Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནོད་སྦྱིན་ཤན་པ་ཆེན་པོའི་དབང་བསྡུས་ཕྲིན་ལས་གཏེར་ཆེན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནོད་སྦྱིན་ཤན་པ་ཆེན་པོའི་དབང་བསྡུས་ཕྲིན་ལས་གཏེར་ཆེན།next

གནོད་སྦྱིན་ཤན་པ་ཆེན་པོའི་དབང་བསྡུས་ཕྲིན་ལས་གཏེར་ཆེན།

གནོད་སྦྱིན་ཤན་པ་ཆེན་པོའི་དབང་བསྡུས་ཕྲིན་ལས་གཏེར་ཆེན་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །གནོད་སྦྱིན་སྲོག་ལ་དབང་འདོད་པས༔ ཐོག་མར་གཏོར་ལ་བླ་རྡོ་སོགས༔ དེ་བཞིན་དམ་ཆུ་སྐུ་ཕྱག་མཚན༔ རལ་གྲི་སྙིང་ཞགས་ལྕགས་ཀྱུ་དང་༔ དགྲ་སྙིང་གྲི་ཐོད་མེ་ཁྱུང་བཅས༔ བླ་རྡོ་མེད་ན་ཀྵ་ཧྲཱིཿདང་༔ བྷྱོ་དམར་བྲིས་པ་རྣམས་བཤམས་ལ༔ བགེགས་བསྐྲད་བསྲུང་བའི་འཁོར་ལོ་བསྒོམ༔ དེ་ནས་འཇུག་རིམ་འདི་ལྟར་རོ༔ ཀྱཻ༔བླ་མ་རྡོ་རྗེ་འཛིན་པ་དགོངས༔ བདག་ནི་རྣལ་འབྱོར་བསྒྲུབ་པ་པོའི༔ ཕྲིན་ལས་རྣམ་བཞི་བསྒྲུབ་པ་ཡི༔མཆོག་གི་དངོས་གྲུབ་ཐོབ་པའི་སླད༔ གནོད་སྦྱིན་ཤན་པ་དམར་ནག་གི༔ སྲོག་ལ་དེང་ནས་དབང་ཐོབ་ནས༔ སྒྲུབ་དང་གསོལ་མཆོད་བྱས་པ་ན༔ འགྲུབ་པའི་དབང་བྱིན་ནུས་པ་ཡི༔ ཡོན་ཏན་གཏེར་ཆེན་གྱི་འབྱོར་བ༔ སྙིང་རྗེའི་བདག་ལ་སྩལ་དུ་གསོལ༔ ཞེས་བརྗོད་པས་བླ་མས༔ ཀྱཻ༔ དམ་ལྡན་སློབ་མ་ཚུར་གསོན་དང་༔གནོད་སྦྱིན་སྲོག་ལ་དབང་ཐོབ་ནས༔བསྒྲུབ་བརྟེན་བསྐང་མཆོད་ཁྱོད་ཀྱིས་དགོས༔ ཕྲིན་ལས་གཉན་པོ་བསྲུང་མས་བསྒྲུབ༔ གལ་ཏེ་བསྐང་མཆོད་ལས་རལ་ཞིང་༔དམ་ཚིག་གཉན་པོ་མ་བསྲུང་ན༔ འདི་ནི་ཆོས་ཀྱི་སྐྱོང་མ་ཡིན༔ དེ་ཕྱིར་ཆད་པ་གཏོང་བར་ངེས༔ ཁྱད་པར་དུ་ཡང་གསང་སྔགས་ལ༔ ལེགས་པར་གནས་ནས་བླ་ན་མེད༔ མ་བསྒོམ་པ་ལ་ཞུད་གཡེལ་རལ༔ དེ་བས་ཁེ་ཉེན་ངེས་པས་སླད༔ བསམ་ལས་ཟློག་པ་དེ་དགའ་འམ༔ ལེགས་པར་བརྟགས་མཛོད་སྐལ་ལྡན་པ༔ དེ་ནས་སློབ་མས༔ ཀྱཻ༔ ཇི་ལྟར་བཀའ་ནི་སྩལ་བ་ལྟར༔ བདག་ནི་ཐ་ཚིག་ལས་མི་འགོང་༔ སྲོག་ལ་དབང་ཞིང་ཕྲིན་ལས་རྣམས༔ འགྲུབ་པའི་ཐབས་ཆེན་ཁྱེད་ཀྱིས་སྩོལ༔ དེ་ནས་བླ་མས༔ འོ་ན་དབང་མཆོག་ངས་བསྐུར་གྱི༔ དམ་ཚིག་ཆུ་འདི་བཏུང་ནུས་སམ༔ ནུས་ན་ཡང་ན་ཕྲིན་ལས་བསྒྲུབ༔ ཡང་ན་སྲོག་གི་ཤན་པར་ལྡང་༔ སློབ་མས༔ ངས་ནི་དམ་ཚིག་བསྲུང་བར་ནུས༔ ཉིན་རེར་བླ་མ་བརྗེད་མི་བྱ༔ བསྲུང་མ་གཉན་པོ་བསྒྲུབ་པ་ལ༔ ཐེ་ཚོམ་མ་མཆིས་དགོངས་པ་མཛོད༔ བླ་མས༔ ཨ་སྭ་བྷ༴ མ་ཧཱ་ཤུ་ནྱ་ཏ་སོགས་དམ་ཚིག་པ་བསྐྱེད་ལ༔ ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་སྟེ༔ ཀྱཻ༔ གནོད་སྦྱིན་ཆེན་པོ་བདག་ལ་དགོངས༔ བདག་གི་སློབ་མ་དམ་ཚིག་ཅན༔ འདི་ཡིས་དམ་བསྲུང་ཆོས་འགལ་སྤངས༔ རྟག་ཏུ་ཁྱོད་བསྒྲུབ་དམ་བཅའ་ཞིང་༔ རྡོ་རྗེའི་དམ་ཆུ་བཏུང་ནུས་པས༔ ཁྱོད་དང་སྲོག་སྦྲེལ་བདག་གིས་འཚལ༔ དེ་ལ་གནང་བ་མཛད་དུ་གསོལ༔ ཞེས་ཞུས་པས་གནོད་སྤྱིན་འཁོར་བཅས་ཀྱིས༔ ལྷན་དུ་འདི་སྐད་སྨྲས་པར་བསམ༔ ཀྱཻ༔ འཁོར་ལོའི་དབང་ལྡན་བླ་མ་དགོངས༔ དེང་དུས་ཆོས་ལྡན་འགའ་མེད་པས༔ གལ་ཏེ་དེ་ལྟར་མཆིས་ལགས་ན༔ ངས་ནི་སྔ་ནས་སེམས་རབ་བསྐྱེད༔ པདྨ་འབྱུང་གནས་དམ་ཚིག་བླང་༔ དེ་ཕྱིར་ཕྲིན་ལས་ལོས་ཀྱང་བསྒྲུབས༔ མནའ་ཐོ་ཟབ་མོ་བྱེད་དགོས་པས༔ གཞན་དུ་རང་གི་ལས་ལ་ངལ༔ སྲོག་ལ་ཡང་ནི་ཕངས་སེམས་སྐྱེ༔ དེ་ཕྱིར་དབང་ཕྱུག་བརྩེ་བས་དགོངས༔ ཞེས་བརྗོད༔ དེ་ནས་བླ་མས༔ ཀྱཻ༔ སློབ་མ་ལྷ་དང་བཅས་པ་དགོངས༔ ངས་ནི་རྡོ་རྗེ་མཆོག་གསང་གྲུབ༔ ཁྱེད་གཉིས་ང་ལ་བསླུ་མ་བྱེད༔ གལ་ཏེ་བསླུ་ཞིང་བརྙེས་བྱས་ན༔ ཆད་ལས་གཉན་པོ་དམ་ཆུའི་གཅོད༔ དེ་ཕྱིར་མཉམ་དུ་འདི་འཐུང་ཞིག༔ ལྷ་འདྲེ་ཚིག་གཅིག་ཡིན་ན་ཡང་༔ རྣལ་འབྱོར་མི་ལས་དུ་མ་མངོན༔ དེ་སླད་དེང་ཡང་ཞིབ་ཏུ་གཞིག༔ བསྟན་བསྲུང་དམ་པས་གནང་ནའང་༔ ངས་ཀྱང་ཕོ་ཉའི་སྲོག་སྙིང་འདི༔ འཆལ་བོར་སྟེར་བ་ཕངས་བར་འདུག༔ དེ་སླད་དམ་ཚིག་ཆུ་འཐུང་ཤིག༔ ད་དུང་ཡང་ནི་ལྡོག་པ་དྲག༔ ཞེས་བརྗོད༔ ཅི་ནས་ཀྱང་ནི་དམ་ཆུ་འཐུང་༔ བསླུས་ན་ཆད་པ་ཡོད་པར་ཤོག༔ བསྲུང་བཞིན་ཕྲིན་ལས་མ་བསྒྲུབ་ན༔ དེ་ལ་ཡང་ནི་དཔང་པོ་མཛོད༔ ཞེས་བརྗོད༔ དེ་ནས་དམ་ཆུ་ལྕེ་ལ་བཞག་ནས༔ ཀྱཻ༔ བསྲུང་མ་མི་ལ་འགོ་བ་དང་༔ དམ་བསྒྲུབ་ཆོས་ལ་བརྩོན་པ་ཡི༔ ནན་ཏན་དམ་ཆུ་འདི་ཡི་བསྐུལ༔ བསྲུང་ན་ཕན་ཚུན་དགེ་གྱུར་ཅིག༔ མ་བསྲུང་སྙིང་བསྲེགས་དུས་བསྟུང་པར༔ དཀོན་མཆོག་བདེན་པས་འགྲུབ་པར་ཤོག༔ དེ་ནས་ཕན་ཚུན་མནའ་བཞག་པར་བསམ་ལ༔ ས་མ་ཡ་ན་ར་ཀན་ཋ་ཋ༔ ཞེས་གཅོས༔ དེ་ནས་སྲོག་སྙིང་གཏད་པ་ནི༔ ཀྵ གནོད་སྦྱིན་དམར་ནག་འཁོར་བཅས་ཀྱི༔ སྲོག་གི་སྙིང་པོ་ཡི་གེའི་འཕྲེང་༔ སྐལ་ལྡན་ཁྱོད་ལ་གནད་ནས་གཏད༔ དེང་ནས་ཕྱིན་ཆད་བུ་ཁྱོད་ཀྱིས༔ བསྟན་ལ་གནོད་པའི་སྲོལ་མ་བཏོད༔ དྲེགས་པ་རྒྱབ་ཀྱིས་མ་བོར་བར༔ ཆོས་སྐྱོང་ཆེན་པོ་འཁོར་བཅས་ཀྱི༔ སྲོག་གི་དབང་ནི་ཁྱོད་ལ་ཡོད༔ གལ་ཏེ་དེ་ལྟར་བྱས་གྱུར་ན༔ ཁྱོད་སྲོག་དྲེགས་པ་འདི་ལ་གཏད༔ ཟ་སྐལ་བྱེད་དོ་མ་གཡེལ་ཅིག༔ གཞན་དུ་བསྟན་པ་སྐྱོང་བ་ན༔ ཐུགས་ཀྱིས་བརྩེར་དགོངས་དབང་ཐོབ་ཤོག༔ ཀྵ་བྷྱོ༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ དུ་ཕུ་ར་ཧྲི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གནོད་སྦྱིན་དམར་ནག་འཁོར་བཅས་ཀྱིས༔ སྐུ་ཡི་དཀྱིལ་འཁོར་མཛེས་པ་འདི༔ སྐལ་ལྡན་གྲོགས་སུ་གནད་ནས་གཏད༔ དེང་ནས་ཕྱིན་ཆད་བུ་ཁྱོད་ཀྱིས༔ བསྟན་ལ་གནོད་པའི་སྲོལ་མ་བཏོད༔ དྲེགས་པ་རྒྱབ་ཀྱིས་མ་བོར་བར༔ ཆོས་སྐྱོང་ཆེན་པོ་འཁོར་བཅས་ཀྱི༔ སྐུ་ཡི་དབང་ནི་ཁྱོད་ལ་ཡོད༔ གལ་ཏེ་དེ་ལྟར་བྱས་གྱུར་ན༔ ཁྱོད་ཀྱི་ལུས་ཀྱང་འདི་ལ་གཏད༔ ཟ་སྐལ་བྱེད་དོ་མ་གཡེལ་ཅིག༔ གཞན་དུ་བསྟན་པ་སྐྱོང་བ་ན༔ སྐུ་ཡང་བྲན་ཁོལ་དབང་ཐོབ་ཤོག༔ སྲོག་མཐར༔ ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གནོད་སྦྱིན་དམར་ནག་འཁོར་བཅས་ཀྱིས༔ བཟླས་སྔགས་འཁོར་ལོ་ཡོངས་རྫོགས་ཀྱི༔ སྐལ་ལྡན་གྲོགས་སུ་གནད་ནས་གཏད༔ དེང་ནས་ཕྱིན་ཆད་བུ་ཁྱོད་ཀྱིས༔ བསྟན་ལ་གནོད་པའི་སྲོལ་མ་བཏོད༔ དྲེགས་པ་རྒྱབ་ཀྱིས་མ་བོར་བར༔ ཆོས་སྐྱོང་ཆེན་པོ་འཁོར་བཅས་ཀྱི༔ གསུང་གི་དབང་ནི་ཁྱོད་ལ་ཡོད༔ གལ་ཏེ་དེ་ལྟར་བྱས་གྱུར་ན༔ ཁྱོད་ཀྱི་ངག་ཀྱང་འདི་ལ་གཏད༔ ཟ་སྐལ་བྱེད་དོ་མ་གཡེལ་ཅིག༔ གཞན་དུ་བསྟན་པ་སྐྱོང་བ་ན༔ གསུང་ཡང་བྲན་ཁོལ་དབང་ཐོབ་ཤོག༔ ཝཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གནོད་སྦྱིན་དམར་ནག་འཁོར་བཅས་ཀྱི༔ ཕྱག་མཚན་རྣམ་ཀུན་གཅིག་བསྡུས་པ༔ སྐལ་ལྡན་ཁྱོད་ལ་ལག་ཆར་གཏད༔ དེང་ནས་ཕྱིན་ཆད་བུ་ཁྱོད་ཀྱིས༔ བསྟན་ལ་གནོད་པའི་སྲོལ་མ་བཏོད༔ དྲེགས་པ་རྒྱབ་ཀྱིས་མ་བོར་བར༔ ཆོས་སྐྱོང་ཆེན་པོ་འཁོར་བཅས་ཀྱི༔ ཕྲིན་ལས་སྲོག་ཀྱང་ཁྱོད་ལ་དབང་༔ གལ་ཏེ་དེ་ལྟར་བྱས་གྱུར་ན༔ ཁྱོད་ཀྱི་ལས་ཀྱང་འདི་ལ་དབང་༔ ཟ་སྐལ་བྱེད་དོ་མ་གཡེལ་ཅིག༔ གཞན་དུ་བསྟན་པ་སྐྱོང་བ་ན༔ ཕྲིན་ལས་མཐར་ཕྱིན་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གནོད་སྦྱིན་དམན་ནག་འཁོར་བཅས་ཀྱི༔ ཡོན་ཏན་མཐར་ཕྱིན་གྷ་རུ་ཊ༔ སྐལ་ལྡན་ཁྱོད་ལ་གནད་ནས་གཏད༔ དེང་ནས་ཕྱིན་ཆད་བུ་ཁྱོད་ཀྱིས༔ བསྟན་ལ་གནོད་པའི་སྲོལ་མ་བཏོད༔ དྲེགས་པ་རྒྱབ་ཀྱིས་མ་བོར་བར༔ ཆོས་སྐྱོང་ཆེན་པོ་ཁོར་བཅས་ཀྱི༔ ཡོན་ཏན་སྲོག་ཀྱང་ཁྱོད་ལ་ཡོད༔ གལ་ཏེ་དེ་ལྟར་བྱས་གྱུར་ན༔ ཁྱོད་ཀྱི་དཔལ་ཡོན་འདི་ལ་གཏད༔ ཟ་སྐལ་བྱེད་དོ་མ་གཡེལ་ཅིག༔ གཞན་དུ་བསྟན་པ་སྐྱོང་བ་ནི༔ ཡོན་ཏན་ཡིད་བཞིན་དབང་ཐོབ་ཤོག༔ རྩ་སྔགས༔ གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དེ་ནས་གཏོར་མ་གཏད་ལ༔ ཧཱུྃ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ སྲོག་འདུས་སྒྲུབ་པའི་བརྟེན་གཏོར་འདི༔ སྐལ་ལྡན་ཁྱོད་ལ་གནད་ནས་གཏད༔ དེང་ནས་ཕྱིན་ཆད་བུ་ཁྱོད་ཀྱིས༔ བསྟན་ལ་གནོད་པའི་སྲོལ་མ་བཏོད༔ དྲེགས་པ་རྒྱབ་ཀྱིས་མ་བོར་བར༔ ཆོས་སྐྱོང་ཆེན་པོ་འཁོར་བཅས་ཀྱི༔ དབང་རྣམས་མ་ལུས་ཁྱོད་ལ་གཏད༔ གལ་ཏེ་དེ་ལྟར་བྱས་གྱུར་ན༔ ཁྱོད་ཀྱི་ཟས་ནོར་མི་རྒྱུད་བཅས༔ བསྲུང་མ་གཉན་པོ་འདི་ལ་གཏད༔ ཟ་སྐལ་བྱེད་དོ་མ་གཡེལ་ཅིག༔ གཞན་དུ་བསྟན་པ་སྐྱོང་བ་ན༔ དབང་མཆོག་དགོས་དགུ་ལྷུན་གྲུབ་ཤོག༔ བྷ་ལིངྟ་ཀྵ་བྷྱོཿ ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཅེས་བརྗོད་མཐར་དམ་ཚིག་ཁས་བླང་བཀྲ་ཤིས་བརྗོད༔ དེ་ཡིས་སྲོག་ལ་དབང་ཐོབ་འགྱུར༔ ས་མ་ཡཱ༔ ཅེས་ཀྱང་ཚེ་དཔལ་གྱི་ངོར་དུས་མཐའི་སྔགས་མིང་ནམ་མཁའ་འཇིགས་མེད་པས་སོ། །ཀྱཻ༔ ལྷ་ཡི་བླ་མ་ལྷ་ཡི་ལྷ་ཆེན་པོ༔ དབང་ཕྱུག་ཡོན་ཏན་བརྒྱད་དང་ལྡན་པས་མཐུས༔ འཁོར་འདས་ཁམས་ཀྱི་དཔལ་གཡང་དགེ་མཚན་ཀུན༔ སེམས་ཅན་ཡོངས་ཀྱི་ལོངས་སྤྱོད་སྐལ་བར་སྩོལ༔ འཛད་མེད་ནམ་མཁའ་མཛོད་གྱི་གཏེར་སྒོ་ཕྱེས༔ ཨོཾ་མ་ཧཱ་དཱེ་བ་ཛ༔ སརྦ་བ་སུ་སིདྡྷི་སིདྡྷི་ཕ་ལ་ཧོ༔ དཱ་བ་རཱ་ཛའི་བསྐུལ་ངོར་ག་གཱས་སོ། །


previousགནོད་སྦྱིན་ཤན་པ་ཆེན་པོའི་དབང་བསྡུས་ཕྲིན་ལས་གཏེར་ཆེན།next