Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲང་སྲོང་ཆེན་པོའི་རྗེས་གནང།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདྲང་སྲོང་ཆེན་པོའི་རྗེས་གནང།next

དྲང་སྲོང་ཆེན་པོའི་རྗེས་གནང།

དྲང་སྲོང་ཆེན་པོའི་རྗེས་གནང་བཞུགས་སོ༔

གྲུབ་ཐོབ་ཆེན་པོའི་དགོངས་བཅུད་ཀྱི༔ རྗེས་སུ་གནང་བ་འདི་ན་གསལ༔ གོང་ནོན་ཕྱག་རྡོར་འབར་བ་དང་༔གཟའ་བདུད་བཀའ་སྡོད་བཅས་པ་ཡི༔ གཏོར་མ་གྲུ་གསུམ་དབུས་བཞུགས་པའི༔ གཡས་སུ་གཅུས་པ་བརྒྱད་བསྐོར་ཏེ༔ གཞུང་བཞིན་བསྒྲུབ་མཆོད་བྱས་པའི་མཐར༔ བྱིན་རླབས་རིམ་པ་འདི་ལྟ་སྟེ༔ ཀྱཻ༔ བླ་མ་རྡོ་རྗེ་འཛིན་པ་ནི༔ དཀོན་མཆོག་ཀུན་དབང་དགོངས་སུ་གསོལ༔ ཕྲིན་ལས་དྲེགས་པའི་སྲོག་གི་དབང་༔ གཙོ་བོའི་བདག་ལ་བཀའ་དྲིན་སྩོལ༔ ཞེས་གསོལ་ལན་གྱིས་དབུགས་དབྱུང་བ༔ ཧོ༔ ཆེ་མཆོག་ཕྱག་རྡོར་སྤྲུལ་པའི་སྐུ༔ དྲང་སྲོང་གཟའ་བདུད་རཱ་ཧུ་ལ༔ ཉོན་མོངས་གཞིར་གྲོལ་དག་པའི་སྐུ༔ ཁྱོད་ལ་ལེའུའི་ལྷ་རུ་སྦྱིན༔ དེ་ནས་སློབ་མ་སྐད་ཅིག་གིས་དཔལ་ཕྱག་ན་རྡོ་རྗེར་གསལ་ནས་ཡེ་ཤེས་པ་དབབས་ཤིང་བརྟན་པར་བྱས་ལ༔ གཏོར་མ་ཡི་དམ་ཆོས་སྐྱོང་ཀུན་འདུས་སུ་གསལ་བ་སྤྱི་བོ་སོགས་གནས་གསུམ་དང་༔ ཡན་ལག་ལྔར་གཏུག་ནས༔ ཧཱུྃ༔ སྔོན་ཚེ་འོག་མིན་གསང་ཆེན་རོལ༔ ཡང་དག་དོན་གྱི་དཀྱིལ་འཁོར་དུ༔ དཔལ་ཆེན་ཆེ་མཆོག་ཞི་ཁྲོའི་ལྷ༔ སྐུ་གསུམ་བསྟན་པའི་དགོངས་ཀློང་ཅན༔ ངོ་བོ་ཉིད་ཀྱི་ཆོས་ཉིད་ལས༔ ངོ་བོ་ཉིད་ཀྱི་རང་སྒྲ་སྙན༔ སྟོན་གནས་སྡུད་འཁོར་དབྱེར་མེད་པ༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས༔ བརྗོད་པ་ཚིག་གི་བཀའ་གསང་འཛིན༔ བསྟན་པ་བཙས་ཀྱི་གཉེར་བསྲུང་བ༔ སླར་ཡང་གཟའ་བདུད་རྒྱལ་པོར་སྤྲུལ༔ རྟོགས་ན་མཉམ་ཉིད་ཡེ་ཤེས་ཏེ༔ མ་རྟོགས་ང་རྒྱལ་ཉོན་མོངས་ཡིད༔ གཞི་ལམ་འབྲས་བུ་འབྲེལ་བ་ཡིས༔ དཀྱིལ་འཁོར་ཆེན་པོ་ཡངས་བ་ཡིན༔ གཏོར་མ་ཡེ་ཤེས་ཕུང་པོར་འབར༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ སྐུ་ཡི་དབང་མཆོག་སྤྱི་བོར་ཐོབ༔ ལུས་ཀྱི་ནད་གདོན་བར་ཆད་སེལ༔ གྲིབ་བཞིན་སྲུང་མ་མི་འབྲལ་ཤོག༔ དགྲ་བགེགས་ཚར་ཆོད་ཕྲིན་ལས་དབང་༔ གསུང་གི་དབང་མཆོག་མགྲིན་པར་བསྐུར༔ ངག་གི་ནད་གདོན་བར་ཆད་སེལ༔ བདེན་སྨོན་དམོད་པ་གྲུབ་པར་མཛོད༔ སངས་རྒྱས་བསྟན་པའི་ར་བར་གྱུར༔ ཐུགས་ཀྱི་དབང་མཆོག་ཡིད་ལ་བསྐུར༔ སེམས་ཀྱི་སྡུག་བསྔལ་བར་ཆད་སེལ༔ འདོད་དོན་བཀྲ་ཤིས་ཆོས་བཞིན་འགྲུབ༔ ཡིད་བཞིན་དཔལ་འབྱོར་དབང་ཐོབ་ཤོག༔ ཕྲིན་ལས་དབང་ནི་ཡན་ལག་བསྐུར༔ དོན་ཉམས་སྡུག་བསྔལ་བར་ཆད་སེལ༔ ཞི་རྒྱས་དབང་དང་མངོན་སྤྱོད་པའི༔ རབ་འབྱམས་ལས་ཀུན་འགྲུབ་པར་ཤོག༔ རྗེས་གནང་བདེན་དཔང་འདི་ཡི་མཐུས༔ དེང་ནས་ཁྱེད་གཉིས་མཆེད་སྡེར་གྱུར༔ ཕན་ཚུན་དངོས་གྲུབ་ཀུན་སྩལ་ཏེ༔ སྤྱོད་འདྲེས་ལས་ཀུན་བཀོལ་མཉན་བཏུབ༔ མཁུ་ལྡོག་གདུག་རྩུབ་མི་བྱེད་པར༔ རིན་ཆེན་སྙིང་པོ་བཀའ་མ་བཅག༔ གྲུབ་ཐོབ་ཆེན་པོའི་ཚིག་མ་འདའ༔ ལྷ་མི་ཁྱེད་གཉིས་སྲོག་གཅིག་ཏུ༔ དབང་ཕྱུག་ང་ཡིས་བྱས་པ་ཡིན༔ འདས་ན་རང་ཕུང་དམྱལ་བར་བསྲེགས༔ དེ་ནས་མནའ་སྦྲེལ་བ་ནི༔ མནའ་ཆུ་གཏོར་མ་ལ་བྲན༔ སློབ་བུ་ལ་བླུད་ནས༔ ཧོ༔ རྡོ་རྗེའི་ཁྲོ་ཆུ་ཁོལ་མ་འདི༔ དཔལ་ཆེན་ཧེ་རུའི་ངོ་བོ་ཉིད༔ ཁྱེད་གཉིས་ལྕེ་ལ་བཞག་པ་ཡིས༔ བབས་པ་ཙིཏྟའི་དཀྱིལ་དུ་ཐིམ༔ བསྲུང་ན་མི་འཇིགས་ཡེ་ཤེས་སེམས༔ ཉམས་ན་ཡཀྵ་གནོད་སྦྱིན་ཁྲོ༔ སྙིང་ཁྲག་འཐུང་ནས་བརླག་པར་ཤོག༔ རང་དན་གཉན་པོའི་བྲོ་ཡང་བོར༔ ས་མ་ཡ་ན་ར་ཀན༔ ཞེས་མཐར༔ ཧཱུྃ༔ ཡེ་ཤེས་འབར་བའི་རྡོ་རྗེ་འདི༔ བཀའ་རྟགས་སྤྱི་བོའི་དཀྱིལ་དུ་བཀོད༔ གང་གིས་མནའ་ཟོས་དམ་དྲལ་ན༔ ཀླད་ཁྲག་ཞོ་ལྟར་དཀྲུགས་པ་དང་༔ གལ་ཏེ་ཚུལ་བསྲུང་བྱམས་འགྲོགས་བསྐྱངས༔ རིགས་ཀྱི་བདག་པོར་བཞུགས་པ་ཡང་༔ དཔལ་ཆེན་གསང་བའི་རྒྱལ་པོར་གྱུར༔ ཕྱག་རྒྱ་ཆེན་པོའི་སྙིང་པོ་ཡི༔ ས་ལ་མྱུར་བརྟན་བྱིན་རློབས་ཤོག༔ ཅེས་མནའ་བསྒྲིལ་ལ༔ གཟའ་དངོས་གྲུབ་དུ་སྩལ་བར་མོས་ནས༔ ཧཱུྃ༔ ཆུ་སྲིན་ཕྱག་རྒྱའི་སྲིད་པ་སྟོང་རྒྱས་འདེབས༔ ཐུགས་རྗེའི་ཞགས་པས་ཁམས་གསུམ་མགོན་མེད་འཛིན༔ སྒྲོལ་སྦྱོར་མདའ་གཞུའི་རིག་མཆོག་སྐུ་ལ་བསྟིམ༔ དངོས་གྲུབ་དམ་ཚིག་སྐལ་ལྡན་ཁྱོད་ལ་སྦྱིན༔ ཨོཾ་རཱ་ཧུ་ལ་ཙིཏྟ་མུ་དྲ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་ཡོན་ཏན་རྒྱན་ཆའི་དབང་༔ཧཱུྃ༔ དྲག་ཤུལ་སྟོབས་མཚོན་དུར་ཁྲོད་རོལ་བའི་ཆས༔ སྤྱན་ལྔ་རྣམ་དག་མཚོན་པའི་རིན་ཆེན་རྒྱན༔ དུས་གསུམ་རྒྱུན་ཆད་མེད་པའི་ཐུགས་རྗེའི་རྟགས༔ སྐལ་ལྡན་ཁྱོད་དབང་དེ་འདྲ་ཐོབ་ཕྱིར་འབུལ༔ ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ༔ གཟའ་མཆོག་སྐུ་གཏད་ལ༔ ཧཱུྃ་རཱ༔ ཐབས་ཀྱི་ཕ་རོལ་ཕྱིན་པ་རཱ་ཧུ་ལ༔ སྟོབས་ཀྱི་ཕ་རོལ་ཕྱིན་པ་རཱ་ཧུ་ལ༔ སྨོན་ལམ་ཡེ་ཤེས་རྒྱ་མཚོ་རཱ་ཧུ་ལ༔ སངས་རྒྱས་བྱང་ཆུབ་ཚུལ་བཞུགས་རཱ་ཧུ་ལ༔ དངོས་ནས་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ གདུག་ཅན་དྲེགས་པ་མ་ལུས་བྲན་དུ་བཀོལ༔ ཁམས་གསུམ་དབྱིངས་སྒྲོལ་དྲག་པོ་མཐུ་ལ་དབང་༔ དེང་ནས་བཅོས་སྡུག་གཟའ་གདོན་ལྷུར་བླངས་དང་༔ བྱད་བྱས་གཉེན་སྦྲེལ་མཐུན་འཇུག་གང་བྱས་ཀྱང་༔ ཁྲོ་འཁྲུགས་འཁུ་ལྡོག་གཡེལ་དང་འགྱང་མ་མཛད༔ ཕ་ཡི་རྒྱལ་ཐབས་བུ་ལ་དབང་བསྐུར་ལྟར༔ ཆོས་སྐྱོང་ཁྱོད་ཀྱིས་འདི་ལ་དངོས་གྲུབ་སྩོལ༔ དབང་མཆོག་བསྐུར་ཅིག་བཅོམ་ལྡན་རཱ་ཧུ་ལ༔ ཞེས་བརྗོད་ནས་སྐུ་གཏད་པས༔ རཱ་ཧུ་ལ་དཀར་པོ་ཞལ་གཅིག་ཕྱག་གཉིས་དྲང་སྲོང་གི་ཆ་བྱད་ཅན་ཞིག་དུ་གྱུར་ནས་བསྲུང་བར་བསམ་ལ༔ ཕྲག་གཡས་ཕྱོགས་ཀྱི་སྐི་ལ་བཏགས་བའི་མཐར༔ རྣལ་འབྱོར་བས་གཟའ་བསྒྲུབ་པར་ཁས་ལོངས་ཤིག༔ གཙོ་བོའི་ཇི་ལྟར༴ བཀྲ་ཤིས་སོགས་བརྗོད༔ ཅེས་ཀྱང་གཟའ་གནོད་ཅན་སྤྱི་ལ་ཕན་ཕྱིར་སྲིད་གསུམ་སྲོག་གི་བདག་པོ་ལ་སྔགས་མིང་ག་གཱ་ཨ་བྷྱེས་གསོལ་བ་བཏབ་པ་ལས་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པའི་རྒྱུར་གྱུར་ཅིག །འབར་རེའི་སྨན་རྒྱལ་ཆེན་པོའི་གསུང་བསྐུལ་ངོར། ཡི་གེའི་རིས་སུ་ཕབ་པ་གཅིག་བརྒྱུད་པའོ། །དགེའོ། །


previousདྲང་སྲོང་ཆེན་པོའི་རྗེས་གནང།next