Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།

1 occurrence of འཆར་སྐྱེམས་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གནོད་སྦྱིན་ཙིའུ་དམར་པོའི་འཁྲུགས་བསྐངས་ཕྱོགས་ལས་རྣམ་རྒྱལ།
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousགནོད་སྦྱིན་ཙིའུ་དམར་པོའི་འཁྲུགས་བསྐངས་ཕྱོགས་ལས་རྣམ་རྒྱལ།next

གནོད་སྦྱིན་ཙིའུ་དམར་པོའི་འཁྲུགས་བསྐངས་ཕྱོགས་ལས་རྣམ་རྒྱལ།

རྡོ་རྗེ་སེམས་དཔའི་དགོངས་ཉམས་ལས༔ གནོད་སྦྱིན་ཙིའུ་དམར་པོའི་འཁྲུགས་བསྐངས་ཕྱོགས་ལས་རྣམ་རྒྱལ་བཞུགས་སོ༔

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ བརྡ་ཡིག །སངས་རྒྱས་པདྨ་གར་གྱི་དབང་༔ གཏུམ་རྔམས་ཁྲོ་བོའི་སྐུར་བཞེངས་པ༔ གནོད་སྦྱིན་དམར་ནག་ལ་བཏུད་ནས༔ ཕྲིན་ལས་གསོལ་བ་འདི་ལྟ་སྟེ༔ ཉམས་ཆགས་འཁོན་འཁྲུགས་སྦྱོངས་པ་ནི༔ མཆོད་རྫས་མདངས་དང་མདོས་ལ་སོགས༔ ཡོ་བྱད་ཆ་མ་ཆོ་དགུ་བཤམས༔ རང་ལ་བསྔགས་ཤིང་མཐུན་པའི་ནོར༔ ཚོགས་པར་བྱས་ལ་འདི་སྐད་དུ༔ རྣལ་འབྱོར་གུས་ཤིང་གནོང་འགྱོད་ཀྱིས༔ ཕྱིན་ཆད་སྡོམ་སེམས་ཡོད་པ་གཙོ༔ ཀུན་ཏུ་སྤྱོད་པའི་སྟོབས་ལ་བཟུང་༔ ས་མ་ཡཱ༔ ན་མོ༔ དུས་གསུམ་རྒྱལ་བ་ཀུན་གྱི་གསུང་དབང་ཕྱུག༔ ཁྱབ་བདག་འོད་དཔག་མེད་མགོན་ལོངས་སྤྱོད་རྫོགས༔ ཐུགས་རྗེ་ཆེན་པོ་པདྨ་ཧྱ་ཡ་གྷྲི༔ གདུལ་ཐབས་མཁས་སུ་གནོད་སྦྱིན་སྐུར་བཞེངས་ཏེ༔ སྐྱེ་རྒྱུད་གཟུགས་ཀྱི་སྒྲོན་མ་བཀོད་པའི་ཚུལ༔ ལི་སྲས་མ་ཉེས་དྲང་སྲོང་བྱང་ཆུབ་སེམས༔ ཕན་ལན་ལོག་པར་འཇལ་བས་རྒྱུད་འཁྲུགས་ནས༔ སྨོན་ལམ་ངན་བཏབས་སྐྱེ་བ་བརྒྱུད་པའི་མཐར༔ དམུ་བཙན་བྱོས་པའི་ལྷུམས་ནས་སྒོང་སྐྱེས་སུ༔ ཚོགས་དྲུག་རང་རྩལ་འཁོར་བཅས་སྡེ་བདུན་ཤར༔ པདྨ་དབང་གི་ཧེ་རུའི་དམ་ལ་བཏགས༔ རྒྱལ་བའི་བསྟན་པ་བསྲུང་བར་དབང་ཡང་བསྐུར༔ ཨོ་རྒྱན་སློབ་དཔོན་ཆེན་པོ་པད་འབྱུང་གིས༔ རྣལ་འབྱོར་དབུ་འཕང་བསྟོད་པའི་ཐ་ཚིག་བསྒྲགས༔ རྒྱལ་དབང་རྣམ་འཕྲུལ་མངའ་རིས་པཎ་ཆེན་ལ༔ སྲོག་སྙིང་མངོན་འབུལ་ཁས་བླངས་བྲོ་རྒྱས་བཏབས༔ རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པ་དང་༔ རིག་འཛིན་བདུད་འཇོམས་དཔལ་གྱི་ཧེ་ར་ཀ༔ གྲུབ་ཐོབ་དབང་ཕྱུག་ག་གཱ་ཨ་བྷྱེ་ཡིས༔ སླར་ཡང་མདོངས་གསོལ་རང་རང་ཕྲིན་ལས་བཅོལ༔ ད་ཕྱིན་རིག་པ་མཆོག་གི་རྒྱུད་བཅས་དང་༔ སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་གནང་༔ བདག་ཀྱང་དྲེགས་པའི་དོན་ལ་ངེས་ཤེས་ཀྱིས༔ འཇིག་རྟེན་འདས་ལས་འཇིག་རྟེན་མངའ་ཐང་ཚོལ༔ འབད་མེད་དངོས་གྲུབ་ཞུ་བའི་ཡུལ་གྱུར་ལས༔ རྡོ་ཤིང་ནོར་ལ་ངལ་བ་མི་བསྐྱེད་ཀྱི༔ དེ་བཞིན་ཁྱོད་བརྟེན་དགོངས་པའི་ཀློང་ཡངས་ནས༔ ཐུགས་རྗེའི་ཉི་འོད་ཅིག་ཆར་འཆར་བར་མཛོད༔ ཁྱད་པར་སྔར་བརྟེན་དབང་དང་སྲོག་གིས་སྦྲེལ༔ རེ་ཞིག་བསྒྲུབ་ལ་བརྩོན་པའི་ཟོལ་བྱེད་ཀྱང་༔ འགྱང་གཡེལ་ཞུད་དང་འཁུ་ལྡོག་རྒྱུར་གྱུར་པའི༔ ཉེས་ལྟུང་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས༔ ཁྱོད་ནི་ཡེ་ཤེས་ཐུགས་ལ་མ་ཡིན་ཀྱང་༔ འཁོར་གྱི་དྲེགས་པ་རང་རྩལ་དགོངས་རྒྱུད་མཉམ༔ འོན་ཀྱང་མཐུ་སྟོབས་ཡལ་གམ་བཙན་པ་ཡི༔ རང་རྟགས་མཚོན་དུ་ཁྲོ་འཁྲུགས་རྔམས་པར་སྤྱོད༔སངས་རྒྱས་བསྟན་པ་སྤྱི་ཡི་ལྕགས་རི་ལ༔ འཇིག་རྟེན་འདས་པའི་བཏང་སྙོམས་བསམ་སྤྱོད་དང་༔ བརྙེས་ཐབས་སྤངས་པའི་དགོངས་གཞི་འདིར་ཡིན་པའི༔ གནོང་འགྱོད་དེང་དུ་བཞེས་པའི་ལྟ་བར་ཤེས༔ དེ་ཕྱིར་བདག་ཅག་སྔགས་འཆང་བསྒྲུབ་པ་པོ༔ རྩལ་ཆུང་རྣམས་ཀྱི་ཉེས་པ་མི་ཚོལ་བར༔ ཚད་མེད་བཞི་ལ་གྲུབ་པ་མཐར་ཕྱིན་གྱི༔ བདེན་དོན་ད་ལྟ་ཉིད་དུ་མངོན་གྱུར་མཛོད༔ ཀྱཻ༔ བདག་གི་ལྟ་བ་དམན་པའི་གཞན་དབང་གིས༔ དྲེགས་པ་གཞན་བཟུང་རང་རྒྱུད་གོལ་བ་དང་༔ ཡེ་ཤེས་ལྷ་ཡི་གྲལ་མ་ཟིན་ཞེས་འཛེར༔ ལྷ་འདྲེ་ཐ་མལ་གོལ་བ་མཐོལ་ལོ་བཤགས༔ རྡོ་རྗེ་སློབ་དཔོན་བསྒྲུབ་པའི་མཆེད་ལྕམ་ལ༔ གསང་སྔགས་བཀའ་ཡི་དམ་ཚིག་ཉམས་པ་ཡིས༔ ཆོས་སྐྱོངས་བསྲུང་མའི་ཐུགས་དང་འགལ་བ་དང་༔ འཁུ་ལྡོག་གདུག་རྩུབ་རྒྱུ་གྱུར་མཐོལ་ལོ་བཤགས༔ བསྲུང་མའི་གཟུགས་བརྙན་སངས་རྒྱས་བསྟན་དོན་དུ༔ མཛད་ན་བདེ་གཤེགས་གསུང་རབ་རྒྱ་མཚོ་ལ༔ གནོད་པའི་གཞུང་བསྲིང་དགྲར་གྱུར་ལས་ཉེས་ཏེ༔ འཁུ་ལྡོག་གདུག་རྩུབ་རྒྱུ་གྱུར་མཐོལ་ལོ་བཤགས༔ བསྟན་སེལ་གཞན་ལ་མཛའ་གཅུགས་རྒྱུད་བརྟེན་བསྐྱངས༔ བསྲུང་མ་གཉན་པོ་ཁྱད་དུ་གསོད་པ་ལ༔ བྱམས་བྱས་ལུས་ངག་ཡིད་དང་ཡོ་བྱད་འདྲེས༔ འཁུ་ལྡོག་གདུག་རྩུབ་རྒྱུ་གྱུར་མཐོལ་ལོ་བཤགས༔ སྲུང་མའི་བསྒྲུབ་བརྟེན་བསྐང་བའི་དམ་རྫས་རྣམས༔ གཞུང་བཞིན་མ་ཚོགས་མི་གཙང་ལོག་པར་སྤྱད༔ རྒྱུ་ཆུང་ཕུད་ཉམས་བརྙེས་དམོད་ཆ་ལུགས་སོང་༔ འཁུ་ལྡོག་གདུག་རྩུབ་རྒྱུ་གྱུར་མཐོལ་ལོ་བཤགས༔ བསྒྲུབ་པ་ལག་ལེན་ཚུལ་བཞིན་རྔོ་མ་ཐོཊ༔ རང་དང་འཁོན་པ་ཙམ་གྱིས་དམོད་བསྐུལ་རྦད༔ བསྟན་འཛིན་སྐྱེས་བུའི་མཛད་ཕྲིན་ལ་ཕྲག་དོག༔ འཁུ་ལྡོག་གདུག་རྩུབ་རྒྱུ་གྱུར་མཐོལ་ལོ་བཤགས༔ རིགས་མཐུན་འཁོར་གྱི་བཙན་སྡེ་སྨད་ཅིང་བརྙེས༔ དྲག་ཐབས་ལས་སྦྱོར་གནོད་པའི་རྫས་སྦྱོར་སྔགས༔ དང་བླང་རྩར་བཅིངས་གཞན་ལ་བསླབས་པ་སོགས༔ འཁུ་ལྡོག་གདུག་རྩུབ་རྒྱུ་གྱུར་མཐོལ་ལོ་བཤགས༔ བྱ་དམར་རྟ་དང་ཁྱི་དམར་དྲེའུ་ནག༔ སྐྲོད་དང་རྔོན་བཅས་བརྡེག་གཙེས་ལ་སོགས་པའི༔ མཐུན་རྫས་ཀུན་ལ་ལྡོག་པའི་ལས་སྤྱད་སྤྱོད༔ འཁུ་ལྡོག་གདུག་རྩུབ་རྒྱུ་གྱུར་མཐོལ་ལོ་བཤགས༔ མི་དགེ་བཅུ་བསྒྲུབ་དགེ་བཅུ་རྒྱང་དུ་བསྲིང་༔ མཚམས་མེད་ལྔ་སྤྱོད་མ་ཉེས་གལ་དུ་འཛུག༔ སྒྲུབ་ལ་བར་གཅོད་བསམ་སྤྱོད་ཆོས་འགལ་གྱི༔ འཁུ་ལྡོག་གདུག་རྩུབ་རྒྱུ་གྱུར་མཐོལ་ལོ་བཤགས༔ དམག་དང་ཇག་གི་ཁ་འཛིན་བྱེད་པ་དང་༔ གསོད་གཅོད་སྡིག་ལ་དགའ་བའི་བྱ་བ་བྱེད༔ བསྟན་དང་འགྲོ་བའི་བདེ་སྐྱིད་འཕྲོགས་པ་ཡིས༔ འཁུ་ལྡོག་གདུག་རྩུབ་རྒྱུར་གྱུར་མཐོལ་ལོ་བཤགས༔ དམ་པའི་གནས་ལྔ་མེད་དང་དུག་སྦྱོར་གཤོམས༔ གུས་རྟག་བརྩོན་འགྲུས་དེང་བླང་ཚོད་ཡོད་ཀྱིས༔ ལྷ་ལ་གསར་ངེས་སྤངས་ལེན་སྣ་ཚོགས་བྱས༔ འཁུ་ལྡོག་གདུག་རྩུབ་རྒྱུ་གྱུར་མཐོལ་ལོ་བཤགས༔ ཧོ༔ བདག་ནི་བག་མེད་ལས་ཉོན་གཞན་དབང་ཅན༔ ཁྱོད་མཆོག་ཐུགས་རྗེ་ཆེན་པོའི་རང་བཞིན་པས༔ ཕྱིར་ཞིང་ཉོན་མོངས་ཅན་ལ་ཐུབ་མཆོག་གི༔ རྗེས་སུ་བཟུང་བའི་ཐ་ཚིག་དེ་བདེན་ནམ༔ མ་གུས་པ་ཡང་བསོད་ནམས་དམན་སྟབས་དང་༔ གནས་ཀྱི་སྒྲིབ་པ་ཡིན་ཏེ་གཤོང་བ་མེད༔ མ་ཤེས་སྐྱེ་བོ་སྒྲིབ་པའི་གཞན་བརྟེན་གྱི༔ ཤོང་ཡངས་བསྐྱེད་དང་བྱམས་པའི་ཞིང་དུ་གཤིན༔ མ་བྱམས་བུ་ཡི་འཁྲུལ་བ་བཟོད་པ་ཡང་༔ ཚུལ་ལ་སེམས་ཀྱི་བཏང་སྙོམས་མངའ་བོ་ཁྱོད༔ བཅུ་དྲུག་གྲངས་ལྡན་སྙིང་རྗེའི་བརྒྱན་ཆ་མཛེས༔ དེ་ཕྱིར་སྒམ་པའི་ཐུགས་ཀྱིས་གཟུང་དུ་གསོལ༔ ཉེས་པ་གློ་བུར་གཞན་དབང་ལས་ལྟོས་ཀྱི༔ གདོན་ཞུགས་མི་ལ་རྒྱལ་བོའི་ཆད་པ་མེད༔ ཆང་འཐུང་འདྲ་བའི་སོ་སོའི་སྐྱེ་བོའང་༔ སྙིགས་མའི་རླུང་སྟེ་སྲོག་རྩར་འདུས་མིན་ནམ༔ དོན་དེ་དགོངས་ལ་ཆོས་སྐྱོང་བསྲུངས་མ་ཁྱོད༔ ཁྲོ་འཁྲུགས་འཁུ་ལྡོག་གདུག་རྩུབ་མ་མཛད་པར༔ དུས་གསུམ་གཡེལ་མེད་བཀའ་དྲིན་ཆེན་པོ་ཡིས༔ འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་མཐའ་དག་བསྒྲུབ༔ རབ་འབྱམས་ཞི་རྒྱས་དབང་དང་དྲག་པོའི་དབལ༔ རྣལ་འབྱོར་མཆོག་དང་ཐུན་མོང་དངོས་གྲུབ་ཀྱི༔ ཕྲིན་ལས་གང་བཅོལ་ཐོགས་པ་མེད་པ་རུ༔ ཆོས་སྐྱོངས་ཡིད་བཞིན་ནོར་བུ་ཁྱོད་ལ་རེ༔ བཀའ་དམ་ཚིག་དང་རང་བྲོ་འདའ་དཀའ་བ༔ ནམ་ཡང་ཡལ་བར་མ་དོར་ཚིག་གཅིག་བདག༔ གལ་ཏེ་ལྟ་ཞིག་དཔལ་ཆེན་རྡོ་རྗེའི་འཇིགས༔ འཇིག་རྟེན་ཡིད་བཅད་རྣལ་འབྱོར་སེམས་སུན་འབྱིན༔ མི་སྐྱོན་ལྷ་ལ་བཀལ་བའི་སྒྲོ་བསྐུར་གྱིས༔ སངས་རྒྱས་བསྟན་དང་འཛིན་བསྲུང་ཀུན་ལ་གཙེར༔ མྱུར་དུ་དམ་དགྲ་ལངས་ཤོར་ཆོས་ཁྲིམས་བཤིག༔ དེ་ཕྱིར་དཔའ་རྟགས་རུ་མཚོན་དགྲ་ལ་ཕྱོར༔ བྱམས་པས་སྒྲུབ་མཆོག་འཁོར་དང་མངའ་ཐང་བསྐྱེད༔ རྟག་ཏུ་མི་འབྲལ་བསྲུང་སྐྱོབ་མེལ་ཚེ་མཛོད༔ ཕྱོགས་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་སྩོལ༔ ཞེས་བརྗོད་མདོས་མདངས་ལ་སོགས་པས༔ བསྐང་དང་མཆོད་པ་གཞན་དུ་ཤེས༔ གནས་བརྟན་ཆེན་པོའི་བཀའ་ཕེབས་པས། །ག་གཱ་ཨ་བྷྱེས་ཤར་མར་སྤེལ།།བཀྲ་ཤིས། །

༈ བསྡུ་ན་ནི༔ ཀྱཻ༔ རོལ་བ་སྐྱ་བདུན་འཁོར་དང་བཅས༔ བདག་ཅག་མ་རིག་བག་མེད་དང་༔ མ་ཤེས་སེར་སྣ་བསྔ་བཙན་དབང་༔ ལྟ་བ་དམན་པའི་བྱེད་ལས་ཀྱི༔ རྫས་དང་ཆོ་ག་བསམ་སྤྱོད་དང་༔ དམ་ཚིག་ཉམས་ཆགས་ཐམས་ཅད་ཀྱིས༔ བསྲུང་མའི་ཐུགས་དང་འགལ་བའི་ལས༔ ཚོར་དང་མ་ཚོར་གྱུར་བ་ཀུན༔ གནོང་འགྱོད་དྲག་པོའི་མཐོལ་ལོ་བཤགས༔ དག་ཚངས་སོར་ཆུད་དགོངས་ཡངས་ཀྱིས༔ བྱམས་སྐྱོངས་བཅོལ་པའི་ཕྲིན་ལས་མཛོད༔ ཅེས་ཀྱང་ཤེས་རབ་ངོར་ག་གཱས་སོ། །


previousགནོད་སྦྱིན་ཙིའུ་དམར་པོའི་འཁྲུགས་བསྐངས་ཕྱོགས་ལས་རྣམ་རྒྱལ།next