༔ གནས་སྐབས་ཡིད་སྲུབ་སྡེར་བཅས་ཚར་ཆོད་པའི༔ དྲག་པོ་མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔ སངས་རྒྱས་བསྟན་པའི་ལྕགས་རིར་ཡོངས་འཁོར་ནས༔ མཐར་ཐུག་དྲང་སྲོང་གོ་སར་སྙོགས་པར་ཤོག༔ ཅེས་པ་འདི་སུས་ཀྱང་སྔོན་ཚེ་གོང་བསྟན་གྱི་་སངས་རྒྱས་འདི་དག་དང་༔ དུས་ཕྱིས་སུ་སངས་རྒྱས་རིན་ཆེན་མང་གི་སྤྱན་སྔར་གདུལ་བྱ་ལམ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་དུ་ཐུགས་བསྐྱེད་ནས༔ བསྟན་པའི་དགེ་འདུན་བྱང་ཆུབ་སེམས་དཔའ་ཆེན་པོར་བཞུགས་ཚུལ་དང་༔ ཡང་འགལ་བྱེད་ཆམ་ལ་འབེབས་མཛད་དྲག་པོའི་ཆོ་རོལ་གྱིས་བསྟན་པ་བསྲུང་བའི་ཐུགས་དམ་ཀློང་དུ་མ་གྱུར་བཞིན་དུ༔ གཟའ་བཏོན་ན་འཁུ་ལྡོག་ཆེ༔ གོལ་འགྲོ་ཟེར་བ་ལ་སོགས་པའི་ཚུལ་མ་མཐོང་བའི་གསལ་སྒྲོན༔ ལོག་རྟོག་གི་གཉེན་པོ༔ ཡེ་ཤེས་གཟའ་རྒོད་ཀྱི་ཡོན་ཏན་ལ་ངེས་ཤེས་ཆེན་པོའི་སྒོ་ནས་བསྟོད་པའོ༔ ཡང་ཡེ་ཤེས་པ་ལས་འཇིག་རྟེན་མྱུར་ཞེ་ན་དེ་ནི་སྨྲེ་ངན་ཤོར་བ་ཡིན་གྱི༔ གཞན་དུ་ཆགས་ཐོགས་མེད་པའི་ཡེ་ཤེས་ཀྱི་གཟིགས་པ་མངའ་ཞིང་༔སྟོབས་བཅུའི་སྟོབས་དང་ལྡན་པ་ཞིག་ལས༔ མི་ཤེས་པའི་རྒྱུ་ཡོད་ཅིང་༔ ལས་ཉོན་གྱི་གཞན་དབང་དུ་སོང་བ་དང་༔ སྟོབས་ཉི་ཚེ་བ་ཞིག་གི་མྱུར་ན་གད་མོའི་གནས་སུ་ཆེ་བ་དེ་ལས་གཞན་སུ་ཡོད་ཧོ་ཧོ༔ དེས་ནི་སྲིད་ཞི་ཀུན་ཁྱབ་ཀྱི་སྤྱི་གཟུགས་འདིའི་ཡོན་ཏན་སྲུང་མ་གཞན་གྱིས་འགྲན་ཟླ་མེད་པའི་དབང་གིས་རྒྱལ་པོ་ཆེ་ཧོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ཅེས་པ་འདི་ཡང་ཟླ་བ་ཞེས་བྱའི་བསྐུལ་བ་དོན་ཡོད་པའི་སླད་དུ། རང་བཞིན་རྫོགས་པ་ཆེན་པོའི་དོན་གྱི་ཉམས་མྱོང་གིས་དབུལ་ནའང་ཚིག་ཙམ་ཡང་རྣལ་འབྱོར་དུ་བྱེད་པར་སྤྲོ་བ་འཕེལ་ཞིང་། རིག་འཛིན་བརྒྱུད་པའི་ཞལ་ལུང་ལས། སྤྱིར་འཁོར་འདས་ཆོས་སྐུར་གོ་བ་དང་། ཁྱད་པར་དྲང་སྲོང་ཆེན་པོ་ཡེ་ཤེས་པར་རྟོགས་པའི་ངེས་བརྗོད་དུ་ག་གཱ་ཨ་བྷྱེ་ཞེས་བྱའི་བཀོད་པ་ཐོག་མཐའ་བར་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །སརྦ་མངྒ་ལཾ།།


previousགཟའ་ཡི་མངའ་གསོལ་བཀྲ་ཤིས་དཔལ་ཕྲེང་།next